དེ་རིང་ཉིན་རྒྱབ་ཏུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་བཀའ་དབང་དངོས་གཞི་དབུ་འཛུགས་མཛད་དེ། དད་ལྡན་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྔགས་ཀྱི་སྡོམ་པ་བཅས་བསྩལ་གནང་སྐབས། ༧གོང་ས་མཆོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྐྱོན་སྤོང་བ་དང་ཕན་བདེ་ཐོབ་པའི་ཐབས་ཤེས་ཡག་ཤོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་དགོས་པ་དེ་གལ་ཆེ་ཤོས་ཡིན་སྐོར་གསུངས་སོང་།
སྐབས་དེར་༧གོང་ས་མཆོག་ནས་དམིགས་པ་དེ་ཚོའི་གྲས་དེ་མཚམས་རེར་ཏག་ཏག་མ་བྱུང་བ་ཡིན་ནའང་ཁྱད་ཞེ་དྲགས་མེད་པ་འདྲ་པོ་རེད་དེ། བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་བ་དང་སྔགས་ཀྱི་སྡོམ་པ་སྲུང་བ། དེ་ནས་ཐམས་ཅད་ངེས་འབྱུང་སེམས་སྐྱེད་པ་དེ་ངས་གལ་ཆེ་ཤོས་མཐོང་གི་འདུག ང་ཚོས་སངས་རྒྱས་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་སོགས་ལ་སྐྱབས་སུ་མཆི་ཞེས་ག་རེ་བྱས་ནས་རྩ་ཆེན་པོ་ཆགས་པ་རེད་ཟེར་ན། བྱང་ཆུབ་ཀྱི་སེམས་སྒོམ་ནས་རྩ་ཆེན་པོ་ཆགས་པ་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་སྟེ་རྩ་ཆེན་པོ་ཆགས་པ་རེད། ཁོང་རང་ཚོའི་ཉམས་མྱོང་གི་ཐོག་ནས་ང་ཚོ་རྗེས་འཇུག་གདུལ་བྱ་རྣམས་ལའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཞེས་གསུངས་ཡོད་པ་རེད། སྐྱེས་བུ་ཕལ་བ་ཞིག་ལ་དཔེ་བཞག་ན། ཕ་མ་གཉིས་ལ་གཅེས་ནོར་གང་ཡོད་པ་དེ་སོ་སོའི་བུ་ཕྲུག་ལ་འཇོག་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་དང་ཁོང་གི་རྗེས་འབྲང་རྣམ་པས་དངོས་སུ་ཉམས་ཞིབ་གནང་སྟེ། སོ་སོའི་ཉམས་མྱོང་གི་ཐོག་ནས་སྐྱོན་སྤོང་བ་དང་ཡོན་ཏན་ཐོབ་པའི་ཐབས་ཤེས་ཡག་ཤོས་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཡིན་པ་གཟིགས་ཏེ། ང་ཚོར་དེ་གཉིས་སྒོམ་དགོས་པ་གསུངས་ཡོད་པས་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བཀའ་སློབ་གནང་སོང་།
བཀའ་དབང་གྲོལ་རྗེས་དཀྱིལ་འཁོར་མཇལ་ཁ་དབུ་འཛུགས་གནང་སོང་བ་དང་། དེ་རིང་ཉིན་དང་པོར་སྐུ་མགྲོན་དང་མཁན་པོ་སྤྲུལ་སྐུ། རྒྱ་གར་བ། སྤྱིན་བདག ལས་བྱེད། རྒས་གཅོང་། དགེ་བཤེས་དང་དགེ་བཤེས་མ། བོད་ནས་ཕེབས་མཁན། དེ་ནས་དགོང་མོའི་ཆུ་ཚོད་ ༧ ཐོག་ཕྱི་རྒྱལ་བ་རྣམས་ལ་མཇལ་ཁ་གནང་བཞིན་ཡོད་པ་དང་། སང་ཉིན་དང་གནངས་ཉིན་ཧི་མ་ལ་ཡའི་རི་རྒྱུད་པ་དང་བལ་པོ། འབྲུག་བཅས་ལ་ཡིན་པ་དང་། ཚེས་ ༡༤ ནས་ ༡༦ བར་ལག་འཁྱེར་མེད་པའི་མི་མང་ལ་མཇལ་ཁ་གནང་རྒྱུ་ཡིན་འདུག
གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།
མཁྱེན་པའི་དབང་ཕྱུག་ས་སྐྱ་པ། སྨྲ་བའི་དབང་ཕྱུག་དགེ་ལྡན་པ། རྟོགས་པའི་དབང་ཕྱུག་བཀའ་བརྒྱུད་པ། ནུས་པའི་དབང་ཕྱུག་རྙིང་མ་པ། ཞེས་ཆོས་བརྒྱུད་ཆེན་པོ་དེ་བཞི་ལ་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞི་ཞེས་དང་། རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་སྟེ། སྒྲུབ་བརྒྱུད་འཛིན་པའི་ཤིང་རྟ་ཆེ་བརྒྱད་དོ། ཞེས་དང་། སོ་སོའི་མིང་འདོགས་མང་ན་ཡང་། ངེས་དོན་ལུང་རིགས་ལ་མཁས་ཤིང་། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། དཔྱད་ན་དགོངས་པ་གཅིག་ཏུ་བབས། ཞེས་པ་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་གསུང་ཡིན་པ་༧གོང་ས་མཆོག་གིས་གསུངས། གཞན་ཡང་ས་སྐྱ་ལེགས་བཤད་དུ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། མ་བསྡུས་པར་ཡང་རང་ཉིད་འདུ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། ཞེས་པ་ཅིས་མི་བདེན།