འབར་མའི་ནང་གི་བྷི་བྷི་སི་གསར་འགོད་པ་Jonah Fisher
མཱ་ཡེན་མར་(Myanmar)རམ་འབར་མ་(Burma)གཞུང་ངོས་ནས་རཱོ་ཧིང་གཱ་ཡ་(Rohingya)གྲངས་ཉུང་མི་རིགས་ལ་མནར་གཅོད་བྱས་ཡོད་མེད་སྐོར་ལ་མཐའ་མའི་སྙན་ཐོ་ཞིག་འགོད་ཆེད་ཞིབ་འཇུག་མི་སྣ་བདམས་ཏེ་ཚོགས་ཆུང་བཙུགས་ཡོད།
འབར་མའི་གཞུང་གིས་རཱཀ་ཧི་ནཱི་(Rakhine)མངའ་སྡེའི་བྱང་ཕྱོགས་སུ་གསར་འགོད་པ་རྣམས་བཀག་འགོག་བྱས་ཡོད། དེ་ནི་ཡུལ་དེར་ཡོད་པའི་གཞུང་གི་དམག་མི་ཚོས་ས་གནས་མི་མང་དམར་གསོད་དང་བཙན་གཡེམ་བཏང་དང་གཏོང་བཞིན་པའི་གནས་ཚུལ་འགེབ་སྲུང་ཆེད་ཡིན།
ཀློག་པ་པོ་མང་ཞིག་གིས་ང་ཚོར་རཱཀ་ཧི་ནཱི་ཡི་དོན་རྐྱེན་དང་། ད་ལྟ་གནས་དེར་ཡོད་པའི་མི་མང་གིས་མྱོང་བཞིན་པའི་གནས་སྟངས་དངོས་དེ་ཤེས་འདོད་འདུག་ཅེས་སྐད་རྒྱག་གི་འདུག ང་ཚོས་འབར་མའི་ནང་ཡོད་པའི་ང་ཚོའི་འབྲེལ་མཐུད་པ་ཇོན་ཧཱ་ཕི་ཥར་(Jonah Fisher)ལ་དེའི་སྐོར་གྱི་གནས་ཚུལ་མང་ཙམ་བཤད་རོགས་ལབ་པ་ཡིན།
སྐུ་ཞབས་ཌོ་ནལ་ཊི་རུམ་ཕི་(Donald Trump)དང་། ལྕམ་ཨཱང་སེན་སོའུ་ཀེ་(Aung San Suu Kyi)གཉིས་ལ་འདྲ་བའི་ཆ་ནི་ཁྱོད་ཀྱིས་བསམ་པ་ལས་ཀྱང་མང་བ་འདུག
ཨ་རི་དང་འབར་མའི་མགོ་ཁྲིད་གཉིས་ད་ལྟ་རང་ལོ་ ༧༠ ཡིན་ཡང་། མཐོང་སྣང་ལ་རང་གི་ལོ་ཚད་ལས་ཀྱང་ཆུང་བ་ལྟ་བུར་མཐོང་བ་དང་། ཁོ་གཉིས་ཀྱི་སྐྲ་ཡི་སྐོར་ལ་གླེང་སློང་མང་པོ་ཞིག་ཡོད་པ་མ་ཟད། ཁོང་གཉིས་ཀ་གསར་འགོད་པ་ཚོར་མི་དགའ་བའང་གཅིག་མཚུངས་རེད།
གསར་འགྱུར་བརྒྱུད་ལམ་དང་སྐུ་ཞབས་ཊི་རུམ་ཕིའི་བར་དུ་འབྲེལ་ལམ་ཡག་པོ་མེད་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ལྕམ་ཨཱང་སེན་སོའུ་ཀེ་དང་གསར་འགོད་པའི་འབྲེལ་ལམ་དེའང་ཁྱོད་ཀྱི་ཚོད་དཔག་ལས་བརྒལ་ཏེ་ཁྱེད་རང་ཧང་སང་དུ་འཇུག་སྲིད།
༡༩༩༠ ལོར་ཁོ་མོ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་དམངས་གཙོ་དོན་གཉེར་བ་གཙོ་བོ་ཞིག་ཏུ་གྱུར་ཏེ། མོའི་སྙན་གྲགས་གང་སར་ཁྱབ་པ་མ་ཟད། མི་ཚང་མས་ཁོ་མོར་ “བུད་མེད་ཅིག”(The Lady)ཅེས་འབོད་བཞིན་ཡོད། ཁོ་མོ་གཞུང་དམག་གིས་ཪཱེན་གྷུན་(Rangoon)ཞེས་པའི་ས་གནས་དེར་བཟང་བཙོན་དུ་བཅུག་ཡོད་སྐབས། ཁོ་མོས་སྙིང་སྟོབས་ཆེན་པོས་དཀའ་ངལ་ལ་གདོང་ལེན་བྱས་པའི་སྒྲུང་དེ་དག་ལ་ཉན་ཆེད། གསར་འགོད་པ་ཞིག་གིས་སོ་སོའི་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར། གསང་བའི་ཐོག་ནས་བཙོན་ཁང་གི་ར་བ་བརྒལ་དེ་ཁོ་མོའི་ཁང་པའི་ནང་སྐྱོད་མྱོང་ཡོད།
ད་ནི་ལྕམ་སྐུ་ཞབས་སོའུ་ཀེ་ལ་དབང་ཆ་ཡོད་པ་དང་གནས་སྟངས་ཀྱང་སྔོན་ཆད་དང་མ་འདྲ་བ་ཞིག་ཆགས་ཡོད། ཁོ་མོས་རང་ཉིད་སྟོབས་ཤུགས་ཅན་གྱི་ལེའུ་ཞིག་བསྐྲུན་ཡོད་ལ། མི་མང་ལ་ཁས་ལེན་བྱས་པ་དེ་དག་བསྒྲུབ་ཆེད་རང་ཉིད་རྒྱལ་ཁབ་ཀྱི་ལམ་སྟོན་པ་དང་། སྲིད་འཛིན་ལས་ཀྱང་མཐོ་བ་(Above the President)ཞིག་བྱེད་རྒྱུ་ཡིན་ལབ་ཡོད་པ་ལྟར། དོན་དངོས་ཀྱི་ལག་བསྟར་བྱེད་སྟངས་དེ་མི་མང་གིས་ཞིབ་འཇུག་བྱེད་མ་ཐུབ་པ་ཞིག་ཆགས་ཡོད།
ད་ནི་ལྕམ་སྐུ་ཞབས་སོའུ་ཀེ་ཡིས་ནམ་ཡང་འབར་མའི་གསར་འགོད་པའི་བཅར་འདྲི་དང་ལེན་མི་བྱེད་པ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐུག་སྐབས་ཀྱང་ཧ་ཅང་གཟབ་གཟབ་བྱས་ཏེ། སྔོན་ཚད་ནས་འཆར་འགོད་བྱས་ཡོད་པའི་སྐད་ཆ་ཁོ་ན་མ་གཏོགས་མི་བཤད་པ་མ་ཟད། འོས་བསྡུ་རྫོགས་ཏེ་ཟླ་བ་ ༡༤ ལྷག་ཕྱིན་ཚར་ཡང་ད་བར་གསར་འགོད་པར་ཡིན་ལུགས་ཚུལ་ལྡན་གྱི་སྐད་ཆ་གཅིག་ཀྱང་བཤད་མྱོང་མེད་ལ། དུས་རྒྱུན་གྲོས་ཚོགས་ནང་དུའང་བློན་ཆེན་དེ་ཚོས་ཀྱང་དྲི་བ་འདོན་གྱི་མི་འདུག
གཏམ་ཞིག་ཁྱབ་ཡོད་པ་དེ་ནི། དྲག་དམག་གི་དབང་སྒྱུར་འོག་འཚོ་བ་འཇིགས་རུང་གི་དྲན་ཤེས་ཏེ། འབར་མའི་མུན་ནག་གི་ཉིན་མོ་ཞེས་པ་དེ་ཡིན།
རཱོ་ཧིང་གཱ་ཡ་(Rohingya)ཟེར་བ་དེ་སུ་རེད།
འབར་མའི་གཞུང་གི་ཉིན་རེ་ཚགས་ཤོག་ཅིག་ཏུ། རྒྱལ་སྤྱིའི་གསར་ལམ་ཁག་གིས་ཪཱོ་ཧིང་གཱ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་གདུང་སེམས་མཉམ་སྐྱེད་མཚོན་པའི་དངོས་ཡོད་གནས་ཚུལ་སྤེལ་བཞིན་པ་དེ་དག་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་བཀོད་འདུག
འབར་མ་རྒྱལ་ཁབ་ཏུ་རཱོ་ཧིང་གཱ་ཡའི་རིགས་ས་ཡ་གཅིག་ཙམ་གནས་ཡོད་པ་དང་། ཁོང་ཚོས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་མནར་གཅོད་མྱངས་དང་མྱོང་བཞིན་ཡོད། འདས་པའི་ཟླ་བ་གསུམ་དང་ཕྱེད་ཀའི་ནང་ཪཱཀ་ཧི་ནཱི་མངའ་སྡེའི་ནང་གནས་པའི་རཱོ་ཧིང་གཱ་ཡ་རིགས་གདུག་རྩུབ་ཅན་གྱི་འབར་མའི་གཞུང་དམག་གིས་རྩ་གཏོར་གཏོང་ཡུལ་དུ་གྱུར་ཡོད།
ས་ཆ་དེར་གནས་ཚུལ་ཅི་ཞིག་བྱུང་དང་འབྱུང་བཞིན་པའི་སྐོར། འབར་མའི་གཞུང་དང་རྒྱལ་སྤྱིའི་གསར་འགོད་པ་གཉིས་ཀས་འགྲེལ་བཤད་རྒྱག་བཞིན་ཡོད་ཀྱང་། ཁྱེད་ཀྱིས་གང་ཞིག་ལ་ཡིད་ཆེས་བྱེད་མིན་ཁྱེད་རང་གི་འདོད་པ་རེད། འོན་ཀྱང་། འབར་མའི་གཞུང་ངོས་ནས་མི་སྒེར་རམ་རང་དབང་ཐོག་ནས་གནད་དོན་དེར་ཞིབ་འཇུག་བྱེད་རྒྱུ་བཀག་སྡོམ་བྱས་ཡོད།
ཁ་ཤས་ཀྱིས་བཤད་པ་ལྟར་ན། འབར་མའི་དམག་མི་ཚོས་རཱོ་ཧིང་གཱ་ཡའི་མི་རིགས་གཙང་བཟོའམ་རིགས་རྒྱུད་རྩ་གཏོར་གཏོང་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་ཟེར། འོན་ཀྱང་། ལྕམ་སོའུ་ཀེ་དང་འབར་མའི་དམག་མི་ཚོས་ལབ་པ་ལྟར་ན། དེ་ནི་རཱོ་ཧིང་གཱ་ཡའི་དྲག་སྤྱོད་པ་ཚོས་དེ་གའི་གཞུང་གི་སྐོར་སྲུང་བར་རྒྱབ་འགལ་བྱས་སྟབས། དེ་དག་རྩ་མེད་གཏོང་ཆེད་དུ་རྒོལ་འཛིང་བྱེད་ཀྱིན་ཡོད་ཟེར།
བཅར་འདྲི་ཧ་ཅང་དཀའ་ལས་ཁག་པོ་ཆགས།
མཐའ་དོན་དེར། བདུན་ཕྲག་སྔོན་མའི་ནང་གློ་བུར་ཐོལ་རྒྱག་ལ་བྷི་བྷི་སི་གསར་ཁང་ལ་རཱཀ་ཧི་ནཱི་མངའ་སྡེ་གཞུང་གིས་དོན་རྐྱེན་འབྱུང་སའི་ས་གནས་སུ་འགྲོ་ཆོག་པའི་ཆོག་མཆན་སྤྲད་སོང་བས་ཧ་ཅང་དགའ་སྣང་ཆེན་པོ་བྱུང་། ང་ཚོ་དེ་མ་ཐག་ཏུ་གནམ་གྲུར་བསྡད་དེ་རྒྱལ་ས་སིཊ་ཊ་ཝི་(Sittwe)ལ་ཕྱིན་པ་ཡིན། དེ་ནས་གྲུ་ཆུང་ཞིག་ལ་བསྡད་དེ་བྷིང་ལ་ཌེ་ཤི་(Bangladesh)ས་མཚམས་ཀྱིི་མཱ་ཡུ་(Mayu)གཙང་པོ་བརྒལ་ཏེ་བྱང་ཕྱོགས་སུ་ཤར་སྐྱོད་བྱས། གྲུའི་ནང་ཆུ་ཚོད་བཞི་འགོར་སོང་། སྐབས་དེར་འབར་མའི་གློག་བརྙན་ཁ་ཤས་བལྟས་པ་ཡིན། དེ་རྗེས་ཆ་བྷུ་ཋི་དྷུང་(Buthidaung)ཞེས་པ་དེར་འབྱོར་སོང་། དེ་ནས་དོན་རྐྱེན་བྱུང་སའི་ས་གནས་ལ་སྐར་མ་ ༤༥ མ་གཏོགས་འགོར་གྱི་མེད།
སྟབས་མ་ལེགས་པ་ཞིག་ལ་གཞུང་གི་ལས་བྱེད་ཚོའང་ས་དེར་འདུག ང་ཚོ་ལ་སྣེ་ལེན་བྱེད་མཁན་གྱི་སྐོར་སྲུང་བ་དང་བདེ་སྲུང་ལས་བྱེད་ཚོས་ཆུ་ཚོད་ཁ་ཤས་རྗེས་ང་ཚོའི་ལམ་བཀག་སྟེ། གྲོང་བརྡལ་གྱི་ལས་ཁུངས་ཤིག་ཏུ་ཁྲིད་སོང་། ང་ཚོ་ལས་ཁུངས་དེར་འབྱོར་རྗེས་ཁོང་ཚོ་ཧ་ཅང་ལྷོད་ལྷོད་ངང་། གཞུང་ངོས་ནས་ང་ཚོའི་ཆོག་མཆན་སླར་ཡང་ཕྱིར་འཐེན་བྱས་སོང་ཟེར། ང་ཚོར་ཆོག་མཆན་སྤྲད་ཡོད་པའི་གནས་ཚུལ་དེ་རྒྱལ་ས་ནཱཡེ་པཱིཡེ་ཌུཨོ་(Naypyidaw)ལ་ཡོད་པའི་ལྕམ་སོའུ་ཀེ་ཡི་དབུས་གཞུང་ལ་འབྱོར་མ་ཐག་སླར་ཡང་བཀག་སྡོམ་བྱེད་དགོས་པའི་བཀའ་བཏང་འདུག
ང་ཚོ་ཕྱིར་ལོག་བྱེད་པའི་གྲུ་ལ་མ་བསྡད་སྔོན་ཏག་ཏག་ལ་ང་ཚོས་ཡུལ་དེའི་གཞུང་གི་ལས་བྱེད་པར་རེ་སྐུལ་ཞུས་པ་ལྟར། ཁོང་ཚོས་ང་ཚོའི་བཅར་འདྲི་དང་ལེན་བྱ་རྒྱུའི་ཁས་ལེན་བྱས་སོང་། ང་ཚོས་དེ་ཡང་ལམ་ལྷོངས་ཆུང་ཆུང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ན་ནིང་ཕྱི་ཟླ་ ༡༠ པའི་ཟླ་མགོར་རཱཀ་ཧི་ནཱི་ནང་གི་དོན་རྐྱེན་དེ་དག་བྱུང་བ་ནས་བཟུང་། ལྕམ་སོའུ་ཀེ་དང་ཁོ་མོའི་གཞུང་ཚབ་པ་ཚོས། རཱཀ་ཧི་ནཱིའི་དང་འབྲེལ་ཡོད་གང་ཞིག་དྲིས་ཀྱང་སྣང་མེད་གཏོང་གི་ཡོད།
ཌེན་ཧཏུཏ་ཀེཡ་(Than Htut Kyaw)ནི་འབར་མའི་ནང་པ་ཞིག་ཡིན་པ་དང་། ད་ལྟའི་ལས་གནས་སྨན་པ་རེད། ཁོ་དེ་སྔོན་ཪཱཀ་ཧི་ནཱི་མངའ་སྡེའི་བྱང་ཕྱོགས་སུ་ལོ་ ༡༠ བསྡད་མྱོང་ཡོད་པ་དང་། ང་ཚོས་ཁོ་དང་མཉམ་དུ་སྐད་ཆ་བཤད་སྐབས། ཁོ་ཡང་འབར་མའི་མི་མང་པོ་ཞིག་གིས་ཡིད་ཆེས་བྱེད་བཞིན་པ་ལྟར། སྲིད་གཞུང་གི་དམག་མི་ཚོས་རཱོ་ཧིང་གཱ་ཡའི་རིགས་ལ་གདུག་རྩུབ་བྱེད་བཞིན་པའི་སྐད་ཆ་དེ་དག་ནི་དཀྲོག་གཏམ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག ཁོས་ད་དུང་། “ དེ་ལ་སྦེད་གསང་བྱེད་དགོས་པ་གང་ཡང་མེད།” “རྒྱལ་ཁབ་གཞུང་ངོས་ནས་གནས་སྟངས་དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ངོ་མ་རྣམས་ཕྱིར་བསྒྲགས་བྱེད་ཀྱིན་འདུག འབར་མའི་ནང་བཙན་གཡེམ་བྱེད་ཆོག་གི་མ་རེད། གནས་ཚུལ་དེ་ཚོ་ཚང་མ་དཀྲོགས་གཏམ་རང་རེད།” ཅེས་ལབ་སོང་།
བདེན་པ་ཁུངས་སྐྱེལ་གྱི་ཁ་གཏད།
ལྕམ་སྐུ་སོའུ་ཀེ་དང་ང་ཚོའི་བར་གྱི་དཀའ་ངལ་ནི་གནད་དོན་དེ་དཀྲོག་གཏམ་རང་མིན་པ་དེ་རེད། གསར་འགོད་པ་དང་རོགས་སྐྱོར་ཚོགས་པ་རྣམས་རཱོ་ཧིང་གཱ་ཡ་ལ་འགྲོ་མ་ཐུབ་པ་དང་། རཱོ་ཧིང་གཱ་ཡའི་མི་རྣམས་ཀྱིས་ཁོང་ཚོས་མྱོང་བཞིན་པའི་གནས་སྟངས་དེ་ཚོ་རང་གི་ལག་ཐོགས་ཁ་པར་བརྒྱུད་དེ་ཕྱི་ཕྱོགས་སུ་གཏོང་གིན་འདུག
འདས་པའི་ཟླ་བ་ཁ་ཤས་རིང་ངས་བུད་མེད་དེ་ཚོའི་གདོང་ལ་སྨུག་ཐིག་བབ་ཡོད་པ་མ་ཟད། ཁོང་ཚོས་ཁོང་ཚོར་བཙན་གཡེམ་བྱས་སོང་ཟེར་བ་དང་། རང་གི་ཕྲུ་གུའི་ཕུང་པོ་ཐང་ལ་ཡོད་པ། གོ་ཐལ་གྱི་ཁྲོད་དུ་འཚིག་བཞིན་པའི་མགོ་རུས་སོགས་འཇིགས་སུ་རུང་བའི་བརྙན་ཐུང་མང་པོ་ཞིག་མཐོང་སོང་།
དེ་ཚོས་བདེན་དཔང་བྱེད་ཐུབ་པ་ཁག་པོ་རེད། འོན་ཀྱང་། རྦད་དེ་མི་སྲིད་པ་ཞིག་ཀྱང་མ་རེད། ས་གནས་དེ་ནས་གནས་ཚུལ་མང་པོ་ཡང་ཡང་ཡོང་གི་ཡོད་པ་དང་། ལྐོག་ཏུ་ཚོགས་པ་ཁ་ཤས་ཀྱིས་ཐབས་མཁས་བོའི་ངང་ནས་དེ་གར་ཡོད་པའི་མི་མང་ལ་འབྲེལ་བ་བྱེད་ཀྱིན་ཡོད་ཀྱང་། འབར་མ་གཞུང་གི་གསར་འགྱུར་བརྒྱུད་ལམ་དུ་གནད་དོན་དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་རྣམས་རང་བཟོ་བྱས་ཏེ་འགོད་ཀྱིན་འདུག
སྤྱིར་བཏང་མི་མང་པོ་ཞིག་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པས་མི་གྲངས་ངེས་བརྟན་དང་། དོན་རྐྱེན་འབྱུང་བཞིན་པ་དེའི་སྐོར་གསལ་པོ་ཞིག་ཚོད་དཔག་བྱེད་དཀའ་ཡང་། དོན་རྐྱེན་དེ་དང་འབྲེལ་ཡོད་ཀྱི་བརྙན་ཐུང་ཁ་ཤས་ནི་ཧ་ཅང་གལ་ཆེན་པོ་དང་། དཔར་རིས་དེ་དག་གིས་ས་དེར་གནས་ཚུལ་ཧ་ཅང་འཇིགས་སུ་རུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་གསལ་བོར་སྟོན་གྱིན་འདུག
ལྕམ་སྐུ་ཞབས་སོའུ་ཀེ་དང་ཁོ་མོའི་སྐུ་ཚབ་རྣམས་ཀྱིས་མི་མང་ལ་ཁ་ཡ་བྱེད་སྟངས་ནི། སྐུ་ཞབས་ཊི་རུམ་ཕིའི་རྩེད་མོའི་དེབ་(Playbook)དང་འདྲ་བོ་འདུག
གསར་འགྱུར་བརྒྱུད་ལམ་གྱིས་ཅི་ཞིག་ཟེར་གྱིན་འདུག
འབར་མའི་གཞུང་གིས་རཱོ་ཧིང་གཱ་ཡ་རིགས་དང་འབྲེལ་བའི་གནད་དོན་གྱི་དཔང་རྟགས་མང་པོ་ཞིག་ཡོད་པ་དེ་དག་ལ་དོ་སྣང་མི་བྱེད་པར། གསར་འགྱུར་བརྒྱུད་ལམ་ཁག་གིས་ནོར་འཁྲུལ་ཤོར་ཡོད་པ་དེ་དག་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད། དཔེར་ན། བརྙན་ཐུང་ཞིག་གི་ནང་བྱིས་པ་ཞིག་ལ་མནར་གཅོད་གཏོང་བཞིན་པ་ནི། རཱོ་ཧིང་གཱ་ཡ་རེད་ཅེས་དྲྭ་ཐོག་གི་འཕྲིན་(Online Mail)ཞེས་པའི་མདུན་ཤོག་ཏུ་བཀོད་པ་དེ་ནི། རྗེས་སུ་དེ་ནི་ཀམ་བུ་ཌི་ཡེན་(Combodian)རྒྱལ་ཁབ་ཀྱི་བརྙན་ཐུང་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས་ལམ་སང་གསུབ་ཡོད་པའི་ནོར་འཁྲུལ་དེ་ཡང་དང་བསྐྱར་དུ་ལུང་འདྲེན་བྱེད་ཀྱིན་ཡོད་པ་དང་། དེ་མཚུངས། ལྕམ་སྐུ་སོའུ་ཀེའི་གཏམ་བཤད་སྐབས་སུ་རཱ་ཧིང་གཱ་ཡའི་གནད་དོན་དེར་གད་མོ་བགད་སོང་ཞེས་ནོར་འཁྲུལ་ཞིག་ཤོར་ཡོད་པ་དེར། གང་སར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་འཇིགས་སྐུལ་ཡང་བྱས་ཡོད།
དེང་སྐབས་ལྕམ་སྐུ་ཞབས་སུའི་ཀེའི་གཞུང་ནས་གནས་ཚུལ་རྫུན་མ་འཐོན་བཞིན་པ་རྣམས་ནི་དངོས་གནས་ཧང་སང་དགོས་པ་ཞིག་རེད། ལོ་འདིའི་ཕྱི་ཟླ་ ༡ ནང་འབར་མའི་གཞུང་གིས་ཧོ་ལེ་ཝོ་ཌི་(Hollywood)ཡི་འཁྲབ་སྟོན་པ་སལ་ཝིས་ཊར་ཨིས་ཊོ་ཨོན་(Sylvester Stallone)ཤིང་ནགས་ནང་ཡོད་པའི་དཔར་ཞིག་བཀྲམས་ཏེ། རཱོ་ཧིང་གཱ་ཡ་ཚོས་དཔར་རྫུན་མ་བེད་སྤྱོད་བྱས་ཏེ་ཁོང་ཚོར་ཕྱི་ནས་རྒྱབ་སྐྱོར་ཡོང་ཐབས་བྱེད་ཀྱིན་འདུག་ཅེས་བཤད་ཡོད། དཔར་རིས་རྫུན་མ་བཟོས་ཏེ་བཀོད་མཁན་དེ་སུ་ཡིན་ཤེས་མེད། ཕལ་ཆེར་ངོ་དེབ་(Facebook)བརྒྱུད་ནས་ཡོང་ཡོད་སྲིད།
འོན་ཀྱང་གཞུང་ངོས་ནས་དེ་འདྲའི་ཐབས་མཁས་པོ་བྱེད་བཞིན་པ་ནི། ང་ཚོས་བདུན་ཕྲག་འདིའི་ནང་ཝ་ཤིན་ཊོན་(Washington)ནས་ལག་བསྟར་བཞིན་པ་མཐོང་བྱུང་། མི་གཅིག་གིས་ནོར་འཁྲུལ་དེ་ལ་བརྟེན་ཏེ་གཞན་གྱི་དཔང་རྟགས་ཡོད་ཚད་བརྩིས་མེད་དམ་དེ་ལ་དོ་སྣང་མ་བྱས་པར་བཞག (འདི་ནི་ཕལ་ཆེར་ཨ་རིའི་སྲིད་འཛིན་གྱི་ཁ་ཆེ་ངོ་ལོག་པ་དང་དྲག་སྤྱོད་པ་ཁ་ཤས་ལ་བརྟེན་ཏེ་ཁ་ཆེ་གཞན་ཚང་མར་སྐྱབས་བཅོལ་ཡོང་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར་བ་ལ་གོ་བ་མིན་ནམ་སྙམ།)
སི་ཨེན་ཨེན་དང་སྲུང་སྐྱོབ་པ་(The Guardian)ཞེས་པའི་གསར་ཤོག་ཏུ། བྷིང་ལ་ཌེ་ཤི་རྒྱལ་ཁབ་ལ་བྲོས་བྱོལ་ཡོང་བའི་རཱོ་ཧིང་གཱ་ཡ་རྣམས་ཀྱིས་རཱོ་ཧིང་གཱ་ཡའི་གནས་ཚུལ་རྣམས་ཁ་གསལ་པོའི་ཐོག་བཤད་ཡོད།
གནས་ཚུལ་དྲང་བདེན་མིན་པ་བཀག་སྡོམ་བྱེད་ཐུབ་བམ།
འབར་མ་རྒྱལ་ཁབ་དེ་སྲིད་དབང་སྒེར་སྤྱོད་ནས་གྲོལ་རྗེས་རྒྱལ་ཁབ་མང་པོ་ཞིག་གི་ལྟ་སྟངས་ཇེ་ལེགས་སུ་ཕྱིན་ཡོད། དེའི་ཁྲོད་ཀྱི་གཅིག་དབྱིན་ཡུལ་རེད། རཱོ་ཧིང་གཱ་ཡའི་གནད་དོན་དེར་དོགས་པ་ཡོད་ཀྱང་། ལྕམ་སྐུ་ཞབས་སོའུ་ཀེ་ལ་ད་དུང་ལྟ་སྟངས་ཡག་པོ་འཛིན་བཞིན་ཡོད། གང་ཡིན་ཟེར་ན། ལྕམ་སོའུ་ཀེ་ནི་ད་ལྟ་ད་དུང་ལས་ཁུངས་ནང་གི་ལས་བྱེད་གསར་པ་ཡིན་པ་དང་། ཁྲིམས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་དམག་མི་དང་སྐོར་སྲུང་བའི་དབང་ཆ་ཁོ་མོའི་ལག་པར་མེད།
གལ་སྲིད་ཁོ་མོས་ད་ལྟ་རཱོ་ཧི་ནཱི་མངའ་སྡེ་ནང་གི་དམག་མི་ཚོའི་བྱེད་སྟངས་དེ་འགོག་པར་འབད་བརྩོན་བྱས་ཀྱང་། ཕལ་ཆེར་འགོག་ཐུབ་པ་དཀའ་ལས་ཁག་པོ་ཆགས་ཡོད་ལ། ཁོ་མོར་ནོར་འཁྲུལ་གང་ཞིག་ཡོད་ཀྱང་ད་ལྟ་ཚང་མས་ཁོ་མོ་ནི་འབར་མ་རྒྱལ་ཁབ་ཀྱི་རེ་བ་རྒྱག་ས་གལ་ཆེ་ཤོས་སུ་ངོས་འཛིན་དང་རེ་བ་རྒྱག་གི་ཡོད།
ད་ལྟ་དེ་ལ་དཀའ་ངལ་ཞིག་ཡོད་པ་ནི། ལྕམ་སོའུ་ཀེ་ཡིས་མེ་ལྟར་འབར་བཞིན་པའི་གནས་ཚུལ་རྫུན་མ་དེ་དག་བཀག་སྡོམ་བྱེད་ཐུབ་བམ།
ད་ལྟ་ཐད་ཀར་གཞུང་འཛིན་སྐྱོང་སྟངས་འཛིན་བྱེད་བཞིན་པའི་སོའུ་ཀེ་ཡི་ལས་རོགས་རྣམས་ནི། ལོ་རྒྱུས་སྙན་པོ་མེད་པའི་མི་ངན་སྤྱོད་རྩུབ་དག་ཡིན། ཁོ་ཚོ་ནི་འབར་མའི་གྲངས་ཉུང་མི་རིགས་དག་གི་གྲོང་གསེབ་མེར་བསྲེགས་བཏང་སྟེ། བུད་མེད་རྣམས་ལ་བཙན་གཡེམ་བྱས་མྱོང་བའི་འཇིགས་སུ་རུང་བའི་དམག་མི་དག་རེད། འབར་མའི་དམག་མི་ཚོས་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་ཁས་ལེན་མ་བྱས་ཀྱང་། དོན་དངོས་ཐོག་གནས་ཚུལ་དེ་རིགས་ཡང་ནས་ཡང་དུ་འབྱུང་བཞིན་ཡོད།
ཕྱི་རྒྱལ་ཁག་གི་གནོན་ཤུགས་ལ་བརྟེན་ཏེ། ལྕམ་སོའུ་ཀེ་ཡི་གཞུང་གིས་མནར་གཅོད་བཏང་སོང་ཟེར་བའི་གནད་དོན་དེར་ཞིབ་འཇུག་བྱེད་ཆེད། ཞིབ་འཇུག་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང་། ཁོང་ཚོས་ཉིན་ཤས་ནང་གནད་དོན་དེ་དག་དང་འབྲེལ་ཡོད་ཁག་ལ་ཞིབ་འཇུག་བྱས་ཏེ་སྙན་ཐོ་ཞིག་འབུལ་འཆར་ཡོད། འོན་ཀྱང་། ཞིབ་འཇུག་ཚོགས་པ་དེའི་མགོ་ཁྲིད་ནི། སྲིད་འཛིན་གཞོན་པ་མེ་ཡནཏ་སི་ཝི་(Myint Swe)རེད། ཁོ་ནི་དམག་དཔོན་ཟུར་པ་ཞིག་ཡིན་སྟབས། ད་ནི་གནད་དོན་དེ་དག་དཀར་པོ་དཀར་རྐྱང་ཆགས་རྒྱུར་རེ་བ་ཆེན་པོ་བྱེད་ཀྱིན་ཡོད།
འོན་ཀྱང་། རཱཀ་ཧི་ནཱི་མངའ་སྡེའི་བྱང་ཕྱོགས་སུ་བྱུང་དང་འབྱུང་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་དུས་ནམ་ཡང་ཕྱི་གསལ་ནང་གསལ་ཞིག་ཆགས་ཀྱི་མ་རེད།
མ་ཡིག་འབྲེལ་ཐག http://www.bbc.com/news/world-asia-38756601