ནེའུ་ཡོག་དུས་བབ་ཀྱིས་ ༢༠༡༧།༤།༣ ཉིན།
མའོ་རིང་ལུགས་ཀྱིས་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ན་མའོ་ཙེ་ཏུང་གི་འདྲ་པར་ཞིག་བཤམས་ཡོད་པ་དང་། ཐེངས་འདིར་ཞི་ཅིན་ཕིན་ཨ་རིར་བསྐྱོད་དེ་ཊི་རུམ་ཕི་ཡི་རྒྱལ་ཞེན་སྲིད་ཇུས་(ཨ་རི་དང་པོ)ཞེས་བའི་གཞུང་ཡིག་ལས་ཤོག་ལྷེ་གཅིག་བཀོག་ཡོང་སྟེ། རྒྱ་ནག་གི་ངལ་རྩོལ་མི་མང་ལ་རྒྱ་ནག་རྒྱ་སྐྱེད་དང་རྒྱལ་སྤྱིའི་ཁྲོམ་རྭའི་འགྲན་རྩོད་ཀྱི་རྗེས་ཟིན་པ་བྱོས་ཞེས་སྐུལ་སློང་བྱས་ན་འདོད་ཡོད་པ་རེད།
ཁོ་ཚོས་དཔུང་བ་མཉམ་གཤིབ་ཀྱིས་སྐད་འབོད་དང་གླུ་གཞས་གཏོང་བཞིན་མའོ་ཡི་རྗེས་དྲན་སྲུང་གཙི་ཞུས་ཏེ། བསྐྱར་དུ་ཤར་མཐའི་མའོ་ཡི་དམར་ཤོག་རྒྱང་སྐྱོད་རོ་ལངས་ཐེངས་གཅིག་བྱེད་ན་འདོད་ཀྱི་ཡོད། འོན་ཀྱང་། བློ་ཡུལ་ལས་འདས་པ་ཞིག་ནི་ཁོ་ཚོས་ནུབ་ཕྱོགས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡི་གྱེན་ལངས་ལ་དམིགས་དཔེ་ལྟ་བཞིན་པ་ཡོད་པ་དེ་རེད།
སྐུ་ཞབས་ཊི་རུམ་ཕིས་ནུབ་ཕྱོགས་པའི་མ་རྩ་རིང་ལུགས་ཙམ་མ་ཡིན་པར་མཐོ་རིམ་སྤྱི་ཚོགས་ཀྱི་ལུགས་སྲོལ་རྙིང་བ་ཡོངས་རྫོགས་མགོ་གཏིང་སློག་གི་ཡོད། ཅེས་རྒྱ་ནག་གི་རྩོད་རྙོག་འདུམ་སྒྲིག་མཁན་སྐུ་ཞབས་ཌཱ་ཧྥོན་ལཱིང་ (Zhang Hongliang) གིས་བརྗོད་ཡོད་པ་དང་། སྐུ་ཞབས་ཁོང་ནི་མའོ་རིང་ལུགས་ཀྱི་ཊི་རུམ་ཕི་སོགས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་དང་། ཁོས་ཉེ་ཆར་རྩོམ་ཡིག་ཞིག་གི་ནང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ནི་འཛམ་གླིང་གི་དབུ་ཁྲིད་དག་གི་ཁྲོད་ནས་གཙོ་འཛིན་མའོ་ཙེ་ཏུང་གི་ཆབ་སྲིད་ལྟ་གྲུབ་མཐོར་འདེགས་གཏོང་མཁན་ཁོ་ན་དེ་རེད་ཅེས་བྲིས་ཡོད།
རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་བདུན་ཕྲག་འདིའི་ནང་ཨ་རིའི་ཧྥོ་ལོར་ཌའི་ (Florida) ནང་ཡོད་པའི་ཊི་རུམ་ཕི་ཡི་མཱར་ཨཱ་ལཱོ་གཱོ་ (Mar-a-Logo)ཞེས་བར་ཐུག་འཕྲད་བྱེད་བཞིན་ཡོད་པ་དང་། དེ་ནི་ཁོང་གཉིས་ཀྱི་ཐོག་དང་པོའི་ཐུག་འཕྲད་ཆགས་ཡོད་ཀྱང་། རྒྱ་ནག་གི་མི་སེར་དཀྱིས་མ་ཚོས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཧོལ་རྒྱུག་ཆེ་ཞིང་ཁོང་ཁྲོ་ཚ་བོ་ཞིག་ཏུ་མཐོང་གི་ཡོད་ལ། ཁག་ཅིག་གིས་དམིགས་དཔེ་བལྟ་འོས་བ་ཞིག་ཏུའང་ངོས་འཛིན་བྱེད་ཀྱིན་ཡོད།
རྒྱལ་སྤྱིའི་རྒྱལ་ཞེན་རིང་ལུགས་ཀྱི་གོམ་བགྲོས་ཁྲོད་སྐུ་ཞབས་ཊི་རུམ་ཕིས་སྲིད་དབང་བཟུང་བ་དང་མཉམ་དུ། གཞུང་ལ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་ཕྱིན་པའི་ཤུགས་རྐྱེན་གྱིས་རྒྱ་ནག་གི་མཐའ་མཚམས་སུའང་གཡོ་འགུལ་ཕྲན་བུ་ཐེབས་བཞིན་ཡོད། དེ་ནི་རྒྱ་ནག་གི་གཡོན་ལྷུང་སྲིད་དོན་ཕྱོགས་ཁག་རེད། ཁོ་ཚོས་རྒྱ་ནག་གི་མ་རྩ་རིང་ལུགས་པ་ཚོ་དང་ནུབ་ཕྱོགས་པའི་དབང་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་མ་ཟད། དམར་ཤོག་གཞུང་གིས་ད་དུང་ཕྱོགས་མང་པོ་ཞིག་ཡར་རྒྱས་གཏོང་དགོས་པའི་བསམ་ཚུལ་བཤད་ཀྱིན་ཡོད།
རྒྱ་ནག་ནང་མའོ་རིང་ལུགས་གཅེས་འཛིན་བྱེད་མཁན་གྲངས་ཉུང་ཆགས་ཡོད་པ་དང་། མི་འབོར་མང་ཤོས་ཀྱིས་གདུག་རྩུབ་དང་ཡ་ང་སྙིང་རྗེ་མེད་པའི་མའོ་ཡི་དུས་ཚིགས་བསྐྱར་བསྐྲུན་འདོད་མེད། འོན་ཀྱང་མའོ་ཡི་རྗེས་འཇུག་པ་ཚོས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡི་ཆབ་སྲིད་བཅོས་སྒྱུར་གྱི་སྣང་ཚུལ་གཙུག་ཏུ་བཟུང་སྟེ། རྒྱ་ནག་ཀྱང་མི་གཅིག་དབང་སྒྱུར་རིང་ལུགས་པའི་ཁ་ཕྱོགས་སུ་བསྒྱུར་བར་འབད་བརྩོན་བྱེད་བཞིན་ཡོད།
ཁོ་ཚོས་ད་དུང་ཞི་ཅིན་ཕིན་གྱིས་དམར་ཤོག་གཞུང་གི་ལྟ་གྲུབ་ཕྱོགས་གཉིས་སུ་བགོས་ཏེ་སྲིད་དབང་འཛིན་གྱི་ཡོད་པའི་བསམ་ཚུལ་བཏོན་ཡོད། དེ་ནི་ཕྱོགས་གཅིག་ནས་ཞི་ནི་མའོ་ཙེ་ཏུང་གི་ལྟ་གྲུབ་ལ་ལྷག་སེམས་རྣམ་དག་གིས་གུས་བརྩི་དང་སྲུང་སྐྱོབ་བྱེད་མཁན་ཞིག་དང་། ཕྱོགས་གཞན་ཞིག་ནས་ཁྲོམ་རྭའི་རང་དབང་ལ་གུ་ཡངས་དང་ཊི་རུམ་ཕིའི་དུས་རབས་ནང་གོ་ལ་གཅིག་གྱུར་གྱི་ཕུལ་བྱུང་མི་སྣ་ཞིག་ཏུ་འགྱུར་སྲིད་པའི་ངོས་འཛིན་ཡང་བྱེད་བཞིན་ཡོད།
མའོ་རིང་ལུགས་ལ་དུང་ཞེན་ཡོད་མཁན་ཚོས་ཨ་རིའི་སྲིད་འཛིན་ཞིག་གི་ལས་དོན་བྱེད་ཕྱོགས་ལ་དགའ་མོས་བྱེད་པ་ནི་ཧ་ཅང་ཡ་མཚན་དགོས་པའི་གནས་ཤིག་ཡིན། རྒྱུ་མཚན་ནི། མའོ་ནི་མཱར་ཁེ་སི་རིང་ལུགས་ཀྱི་གསར་བརྗེ་བ་ཞིག་ཡིན་སྟབས། ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱི་ལྟ་གྲུབ་དང་འགལ་ཟླ་ཆགས་ཡོད། ད་དུང་ཊི་རུམ་ཕི་ནི་ཚོང་པ་གྲགས་ཅན་ཞིག་ཡིན་སྟབས། ཁོ་མཐའ་འཁོར་དུ་དུས་རྒྱུན་ཕྱུག་བདག་ཚོས་སྐོར་ཡོད་ཀྱང་། མའོ་ཕྱོགས་ཁག་གིས་ཞི་ཅིན་ཕིན་ཨ་རིར་བསྐྱོད་དེ། ཊི་རུམ་ཕིའི་ཨ་རི་དང་པོ་ཡིན་ཞེས་པའི་རྒྱལ་ཞེན་སྲིད་བྱུས་ཀྱི་གཞུང་ཡིག་ལས་ཤོག་ལྷེ་གཅིག་བཀོག་ཡོང་སྟེ། རྒྱ་ནག་གི་ངལ་རྩོལ་མི་མང་སུན་སྣང་ལས་དཀྲོགས་ཐུབ་པར་ཡིད་ཆེས་དང་། རྒྱ་ནག་རྒྱ་སྐྱེད་དང་རྒྱལ་སྤྱིའི་ཁྲོམ་རྭའི་འགྲན་རྩོད་ཀྱི་རྗེས་ཟིན་པ་བྱོས་ཞེས་སྐུལ་སློང་བྱེད་འདོད་ཡོད་པ་རེད།
“ཊི་རུམ་ཕི་ཡིས་གོ་ལ་གཅིག་གྱུར་ངོས་ལེན་མེད་སྟབས་རྒྱ་ནག་གིས་ཀྱང་དེ་བཞིན་བྱེད་དགོས་”ཞེས་མའོ་རིང་ལུགས་ཀྱི་གྲགས་ཆེ་བའི་ཨུ་ཊོ་པི་ཡའི་(Utopia) དྲ་ཚིགས་ཏུ་རྩོམ་ཡིག་ཅིག་བཀོད་ཡོད། “ཊི་རུམ་ཕི་ཡི་བསམ་བློའི་ཁ་ཕྱོགས་རྒྱ་ནག་ལ་ཕྱོགས་བཞིན་ཡོད་པ་དང་། དེས་ཊི་རུམ་ཕི་ཡིས་རྒྱ་ནག་ལ་སློབ་སྤྱོང་བྱེད་བཞིན་ཡོད་པ་བསྟན་ཡོད”ཅེས་མའོ་རིང་ལུགས་ཀྱི་དྲ་ཚིགས་གཞན་ཞིག་ཏུ་བཀོད་འདུག
ད་ལྟ་རྒྱ་ནག་གི་མའོ་རིང་ལུགས་གསར་བྱུང་དུ་འཛིན་མཁན་ཚོས་ཁོ་ཚོ་ཚང་མས་ཆིག་སྒྲིལ་བྱས་ཏེ། རྒྱ་ནག་གི་དཔལ་འབྱོར་འདྲ་མཉམ་དང་། སྤྲོ་སེམས་འཁོལ་བའི་ངང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་རྒྱུ་ལས། ནུབ་ཕྱོགས་པའི་མ་རྩ་རིང་ལུགས་དང་གུ་ཡངས་རིང་ལུགས་ཀྱི་དམངས་གཙོ་དེར་ཞེན་ཁ་ལོག་ཡོད་ཟེར།
དེ་བཞིན། བསམ་ཚུལ་གཅིག་མཚུངས་ཡིན་པའི་མི་མང་པོ་ཞིག་གིས་རྒྱལ་སྤྱིའི་རྙིང་ཞེན་ཚོགས་པའི་འགུལ་སྐྱོད་ནི་ལོ་རབས་མང་པོར་མའོ་རིང་ལུགས་ལ་ཨ་གསར་བྱེད་མཁན་ཚོའི་རྨི་ལམ་དངོས་དེ་རེད་ཅེས་པེ་ཅིན་ཆབ་སྲིད་ཉམས་ཞིབ་པ་སྐུ་ཞབས་ཇཱོ་ཌ་བྷིལ་ཆཱི་ཊི་ (Jude Blanchette) ལགས་ཀྱིས་བརྗོད་ཡོད་པ་དང་། ཁོས་མའོ་རིང་ལུགས་ཀྱི་ལྟ་ཚུལ་གསར་བའི་སྐོར་ལ་ཆེད་དེབ་ཅིག་ཀྱང་འབྲི་བཞིན་ཡོད།
སྐུ་ཞབས་བྷིལ་ཆཱི་ཊི་ཡིས་མའོ་རིང་ལུགས་ལ་ཨ་གསར་བྱེད་མཁན་ཚོར་ཞི་ཅིན་ཕིན་གྱི་དུས་རབས་ནང་མངོན་གསལ་དོད་པོས་ཁེ་ཕན་རག་གི་ཡོད། དེ་ནི་ཞི་ཡིས་ཁོ་ཚོའི་ཁ་ཕྱོགས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་དང་འབོད་སྒྲ་ཤུགས་ཆེན་སྒྲོག་གི་ཡོད་པས་རེད་ཟེར།
རྒྱ་ནག་གི་གཡོན་ལྷུང་སྲིད་དོན་པ་མང་པོ་ཞིག་གིས་ཊི་རུམ་ཕི་ནི་ཉེན་ཁ་ཅན་གྱི་དགྲ་བོ་ཞིག་ཏུ་མཐོང་གི་ཡོད། ཁོས་རྒྱ་ནག་གཅིག་གི་སྲིད་ཇུས་ངོས་ལེན་མ་བྱས་བར་ཐེ་ཝན་དང་ཨ་རིའི་ཕྱི་འབྲེལ་སྒོ་ཕྱེས་བ་དང་། རྩོད་རྙོག་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོའི་ཐད་བཀའ་རྒྱ་བཏང་བ། ད་དུང་རྒྱ་ནག་གི་ཐོན་རྫས་རིགས་ཨ་རིའི་ནང་སྐྱེལ་འདྲེན་ཚོང་ཉེར་བྱེད་མི་ཆོག་པའི་ཉེན་བརྡ་བཏང་པ་སོག
ས་ལ་ཞེ་སྣང་བྱེད་ཀྱིན་ཡོད།
འོན་ཀྱང་། མའོ་རིང་ལུགས་པ་ཚོས་སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་ལས་དམིགས་དཔེ་ཞིག་ལེན་ཀྱི་ཡོད་པར་མཐོང་བ་ནི། ཁོས་རྙིང་ཞེན་ཚོགས་པ་ཡར་ལངས་བྱས་ཏེ་གཞུང་གི་ལྐོག་ཟ་རུལ་སུངས་གཙང་བཟོ་བྱེད་བཞིན་ཡོད་པ་དེ་རེད། མཚམས་ལ་རེར་ཁོ་ཚོས་ཊི་རུམ་ཕི་ཡི་མེ་ལྕེ་བཞིན་འབར་གྱིན་པའི་སྲིད་ཇུས་ཀྱི་འགུལ་སྐྱོད་དག་ནི་མའོ་ཙེ་ཏུང་གི་འགྲོ་ལུགས་དང་གཅིག་མཚུངས་སུ་མཐོང་གི་ཡོད་པ་དང་། མཚམས་ལ་རེར་ཁོ་ཚོས་ཊི་རུམ་ཕི་ཡིས་ཨ་རིའི་ཐེ་གཏོགས་རིང་ལུགས་དང་ནུབ་ཕྱོགས་གུ་ཡངས་རིང་ལུགས་ཀྱི་དམངས་གཙོའི་ལས་དོན་ཐད་གྲུབ་འབྲས་ལེན་བཞིན་པ་མཐོང་སྟེ་སྡང་སེམས་ཀྱང་སྐྱེ་བཞིན་ཡོད།
མའོ་རིང་ལུགས་པ་ཚོས་རྟག་པར་ཚོགས་འདུ་དང་དྲ་རྒྱ་སོགས་སུ་རང་ཉིད་ཀྱི་དགྲ་བོ་རྣམས་གཙང་བཟོ་བྱེད་ཀྱིན་ཡོད་པ་དང་། དམིགས་བསལ་གྱིས་ཨ་རིའི་གསང་བའི་ལས་ཁུངས་ (C.I.A) དང་ཨ་རི་སྤྱི་ཡོངས་ལ་དོགས་ཟོན་བྱེད་ཀྱིན་ཡོད། ཐོག་མ་ནས་ཁོ་ཚོའི་དམིགས་ཡུལ་ནི་ཨ་རིའི་ཡར་རྒྱས་བཀག་སྡོམ་དང་། རྒྱ་ནག་གི་བཟོ་གྲྭར་ཕྱོགས་ཞེན་གྱིས་ཁྱབ་བསྒྲགས་བྱེད་པ་སོགས་ཡིན་སྟབས། ཁོ་ཚོར་དམིགས་བསལ་གྱིས་རྒྱ་ནག་ནང་མའོ་ལ་སྐྱོན་བརྗོད་བྱེད་མཁན་གྱི་བསམ་བློ་བ་དང་། སྐད་གྲགས་ཡོད་པའི་མི་སྣ་ཚོ་བཀག་ཉར་བྱེད་པའི་དབང་ཆ་ཡོད་པ་རེད།
སྐུ་ཞབས་ཌཱ་ལགས་ཀྱིས། ནུབ་ཕྱོགས་ཁག་ཏུ་རྒྱལ་ཞེན་པ་ཚོ་གཡས་ཕྱོགས་སུ་ཡོད་པ་དང་། གཡོན་ལྷུང་ཕྱོགས་ཁག་གིས་རྒྱུན་དུ་རྒྱལ་སྤྱི་རིང་ལུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་དང་། འོན་ཀྱང་། རྒྱ་ནག་ནི་དེའི་ལྡོག་ཕྱོགས་ཡིན། རྒྱ་ནག་གི་གཡས་ཕྱོགས་ཚོགས་པ་ཚོ་ནི་རྒྱལ་ཚོང་བ་དང་གཡོན་ལྷུང་སྲིད་དོན་ཚོགས་པ་ནི་དོན་དངོས་ཀྱི་རྒྱལ་ཞེན་ཅན་ཡིན་ཞེས་བརྗོད་ཡོད།
༡༩༧༦ ལོར་མའོ་ཙེ་ཏུང་འདས་གྲོངས་སུ་ཕྱིན་པ་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པས་མའོ་ཡི་བྱས་རྗེས་ལ་ངོས་ལེན་མེད་པའི་རྣམ་འགྱུར་མངོན་གསལ་དོད་པོས་བསྟན་མེད་ཀྱང་། ཏིན་ཞའོ་ཕིན་གྱིས་དཔལ་འབྱོར་བཅོས་སྒྱུར་སྒོ་འབྱེད་བྱས་བ་ནས་བཟུང་མའོ་ཡི་རིག་གནས་གསར་བརྗེའི་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ། ལོ་མང་རིང་མའོ་ཡི་ཆབ་སྲིད་ལྟ་གྲུབ་གྲགས་མེད་འགུལ་མེད་འོག་སྣང་མེད་དུ་བཞག་ཡོད།
༡༩༩༠ ལོའི་ནང་དམར་ཤོག་ཚོགས་པས་མའོ་ཡི་ཆབ་སྲིད་ལྟ་གྲུབ་སྣང་བརྙན་ལ་བསྐྱར་ཞིབ་བྱེད་པར་རྒྱབ་བསྙེས་ཏེ། དམར་ཤོག་འཛིན་སྐྱོང་དབང་ཆ་དང་ཆབ་སྲིད་ཐོག་བཅོས་སྒྱུར་ཕྲན་བུ་བཏང་ཡོད། ཁོ་ཚོས་མའོ་རིང་ལུགས་བེད་སྤྱོད་བཏང་སྟེ་སློབ་གསོའི་རང་དབང་བཀག་སྡོམ་དང་། རང་དབང་དམངས་གཙོའི་འཐབ་རྩོད་པ་ཚོར་འཇིགས་སྐུལ་བྱས་ཡོད། ༢༠༡༢ ལོར་ཞི་ཅིན་ཕིན་སྲིད་སྟེགས་སྟེང་མ་བསླེབས་སྔོན་ལ་པའོ་ཤི་ལཱེ་ (Bo Xilai)ཡིས་མའོ་ཡི་དུས་སྐབས་ལྟ་བུའི་སྲིད་དབང་སྒེར་འཛིན་གྱི་དམར་ཤོག་གཞུང་ཞིག་བསྐྱར་བསྐྲུན་བྱེད་པར། དམར་ཤོག་གཙུག་འཛིན་གྱི་ལྟ་གྲུབ་ལ་དགའ་མོས་བྱེད་དགོས་པའི་སྐུལ་སློང་བྱས་ཡོད།
པའོ་ཤི་ལཱེ་ནི་ལྐོག་ཟ་རུལ་སུངས་འོག་བཙོན་འཇུག་བྱས་ཡོད་ཀྱང་། མའོ་རིང་ལུགས་པས་མི་མཐུད་དུ་ཞི་ནི་དེ་སྔ་བྱུང་མ་མྱོང་བའི་མའོ་ཡི་ལྟ་གྲུབ་རྒྱུན་འཛིན་བྱེད་མཁན་མགོ་ཁྲིད་རླབས་ཆེན་ཞིག་ཡིན་པ་དང་། ཁོས་རྒྱ་ནག་བསྐྱར་དུ་མཱར་ཁེ་སི་རིང་ལུགས་རྣམ་དག་ཅིག་ཏུ་སྒྱུར་གྱིན་ཡོད་པར་མཐོང་གི་ཡོད།
ཞི་ཅིན་ཕིན་གྱི་སྲིད་དབང་འོག་མའོ་ཡི་ལྟ་གྲུབ་སྨྲ་མཁན་ཚོ་སྲང་ལམ་འཛིན་བཟུང་དང་དྲ་རྒྱའི་སྟེང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུར་བློ་ཁོག་ཆེན་པོ་རྙེད་ཡོད། དེ་ནི་ལོ་རེ་རེ་བཞིན་ཁོ་ཚོའི་ཆེད་དུ། ན་ནིང་ཁྲིམས་ཁང་ཞིག་བཟོས་ཡོད་ན། ད་ལོ་ཁྲིམས་བཟོས་ཏེ་མའོ་ཡི་ལྟ་གྲུབ་ལ་དགག་པ་རྒྱག་མཁན་ཚོ་བཀག་སྡོམ་དང་། མའོ་ཡི་རྗེས་འཇུག་པ་ཚོ་ཁྲིམས་ལུགས་དང་ཁྲིམས་ཁང་ལས་བརྒལ་ཏེ་སྲུང་སྐྱོབ་བྱེད་ཀྱིན་ཡོད།
མི་སུ་དང་གང་གིས་ཀྱང་མའོ་རིང་ལུགས་པས་ད་ལྟ་ད་དུང་པེ་ཅིན་གྱི་དབང་ཆ་བཟུང་ཡོད་པར་དོ་སྣང་བྱུང་མེད་སྟབས། ཁོ་ཚོར་བརྙས་བཅོས་བྱེད་མཁན་མང་ཤོས་རྒྱ་ནག་གི་འབྲིང་རིམ་སྤྱི་ཚོགས་ཆགས་ཡོད། དམར་ཤོག་གཞུང་གིས་ནུས་ཤུགས་ཡོད་ཚད་ཀྱིས་ཁོ་ཚོའི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱིན་ཡོད། ད་ལྟ་རྒྱ་ནག་རྒྱལ་ཡོངས་སུ་མའོ་རིང་ལུགས་པ་མི་འབོར་སྟོང་ཕྲག་ཁ་ཤས་ལས་མེད་ཀྱང་། ཁོ་ཚོས་དྲ་རྒྱའི་སྟེང་མཚན་རྟགས་བསྡུ་རུབ་ཀྱིས་རྒྱ་ནག་གི་གུ་ཡངས་རིང་ལུགས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱིན་ཡོད་ཅེས་ཆབ་སྲིད་ཉམས་ཞིབ་པ་སྐུ་ཞབས་བྷིལ་ཆཱི་ཌ་ལགས་ཀྱིས་བརྗོད་ཡོད།
རྒྱ་ནག་གི་གཡོན་ཕྱོགས་རིང་ལུགས་པ་ཚོས་ཚ་ཚ་འུར་འུར་ཐོག་རྒྱལ་ཞེན་གལ་ཆེན་ཡིན་སྐོར་སྒྲོག་གི་ཡོད་ཀྱང་། ཁོ་ཚོས་ད་དུང་རྒྱ་ནག་གི་རྒན་ཡོལ་ཞུས་ཟིན་པ་དང་ངལ་རྩོལ་བ། ད་དུང་གཞུང་གི་དེ་སྔའི་ལས་བྱེད་ལྐོག་ཟ་རུལ་སུངས་བ་དག་འདྲ་མཉམ་མིན་པའི་སྐྱོན་བརྗོད་ཀྱང་བྱེད་ཀྱིན་ཡོད། འོན་ཀྱང་། གནད་དོན་དེ་དག་ཊི་རུམ་ཕི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཞེན་དང་རྙིང་ཞེན་གྱི་ཆབ་སྲིད་གཡོ་འཁྱོམ་གྱི་མེ་ཁ་གསོ་བྱེད་དུ་བེད་སྤྱོད་གཏོང་གི་ཡོད།
པེ་ཅིན་གྱི་སྤྱི་ཚོགས་རིང་ལུགས་མཁས་དབང་སྐུ་ཞབས་ཏཱེ་ཅིན་ཊོན་ (Dai Jianzhong) ལགས་ཀྱིས་བརྗོད་དོན། གལ་སྲིད་རྒྱ་ནག་གི་དཔལ་འབྱོར་ཉམ་རྒུད་ཕྱིན་པའམ། ཡང་ན་ཨ་རིར་གདོང་ཐུག་བརྒྱབ་པ་ཡིན་ན་མའོ་རིང་ལུགས་པར་གོ་སྐབས་ཆེན་པོ་ཞིག་རག་སྲིད་པ་རེད་ཟེར། ཁོས་ད་དུང་ “རྒྱ་ནག་ཨ་རིའི་རྙིང་ཞེན་ཚོགས་པ་ཞིག་གིས་ཨ་རིའི་འབྲིང་རིམ་སྤྱི་ཚོགས་ཡོངས་དབང་འོག་ཏུ་བསྡུས་པར་ཧ་སང་ཡོད་”ཅེས་དང་། “རྒྱ་ནག་ནི་སྤྱི་ཚོགས་མི་འདྲ་བ་ཞིག་ཡིན་ཡིང་། གལ་སྲིད་རྒྱ་ནག་གི་དཔལ་འབྱོར་ཉམ་རྒུད་དང་ངལ་རྩོལ་བའི་སྡེ་སེམས་ཤུགས་ཆགས་ན། རྙིང་ཞེན་ཕྱོགས་ཁག་གིས་གོ་སྐབས་དམ་འཛིན་གྱིས་དབང་ཆ་བཟུང་སྟེ། མའོ་དང་གཡོན་ལྷུང་ཕྱོགས་ཁག་གི་ཤུགས་རྐྱེན་ཞིག་རྒྱ་ནག་ནང་བསྐྲུན་ངེས་རེད་བརྗོད་ཡོད།
འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གི་ཤར་ཕྱོགས་གྲོང་ཁྱེར་ཅཱི་ནན་གྱི་སྤྱི་ཚོགས་འབྲེལ་མཐུད་པའི་མཁས་དབང་སྐུ་ཞབས་ཏིན་ཞཱོ་ཁྲོའོ་ (Deng Xiangchao) ལགས་ཀྱིས་དྲ་རྒྱའི་སྟེང་མའོ་ཙེ་ཏུང་ལ་སྐྱོན་བརྗོད་བྱས་བར་མི་དམངས་བརྒྱ་ཕྲག་ལྷག་གིས་སྲང་ལམ་དུ་སྐུ་ཞབས་ཁོང་ལ་ངོ་རྒོལ་བྱས་ཡོད། སྐབས་དེར་ངོ་རྒོལ་བ་ཚོས་རྒྱ་ནག་གི་དར་ཆ་བཟུང་སྟེ་སྐད་འབོད་ཁྲོམ་སྐོར་སྐབས། སྐུ་ཞབས་ཁོ་ནི་རྒྱལ་ཚོང་བ་དང་མི་མང་གི་དགྲ་བོ་ཡིན་ཞེས་སྐྱོན་བརྗོད་བྱས་ཡོད། ཡང་མི་འགའ་ཤས་ཀྱིས་ཁོ་ལ་རྒྱལ་སྐྱོར་ཡོད་པའི་རྣམ་འགྱུར་ཡང་བསྟན་ཡོད།
“ང་ཚོ་མའོ་ཙེ་ཏུང་ལ་དགའ་པོ་ཡོད། རྒྱུ་མཚན་ནི། ང་ཚོ་ཚང་མ་སྐྱོ་བོ་ཡིན་པས་ང་ཚོ་མའོ་ལ་དགའ་པོ་ཡོད་” ཅེས་རྒན་ཡོལ་ཞུས་ཟིན་པའི་སྐུ་ཞབས་ཡཱང་ཅཱང་གཱོ་ (Yang Jianguo) ལགས་ཀྱིས་ཁ་པར་བརྒྱུད་དེ་བརྗོད་ཡོད།
མའོ་རིང་ལུགས་ཀྱི་ཤུགས་རྐྱེན་འོག རྒྱ་ནག་གི་སློབ་ཆེན་ཞིག་གི་ལས་རིམ་ཏིན་ཞའོ་ཕིན་གྱི་མཚན་ཐོག་ཏུ་གཏན་ཁེལ་ཡོད་པ་བཀག་འགོག་བྱས་ཡོད། ད་དུང་དེའི་རྗེས་སུ་བརྙན་འཕྲིན་གསར་ཁང་ཞིག་གིས་ཏིན་ཞའོ་ཕིན་ལ་རྒྱབ་སྐྱོར་གྱི་བཅར་འདྲི་བྱེད་འཆར་སྐབས། གཡོན་ལྷུང་ཕྱོགས་ཁག་གིས་ངོ་རྒོལ་བྱས་ཏེ་ལས་ཚན་དེ་མཚམས་འཇོག་དགོས་བྱུང་ཡོད།
དམར་ཤོག་ཚོགས་པས་ནག་ཉེས་སུ་བརྩི་བཞིན་པའི་ངོ་རྒོལ་སྐད་འབོད་ལས་འགུལ་རིགས་མའོ་རིང་ལུགས་པ་ཚོར་རང་དབང་ངང་སྤེལ་འཇུག་གི་ཡོད། ཞི་ཅིན་ཕིན་གྱིས་དམར་ཤོག་ཚོགས་པ་ནང་ཁུལ་གྱི་གུ་ཡངས་རིང་ལུགས་པ་རྣམས་གྲགས་མེད་འགུལ་མེད་བཟོས་ཏེ། ཁོ་ཚོའི་ཁ་གཏད་གཡོན་ལྷུང་རྙིང་ཞེན་མའོ་རིང་ལུགས་པ་རྣམས་ལ་སྟོབས་ཤུགས་སླར་གསོ་བྱེད་པའི་གོ་སྐབས་སྐྲུན་ཡོད།
“༢༠༡༥ ལོ་ནས་བཟུང་གཡོན་ལྷུང་སྲིད་དོན་ཚོགས་པའི་ཤུགས་རྐྱེན་དམར་ཤོག་གི་ལྟ་གྲུབ་ཐོག་བསླེབས་ཡོད་”ཅེས་མའོ་རིང་ལུགས་ལ་སྐྱོན་བརྗོད་བྱེད་མཁན་དང་ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཞིབ་འཇུག་པ་སྐུ་ཞབས་ཏིན་ཡེ་བཱིན ( Deng Yuwen ) ལགས་ཀྱིས་བརྗོད་ཡོད། ཁོས་བརྗོད་དོན། “དམར་ཤོག་ཚོགས་པས་མའོ་ཕྱོགས་ཁག་ལ་སྟངས་འཛིན་ཚད་མཐོ་པོ་དེ་འདྲ་བྱེད་ཀྱིན་མེད་སྟབས། ཁོ་ཚོས་ཆབ་སྲིད་ཀྱི་གལ་གནད་བཟུང་སྟེ་དམར་ཤོག་ཚོགས་པ་དང་བསྟུན་མཁས་ཀྱིས་མཉམ་འགྲོ་བྱེད་ཀྱིན་ཡོད”ཅེས་དང་། “ཁོ་ཚོས་དམར་ཤོག་མགོ་ཁྲིད་ཚོས་ཁོ་རང་ཚོ་བེད་སྤྱོད་གཏོང་གི་ཡོད་པ་ཤེས་ཀྱི་ཡོད་ལ། ཁོ་ཚོས་ཀྱང་གཞུང་གི་ལས་བྱེད་ཚོ་བེད་སྤྱོད་བཏང་སྟེ་ཆབ་སྲིད་རྩེད་བཞིན་ཡོད་པ་རེད་”ཅེས་བརྗོད་ཡོད།
དམར་ཤོག་ཚོགས་པའི་གཙོ་འཛིན་ཚོས་མའོ་རིང་ལུགས་པ་བེད་སྤྱོད་བཏང་སྟེ། དམངས་གཙོ་དང་རང་དབང་འཐབ་རྩོད་པའི་མགོ་གནོན་ཐབས་བྱེད་ཀྱིན་ཡོད་པ་དང་། མའོ་རིང་ལུགས་པ་ཚོས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་ཁ་ཕྱོགས་ལ་བཅོས་སྒྱུར་བཏང་སྟེ། རྒྱ་ནག་གི་ཕྱུག་བདག་ཚོའི་དཔལ་འབྱོར་ཚོད་འཛིན་དང་དམར་ཤོག་གཞུང་གི་བཟོ་གྲྭར་གནོན་ཤུགས་སྤྲོད་འདོད་པ་རེད།
རྒྱུན་པར་རྙིང་ཞེན་ཚོགས་པས་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་སྐབས་ཧ་ཅང་གཟབ་གཟབ་བྱེད་ཀྱིན་ཡོད་པ་དང་། ཁག་ཅིག་གིས་ཐད་ཀར་དམར་ཤོག་ཚོགས་པས་མའོ་ལ་རྒྱབ་འགལ་བྱས་སོང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད། རྒྱ་ནག་ནི་མ་རྩ་རིང་ལུགས་འོག་གནས་ཡོད་པའི་སྤྱི་ཚོགས་རིང་ལུགས་ཤིག་རེད་ཅེས་དང་། མ་རྩ་རིང་ལུགས་པས་རྒྱ་ནག་དབང་སྒྱུར་བྱས་ཡོད་ཅེས་རྒན་ཡོལ་ཞུས་ཟིན་པའི་སྐུ་ཞབས་ཡཱང་ལགས་ཀྱིས་བརྗོད་ཡོད།
ཁོང་གིས་ད་དུང་ཨ་རིའི་སྲིད་འཛིན་ལ་ལྟོས་དང་། སྐུ་ཞབས་ཊི་རུམ་ཕི་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོར་ཤུགས་ཆེན་པོ་འདུག རྒྱུ་མཚན་ནི་ཁོ་ལ་སྲིད་དབང་ཐོབ་སྟངས་དེ་ནི། སྤྱི་ཚོགས་ནང་གི་ལས་ཀ་བའི་འདོད་འདུན་བསྐོངས་ཏེ་ཐོབ་པ་རེད་ཅེས་བརྗོད།
མའོ་རིང་ལུགས་པ་མང་པོ་ཞིག་གིས་ཞི་ཡིས་རྒྱ་ནག་གི་ཁ་ཕྱོགས་བསྐྱར་ཏེ་མའོ་དང་མཱར་ཁེ་སི་རིང་ལུགས་ཅན་ཏུ་སྒྱུར་གྱིན་ཡོད་པར་མཐོང་གི་ཡོད། འོན་ཀྱང་མི་མང་པོ་ཞིག་གིས་ཞི་ནི་ཁོ་ཚོའི་དཔུང་རོགས་ཡག་པོ་ཞིག་ཏུ་ཡིད་ཆེས་བྱེད་ཀྱི་མེད། ཁོ་ཚོས་སྐུ་ཞབས་ཞི་ཡིས་རང་ཉིད་ཀྱི་རྒྱལ་སྤྱིའི་ཚོང་འབྲེལ་རྒྱ་སྐྱེད་དང་། རྒྱལ་ཁབ་མང་པོ་ཞིག་དང་ལྷན་ཏུ་གྲོགས་པོའི་འབྲེལ་བ་བཟུང་སྟེ་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དང་། ཊི་རུམ་ཕི་ལ་ཁ་གཏད་བཅག་སྟེ་རང་ཉིད་སྟོབས་ཤུགས་ཅན་ཡིན་པ་ངོམ་བཞིན་ཡོད་པར་མཐོང་གི་ཡོད།
པེ་ཅིན་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ཀྱི་མཁས་དབང་སྐུ་ཞབས་ཧྲེ་བཱི་ཧྥ་ (He Weifang) ལགས་ཀྱིས་བརྗོད་དོན། ཞི་ཅིན་ཕིན་གྱིས་མའོ་རིང་ལུགས་པ་ཚོར་གོ་སྐབས་སྤྲད་དེ་གུ་ཡངས་རིང་ལུགས་པར་མགོ་གནོན་དང་། ཞི་རང་ཉིད་ཀྱིས་མགོ་གནོན་མི་ཐུབ་པའི་ཆབ་སྲིད་ཀྱི་མེ་སྟག་སྒྲོན་པ་ནི་ཧ་ཅང་ཉེན་འཚབ་ཅན་ཞིག་རེད་ཅེས་དང་། གལ་སྲིད་རྒྱ་ནག་གི་ཆབ་སྲིད་ཀྱི་ཁ་ཕྱོགས་མི་མཐུད་དུ་མའོ་རིང་ལུགས་ཀྱི་རྙིང་ཞེན་ཚོགས་པའི་ལངས་ཕྱོགས་སུ་ཕྱིན་ཚེ། དེས་རྒྱ་ནག་གི་མ་འོངས་པར་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པ་གདོན་མི་ཟ་ཟེར།