ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༣ ཉིན་སྤེལ།
ལྷ་མོ་མཚོས་རྒྱ་ཡིག་ལས་བོད་བསྒྱུར་ཞུས།
སློབ་དཔོན་ཆེན་མོ་ཨུར་དན་ཨེ་པོ་ལག་ངོ་སྤྲོད་མདོར་བསྡུས།
སྐུ་ཞབས་ཨུར་དན་ཨེ་པོ་ལག་(乌·额·宝力格) (Uradyn E. Bulag)ལགས་ནི་ཁམ་པུ་རེ་ཇུའི་སློབ་ཆེན་གྱི་སོག་པོའི་གནའ་བོའི་མི་རིགས་རིག་པའི་སློབ་དཔོན་དང་། སློབ་ཆེན་གྱི་སོག་པོ་དང་ཡེ་ཤ་ཡའི་ཞུབ་འཇུག་ལྟེ་བའི་ཚོགས་མི་ཡིན། ཁོང་གིས་ཨ་རིའི་ནུའུ་ཡོག་གྲོང་ཁྱེར་གྱི་ཁུ་ཐུ་སློབ་གླེང་གི་སློབ་དཔོན་གྱི་འགན་ཡང་བཞེས་མྱོང་ཞིང་། ཁོང་སྔོན་ཆད་ནང་སོག་མི་རིགས་དགེ་སློབ་ནས་ཕྱི་རྒྱལ་སྐད་ཡིག་སྡེ་ཚན་ལས་སློབ་མཐར་ཕྱིན། ཕྱིས་སུ་ཁམ་པི་རེ་ཇུའི་སློབ་ཆེན་ནས་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་སློབ་མཐར་ཕྱིན། བརྩམས་ཆོས་ལ་༼ སོག་པོའི་ནང་གི་རྒྱལ་ཞེན་དང་ཕུང་གསུམ་པ་Nationalism and Hybridity in Mongolia (1998), ༽ ཞེས་པ་བརྩམས། ༼རྒྱ་ནག་གི་གྲི་ཁ་ན་ཡོད་པའི་སོག་པོ། The Mongols at China’s Edge (2002), ༽ ༼ མཉམ་བསྡེབ་ཀྱི་རྒྱལ་ཞེན་ Collaborative Nationalism (2010) ༽ སོགས་པ་ཡོད། དེང་སང་སོག་རིགས་དང་ཀྲུང་གོའི་ཞིབ་འཇུག་པ་ཞིག་ཡིན།
དུས་ཚོད། ༢༠༡༦ ཟླ་ ༡༢ ཚེས་ ༡ ཉིན།
ས་ཆ། ཆིན་ཆོད། ཁམ་པུ་རེ་ཇུའི་སློབ་ཆེན།
བཅར་འདྲི་བྱེད་མཁན། (高婵,王宁馨) ཀའོ་ཁྲན་དང་བང་ཉེན་ཤིན།
བཅར་འདྲི་བྱེད་མཁན་གཉིས་ནས་བདག་ལ་བཅར་འདྲི་བྱས་པར་ཐུགས་རྗེ་ཆེ། ཁྱེད་ཚོས་སོག་པོ་དང་ཀྲུང་གོའི་གནད་དོན་དེ་ག་འདྲ་ཞིག་ཡིན་པ་ཤེས་འདོད་ཡོད་སྟབས། ངས་རང་དགར་བཤད་རྒྱུ་ཡིན་ཞིང་རྩོམ་ཤོག་མེད་ལ་གོ་རིམ་ཀྱང་མེད། ཅི་ཞིག་དྲན་ན་དེ་གླེང་གི་ཡིན། ངས་བཤད་པའི་ནང་ན་འཁྲུག་བསྡད་ས་མང་པོ་ངེས་བར་ཡོད་པས་ཁྱེད་ཚོས་ཕྱིར་འགྲེམས་པའི་སྐབས་སུ་ལེགས་པར་སྒྲིག་རོགས་ཞུ།
གཅིག
དེང་སྐབས་ཤེས་ཡོན་པའི་སྡེ་ཚན་ཐུན་མོང་ནས་སོག་པོའི་གནད་དོན་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཤིག་གི་གནད་དོན་ཁོ་ན་མ་ཡིན་པར། སོག་པོ་ནི་ “འཛམ་གླིང་གི་མི་རིགས” ཤིག་གི་གནད་དོན་ཡིན་པའི་ལྟ་བ་བརྙེས་མགོ་ཚུགས་ཡོད། སོག་པོའི་གནད་དོན་དེ་ “རྒྱལ་སྤྱི་རང་བཞིན” ཅན་ཞིག་ཡིན་པའི་གནད་དོན་ལ་ཇི་ལྟར་བསམ་གཞིགས་གཏོང་དགོས་སམ། དང་པོ་སོག་པོའི་ས་ཁྱོན་དེ་ཀྲུང་གོ་ཁོ་ནར་ཁྱབ་པ་ཞིག་མ་ཡིན་པར། སོག་པོར་རང་དབང་རང་བཙན་གྱི་སོག་པོའི་རྒྱལ་ཁབ་ཀྱང་ཡོད། ཨུ་རུ་སུའི་ནང་སོག་པོ་མི་རིགས་དང་འབྲེལ་བའི་ས་ཁུལ་མང་པོ་ཡོད། དཔེར་ན། བྷོ་རེ་ཡ་ཐུ་(༡)(步里亚特) ཁལ་ཁ།(༢)(赤塔) ཐུ་བ།(༣)(图瓦) ཨ་འར་ཐར། (༤)(阿尔泰) ཁལ་མིག་(༥)(卡尔梅克)ལ་སོགས་པ་རེད། ས་ཁུལ་ཁ་ཤས་ཀྱིས་ཁོ་ཚོ་སོག་པོ་ཡིན་པ་ངོས་ལེན་བྱེད་ཀྱི་མེད་ཀྱང་། ཁོ་ཚོའི་རིག་གཞུང་ནང་སོག་པོའི་གོམ་གཤིས་མང་པོ་འཇགས་ཡོད། སྔོན་གྱི་ཁལ་མིག་དང་བྷོ་རེ་ཡ་ཐུ་(布里亚特)ལ་སོག་པོ་སྤྱི་མཐུན་རྒྱལ་ཁབ་ཅེས་འབོད་ཀྱི་ཡོད་ཀྱང་། ཕྱིས་སུ་ཨུ་རུ་སུས་དེའི་ཁོངས་གི་སོག་པོ་རྩ་མེད་དུ་བཏང་བ་རེད། ད་དུང་ཨབ་གྷན་(阿富汗)ནང་གི་ཧ་ཌ་ལ་(哈扎拉)མི་འབུམ་གཅིག་ཡོད་ལ་དེ་ཚོ་ཚང་མ་སོག་པོ་རེད། དབྱི་ལིང་(伊朗)ས་ཁུལ་ཏུ་སོག་པོ་ཡོད་ཀྱང་ཁོ་ཚོས་སོག་སྐད་བཤད་ཀྱི་མེད།
ཅིའི་ཕྱིར་གོང་གི་ས་ཁུལ་དེ་དག་ནང་སོག་པོ་ཡོད་དམ། དེ་ནི་སོག་པོའི་རྒྱལ་པོ་དང་འབྲེལ་བ་ཡོད་པས་རེད། ཇིང་གར་རྒྱལ་པོ་དང་ཁོང་གི་བུ་རྒྱུད་ཚོས་སོག་པོ་འཛམ་གླིང་གི་ས་ཁུལ་མང་པོར་ཁྱབ་བརྡལ་བཏང་ཡོད། དེའི་སྐབས་ཀྱི་སོག་པོའི་རྒྱལ་ཁབ་ནི་ཆེན་པོ་བཞིར་ཕྱེས་ཡོད་ཅིང་། དེ་དག་ཅིན་ཧན་ཏེ་དེང་གི་ཕོ་སི་དབྱི་ལིང་ལྟེ་བ་བྱས་ཡོད། དེ་ནས་ཅེན་གྲང་ཧན་དང་དེ་ནི་ཨུ་རུ་སུ་དང་ཨེ་ཤ་ཡའི་ལྟེ་བ་གཙོར་བྱས་ཡོད། ད་རུང་ཙ་ཧ་ཧན་ཏེ་དེང་གི་ཨབ་གྷན་ས་ཁུལ་དག་ཡིན།
དེར་མ་ཟད་ང་ཚོར་རྒྱུས་མངའ་ཡོད་པའི་མཱིན་རྒྱལ་རབས་རེད། སོག་ཡཱན་ཏེ་ཀྲུང་གོའི་ནང་འདི་ལ་དེང་སྐབས་སྤྱིར་བཏང་ནས་ཡཱོན་རྒྱལ་རབས་ཞེས་འབོད་ཀྱིན་ཡོད། རྒྱལ་ཁབ་འདིའི་མིང་ལ་དོན་དམ་དུ་ཅི་ཞིག་ཟེར་བ་ང་ཚོས་སེམས་ལ་འཛིན་དགོས། རྒྱལ་ཁབ་འདིའི་མིང་ལ་ “གནའ་བོའི་སོག་པོའི་རྒྱལ་ཁབ་ཆེན་མོ” ་ཟེར། ཅིའི་ཕྱིར་འདི་ལྟར་ཟེར་རམ་ཅེ་ན། རྒྱུ་མཚན་ ༡༢༦༦ ལོ་སྟེ་ཡཱོན་ཁྲི་ལོ་གསུམ་པར་སོག་རྒྱལ་ཧོ་པེ་ལེ་ནས་ཉི་ཧོང་གི་རྒྱལ་བོ་ལ་སྦྲེངས་བའི་འཕྲིན་ཡིག་གི་མགོར། གནམ་བསྐོས་ཀྱི་སོག་པོ་རྒྱལ་ཁབ་ཆེན་པོའི་རྒྱལ་པོས་ཉི་ཧོང་གི་རྒྱལ་བོ་ལ་སྤྲིངས་ཞེས་བཀོད་ཡོད། དེང་སང་ཀྲུང་གོའི་ཤེས་ལྡན་པ་མང་དག་ཅིག་གིས་སོག་པོའི་རྒྱལ་ཁབ་ཆེན་པོ་གླེང་སྐབས། ཡཱོན་རྒྱལ་རབས་ཤེས་འབོད་རྒྱུ་གོམས་གཤིས་སུ་འཇགས་ཡོད་ལ། དེ་ནི་ཧ་ལམ་ཀྲུང་གོའི་རྒྱལ་རབས་ཤིག་ཡིན་པ་ལྟ་བུར་བརྩི་མོད། དོན་དངོས་སུ་ཕྱོགས་གཞན་ཞིག་ནས་བལྟས་ན་བཤད་སྟངས་གནད་འགག་ཆེན་པོ་ཞིག་མིན། དེ་ནི་སྐབས་དེར་ཀྲུང་གོ་སོག་པོའི་དབང་བསྒྱུར་འོག་ཏུ་ཡོད་པ་ལས་ལྡོག་ཟླ་ཞིག་མ་རེད།
ངས་བཤད་འདོད་པའི་གནད་འགག་གཉིས་པ་དེ་སོག་པོའི་རྒྱལ་ཁབ་ཆེན་པོའི་ཁྱད་ཆོས་གཞན་ཞིག་ནི། སོག་པོས་འཛམ་གླིང་ལོ་རྒྱུས་གསར་བཏོད་བྱས་པ་དེ་ཡིན། སོག་པོའི་རྒྱལ་ཁབ་ཆེན་པོས་ཆེས་ཐོག་མར་འཛམ་གླིང་ལོ་རྒྱུས་ཀྱི་ཡོལ་བ་ཕྱེས་པ་རེད། འདིའི་ཐད་ལ་ཉི་ཧོང་གི་མཁས་དབང་གངས་ཐིན་ཡོན་སིན་དང་ཏེན་ཧྲིན་ཀྲིན་མེན་གཉིས་ཀྱིས་དཔྱད་བརྗོད་སྤེལ་ཡོད་ལ། ཀྲུང་གོའི་ཤེས་ཡོན་པའི་སྡེ་ཚན་ནང་དུའང་དཔྱད་བརྗོད་དེ་ངོས་ལེན་བྱེད་མགོ་བརྩམས་ཡོད། ཉེ་ཆར་བདག་གིས་(ཀློག་པ་པོ)ཞེས་བའི་སྟེང་། འཛམ་གླིང་ལོ་རྒྱུས་ཀྱི་བསམ་ཕྱོགས་ཤེས་པའི་བསམ་ཚུལ་ཞིག་བྲིས་ཡོད་ལ། དེ་མི་རིང་བར་དཔར་བསྐྲུན་བྱེད་ངེས་རེད། སོག་པོའི་རྒྱལ་ཁབ་ཀྱིས་ཡུ་རོབ་དང་ཡ་གླིང་གཉིས་གཞི་གཅིག་ཏུ་སྤྲེལ་ཡོད། དེ་སྔོན་ཡུ་རོབ་དང་ཡ་གླིང་གཉིས་བར་ལ་འགྲོ་འོང་མེད། སོག་པོས་གླིང་ཆེན་འདི་གཉིས་བར་སྐམ་སའི་འབྲེལ་མཐུད་བྱས་ཡོད་པ་མ་ཟད་མཚོ་ལམ་ཡང་ཕྱེས་ཡོད། གམ་ཧུག་ནི་མཱེན་རྒྱལ་རབས་སྐབས་(སུ་ཤི་ཡང་ངམ་ནུབ་ཕྱོགས་སུ་མངགས་པ་རེད་)ཀྱི་མི་ཞིག་ཡིན། ཁོ་ནི་ཁ་ཆེ་ཡིན་ཞིང་སོག་པོས་ཨ་ལ་པོ་ནས་འཁྲིད་འོང་བའི་རྒྱལ་རྒྱུད་ཅིག་རེད། མ་ཁུ་ཕོ་ལོ་(༦)་སྐམ་སར་བརྒྱུད་ནས་ཀྲུང་གོར་བསླེབས་པ་དང་། ཕྱིར་མཚོ་ལམ་བརྒྱུད་དེ་ལོག་པ་རེད། དེ་བས་སོག་པོའི་བཙན་རྒྱལ་ནི་སྐབས་དེར་སྐམ་སའི་སྟེང་གི་སྟོབས་ཤུགས་ཆེ་ཤོས་ཀྱི་བཙན་རྒྱལ་ཞིག་ཡིན་པ་མ་ཟད། རྒྱ་མཚོའི་ཐོག་གི་བཙན་རྒྱལ་བ་ཞིག་ཀྱང་ཡིན་སྟབས་འཛམ་གླིང་སྟེང་དབང་ཐང་ཆེ་ཤོས་དེ་ཆགས་ཡོད། དཔེར་ན། ནན་སོན་དང་ཉི་ཧོང་། ཀ་བ་གླིང་(༧)ལ་སོགས་པ་ལ་དམག་འཐབ་བྱེད་མཁན་སོག་པོའི་མཚོ་དམག་ཡིན། དེའི་རྐྱེན་གྱིས་སོག་པོས་འཛམ་གླིང་གི་ཡོལ་བ་ཕྱེས་པ་རེད་ཅེས་ལབ་ཀྱང་མ་འགྲིག་པ་མེད།
དོན་རྐྱེན་འདི་དག་ཡི་གེར་བཀོད་ཟིན་པ་དང་། ལོ་རྒྱུས་ཀྱིས་ཟིན་བྲིས་བཏབ་ཟིན་པ་རེད། དེ་ཡང་སོག་པོས་མགོ་བརྩམས་པ་ཞིག་རེད།
ཅིན་ཧན་རྒྱལ་ཁབ་ཀྱི་བློན་ཆེན་ལ་ཤུ་བདེ་ཏིན་(༨)(Rashid al-Din)གྱིས་འཛམ་གླིང་ལོ་རྒྱུས་ཤིག་བྲིས་འདུག ཁོང་གི་ལོ་རྒྱུས་དེབ་ནང་སོག་པོའི་རྒྱལ་ཁབ་འོག་གི་མི་ཚང་མའི་འབྲེལ་ལམ་དང་དེ་དག་གི་འབྱུང་ཁུངས་དང་རྒྱབ་ལྗོངས་སོགས་གླེང་འདུག་ལ། ཤུ་བདེ་ཏིན་ནི་ཅིན་ཧན་རྒྱལ་རབས་སྐབས་ཀྱི་བློན་ཆེན་ཞིག་ཡིན་སྟབས། ཁོང་གིས་བྲིས་བའི་ལོ་རྒྱུས་ནི་ཁོང་རང་གིས་དངོས་སུ་ཞིབ་འཇུག་དང་གསུངས་གནང་བ་ཞིག་རེད། དེར་བརྟེན། ལོ་རྒྱུས་དེའི་ནང་གི་ལེའུ་དང་པོ་དེ་ནི་ཁོང་གི་ཞལ་གདམ་ཞིག་རེད། འདིས་སོག་པོས་སྐབས་དེར་སོག་པོའི་མིག་རྒྱང་རྩ་ཐང་ཁོ་ནར་ལྷག་མེད་བར་འཛམ་གླིང་གང་སར་ཁྱབ་ཡོད་པའི་ཁྱད་ཆོས་བསྟན་ཡོད་ལ། སོག་པོའི་འཛམ་གླིང་གི་མིག་རྒྱང་ལྷོ་ཕྱོགས་ཁོ་ནར་བསྟད་མེད་པར། ནུབ་ཕྱོགས་དང་ཤར་ཕྱོགས་གང་སར་གཏད་ཡོད་པ་བསྟན་ཡོད། དེ་རིང་ང་ཚོས་བཤད་བཞིན་པའི་ “གནམ་འོག” དབང་ཐང་ཟེར་བའི་ལམ་ལུགས་འདིའི་ཁོངས་སུ་གཏོགས་པ་རེད། དེང་སང་ཀྲུང་གོའི་ཤེས་ཡོན་པའི་སྡེ་ནས་ཀྱང་ལྟ་ཚུལ་འདིར་ག་ལེར་ཁ་ཕྱོགས་བཞིན་ཡོད། དངོས་ཡོད་ཀྲུང་གོ་ནང་ཁུལ་ “གཅིག་གྱུར་ཆེན་མོ” དེ་དོན་དངོས་སྟེང་ “ཡཱོན་རྒྱལ་རབས་ནས་མགོ་ཚུགས་པ” ཞིག་རེད། བོད་ནི་དུས་ནམ་ཞིག་ལ་ཀྲུང་གོའི་ཆ་ཤས་སུ་གྱུར་བ་ཡིན་ནམ། དེ་ནི་ངེས་བར་ཏུ་ཡཱོན་རྒྱལ་རབས་ནས་བསླེབས་པ་ཞིག་རེད། དངོས་ཡོད་སྟེང་ “ཐོག་མ་” ཟེར་བ་དེ་སུས་ཀྱང་གསལ་བོ་བཤད་མི་ཐུབ་ཀྱང་། ཕལ་མོ་ཆེས་དེ་ནི་ཡཱོན་རྒྱལ་རབས་ཡིན་པར་ངོས་འཛིན་བྱེད་ཅིང་། དེར་རྩ་བ་འཛིན་ས་ཞིག་ཀྱང་ཡོད་པ་རེད།
དེ་ལས་དོན་སྙིང་ལྡན་པ་ཞིག་ལ་སོག་པོས་དེང་གི་ཀྲུང་གོ་ལ་བཞག་པའི་ “མཛད་རྗེས” ནི་ཀྲུང་གོའི་ཆ་ཤས་གཙོ་བོ་ཡིན་པའི་མངོན་འདོད་དང་བདེན་དཔང་རེད། ཟློག་ནས་བཤད་ན་སོག་པོ་མེད་ཚེ་དེ་རིང་གི་ཀྲུང་གོ་ཡང་མེད། དངོས་ཡོད་ཐོག་སོག་པོས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཚང་མའི་ས་ཁུལ་ཡོངས་རྫོགས་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད། ཨེ་ཤ་ཡའི་རྒྱལ་ཁབ་དག་ནི་སྨྲས་མ་དགོས་པ་ཞིག་རེད་ལ། ཨུ་རུ་སུའི་མི་རིགས་འདི་ཡང་སོག་པོའི་རྒྱལ་རྒྱུད་འཛིན་མཁན་ཞིག་ཏུ་གྱུར་ཡོད། དུས་རབས་བཅུ་བདུན་བར་ཨུ་རུ་སུའི་རྒྱལ་པོ་ཡང་སོག་པོའི་རྒྱལ་རྒྱུད་ཇིང་གར་རྒྱལ་པོའི་བུ་རབས་ཚ་རྒྱུད་ཀྱིས་བཟུང་ཡོད། འོན་ཀྱང་སོག་པོ་ཨུ་རུ་སུའི་རྒྱལ་པོ་དེ་མིང་ཙམ་ཡིན། དེ་ནི་དེང་གི་དབྱིན་ཇིའི་རྒྱལ་མོ་དང་ཉི་ཧོང་གི་གནམ་བསྐོས་གོང་མ་ལྟ་བུའི་སྒྲོམ་གཞི་ཞིག་རེད། ཁོ་ལ་དབང་ཆ་གཅིག་ཀྱང་མེད་ལ་དབང་ཆ་ཨུ་རུ་སུའི་མི་མང་གི་ལག་ཏུ་ཡོད། ཉེ་རབས་ཡུ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་མང་ཆེ་བར་ལུགས་སྲོལ་འདི་ལྟ་བུ་ཞིག་འགྲོ་བཞིན་ཡོད། རྒྱལ་ཁབ་མང་ཆེ་བས་སོག་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་ཞིབ་འཇུག་བྱེད་དགོས་བའི་ནང་གི་གལ་གནད་ཅིག་ཆགས་ཡོད། དེ་ནི་དགའ་སྡང་གི་འདོད་པ་ཞིག་ལ་འབྲེལ་བ་མེད། ཨ་རིའི་མཁས་དབང་Jack Weatherord(༩) གྱིས་བརྩམས་པའི་ཁྲིན་ཅི་སུ་ཧན་དང་། དེ་རིང་འཛམ་གླིང་གི་ཆགས་རིམ་ ༢༠༠༤ ལོ་དཔར་བསྐྲུན་ཞུས་པ་དེའི་ནང་ཁྲིན་ཅི་སུ་ཧན་གྱི་བཙན་པོའི་རྒྱལ་ཁབ་དེས་འཛམ་གླིང་དེང་རབས་ཅན་ལ་བསྒྱུར་བའི་རྨང་གཏོང་མཁན་དེ་ཡིན་ཞེས་བསམ་ཚུལ་བཏོན་འདུག
ད་སྐབས་ཀྲུང་གོའི་ཤེས་ཡོན་པ་མང་པོས་སོག་པོའི་རྒྱལ་རབས་དེ་ཡོན་རྒྱལ་རབས་ལ་ངོས་བཟུང་ཡོད་ལ། དེ་ནི་སོག་པོ་བཙན་རྒྱལ་གྱི་ཡང་སྙིང་གཙོ་བོ་ཡིན་པ་བརྗེད་འདུག ཆིན་རྒྱལ་རབས་ལྟར་ཀྲུང་གོའི་ལོ་རྒྱུས་ཀྱི་ཁོངས་སུ་བཞག་འདུག ཀྲུང་གོའི་ཤེས་ཡོན་པ་ཚོས་མན་ཇུ་བ་ཚོ་རྒྱ་རིགས་ལ་ཡིད་སྨོན་ཤོར་ཏེ་རིམ་བཞིན་རྒྱ་རིགས་ཀྱི་ཁོངས་སུ་འཐིམ་པ་རེད་ཅེས་བཤད་ཀྱིན་འདུག དེ་ནི་སྔོན་ཆད་ཀྱི་རྒྱལ་པོ་ཞོ་བིན་ལྟར་རང་ཉིད་རང་འདོད་ཀྱིས་རྒྱ་བསྒྱུར་བྱས་པ་རེད་ཟེར། ཡིན་ན་ཡང་ཨ་རིའི་མན་ཇུ་རིགས་པ་བ་ཚོས་དོན་དངོས་ཐོག་དེ་འདྲ་ཞིག་མ་ཡིན་པར་མན་ཇུ་ཁོ་ཚོ་ནང་ཁུལ་ཏུ་ཡང་གནད་དོན་ཞིག་ཡོད་པ་ནི་ “རང་ཉིད་སུ་ཡིན” པ་དེ་རེད། ཁོ་ཚོ་ལ་རྒྱལ་རྒྱུད་ནང་རང་ཉིད་གནས་རྒྱུའི་ཐད་ལ་སེམས་ཁྲལ་དང་དོགས་ཟོན་ཡོད། རྒྱལ་མོས་(༡༠)རྒྱལ་ས་བཟུང་ནས་ཆིན་མ་འཇུག་བར་མན་ཇུས་རྒྱ་སྐད་སློབ་ཀྱི་ཡོད་ཀྱང་རང་ཉིད་རྒྱ་རིགས་ཡིན་ལབ་མྱོང་མེད། མཐའ་མར་རྒྱལ་པོས་ཀྱང་རང་གི་ཕ་སྐད་ཀྱང་བརྗེད་ཟིན་པ་རེད། དེའི་སྐབས་སུ་ཕོ་བྲང་ནང་འགྲོ་ལུགས་ཤིག་ཡོད་པ་ནི་མན་ཇུས་བྱ་བཞག་ཐམས་ཅད་ཚོགས་སྡེ་གཞན་དང་བསྟུན་ཏེ་ཐག་གཅོད་དགོས་བའི་སྒྲོམ་གཞི་ཡོད་པ་རེད། ཐོག་མ་དེ་ལ་མན་ཇུས་རང་དང་སོག་པོའི་བར་གྱི་འབྲེལ་བ་དེ་ཐག་གཅོད་དགོས། ཅིན་རྒྱལ་རབས་(༡༡)སྐབས་སུ་མན་ཇུའི་རྒྱལ་མོ་ནི་སོག་པོའི་རྒྱུད་པ་ཡིན། ཕྱིས་སུ་མན་ཇུ་སཱོང་དང་མཉམ་འབྲེལ་བྱས་ཏེ་ཅིན་རྩ་གཏོར་བཏང་། སོག་པོས་རྩ་མེད་བཏང་བའི་བྱང་དུས་ཀྱི་མི་རིགས་ཏེ་ནུས་གྲིན་ཆ་ཤས་སོག་པོ་ཡིན། ཆིན་རྒྱལ་རབས་འཛུགས་པའི་སྐབས་སུ་ནུས་གྲིན་མི་རིགས་ཀྱི་མིང་དེ་མན་ཀྲུན་ལ་བསྒྱུར་བ་རེད། འདི་དག་ནི་སོག་པོའི་བུ་ཚའི་རྒྱུད་པ་ཡིན།
མན་ཇུ་དང་སོག་པོའི་འབྲེལ་བ་ནི་རྙོག་འཛིང་ཅན་ཞིག་ཡིན། དེ་ནི་མན་ཇུ་ནང་ཁུལ་འཚོ་བ་མི་འདྲ་བ་ཁག་མང་པོ་ཡོད་པ་དང་། མན་ཇུ་གཙོ་བོ་ཁུ་འར་ཆེན་པོའི་སྐུ་དྲག་གི་རིགས་དང་འབྲེལ་བ་དམ་པོ་ཡོད། འབྲེལ་བ་དམ་པོ་ཞེས་པ་དེ་ཚད་ཅི་འདྲ་ཞིག་ཡིན་ནམ། ཁྲག་རྒྱུན་ལས་བལྟས་ན་ཁོ་གཉིས་ནི་དབྱེ་བ་འབྱེད་མི་ཐུབ། མན་ཇུ་དང་སོག་པོའི་གཉེན་སྒྲིག་པ་དང་མན་ཇུའི་སྐུ་དྲག་ཚོ་བྱུང་བ་རེད། སྐུ་དྲག་ཆ་ཚང་བ་སོག་པོའི་ཁྲག་རྒྱུན་ཁོ་ན་ཡིན། ཡིན་ན་ཡང་ད་རུང་རང་ཉིད་བརྟན་སྲུང་བྱས་ཡོད། ཟློག་ནས་བཤད་ན་ཁོ་ཚོ་རྒྱ་རིགས་དང་མཉམ་ཏུ་གཉེན་སྒྲིག་སྲོལ་མེད། ཡིན་ན་ཡང་དེ་རིང་ང་ཚོས་ཁོ་ཚོ་རྒྱ་ལ་འགྱུར་བ་རེད་ཟེར་གྱི་ཡོད། ང་ཚོའི་བསམ་བློའི་སྟེང་གི་གོང་གསལ་གནད་དོན་དེ་ཇི་ལྟར་ཐག་གཅོད་དགོས་སམ། ང་ཚོས་ཅིའི་ཕྱིར་མན་ཇུ་སོག་པོ་ལ་འགྱུར་བ་རེད་ཟེར་གྱི་མེད་པ་དང་། ཡང་ན། སོག་པོ་མན་ཇུ་ལ་འགྱུར་བ་རེད་ཟེར་གྱི་མེད་པ་རེད། དངོས་ཡོད་གནས་སྟངས་ཐོག་ཁྱེད་ཀྱི་ནང་དུ་ང་ཡོད་ལ། ངའི་ནང་དུ་ཁྱེད་ཡོད་ཅེས་པའི་འབྲེལ་བ་དེ་རེད། ཡིན་ནའང་སུས་ཀྱང་དེ་འདྲ་བཤད་ཀྱི་མི་འདུག་ལ། ད་རུང་མུ་མཐུད་ནས་ནན་གྱིས་མན་ཇུ་ནི་མན་ཇུ་དང་སོག་པོ་ནི་སོག་པོ་རེད་ཅེས་རྗོད་ཀྱིན་འདུག ཅིའི་ཕྱིར་འདི་ལྟ་བུའི་བསམ་པའི་འདུ་ཤེས་བཟོས་ཚར་བ་ཡིན་ནམ། འདི་ནི་དོན་སྙིང་ལྡན་པའི་གནད་དོན་ཆེ་པོ་ཞིག་རེད།
ད་དུང་མན་ཇུ་དང་བོད་ཀྱི་འབྲེལ་བ་ཐག་གཅོད་དགོས། ཇི་ལྟར་ཐག་གཅོད་དགོས་པ་དེ་ཐད་ཀར་བོད་རིགས་ལ་འབྲེལ་བ་མེད་ཀྱང་། བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱིས་མན་ཇུའི་བསམ་བློའི་འདུ་ཤེས་ལ་དབང་བསྒྱུར་བྱས་ཡོད། སོག་པོ་ནི་སྤྱིར་བཏང་གི་འཚོ་བ་ཞིག་མ་ཡིན་པར་སོག་པོས་མན་ཇུ་ལ་བཙན་འཛུལ་དབང་བསྒྱུར་བྱས་མྱོང་། དེར་བརྟེན། མན་ཇུས་སོག་པོ་ལ་བཀག་འགོག་བྱས་ཡོད་ལ་སོག་པོ་བེད་སྤྱོད་ཀྱང་བཏང་ཡོད། ཕྱོགས་གཞན་ཞིག་ནས་སོག་པོས་ཀྱང་རང་ཉིད་ཕམ་པ་ངོས་ལེན་བྱས་མེད་ལ་ཕམ་ཁ་འཁུར་འདོད་ཀྱང་ཡོད་པ་མ་རེད། གོ་སྐབས་བྱུང་ཚེ་སོག་པོས་མན་ཇུ་ལ་ངོ་ལོག་བྱ་ངེས་པ་མ་ཟད། ཀྲུང་གོའི་སྐམ་ས་དང་འཛམ་གླིང་ལ་དབང་བསྒྱུར་བྱ་ངེས། དེའི་རྐྱེན་གྱིས་མན་ཇུས་ཕྱོགས་གཅིག་ནས་རང་ལ་མཐའ་མཚམས་སྲུང་སྐྱོབ་ཀྱི་རོགས་རམ་དང་། ཕྱོགས་གཞན་ཞིག་ནས་རང་གི་སྲིད་དབང་ལ་ཐེ་ཇུས་བྱེད་མི་ཐུབ་པ་བཟོས་ཡོད། དེར་བརྟེན། མན་ཇུས་སོག་པོ་ལ་ལྟ་སྟངས་གདུག་རྩུབ་ཅན་ཞིག་ཡིན། ང་རང་ཉིད་ནི་འི་འར་དོ་སུའི(༡༢) (鄂尔多斯) འཚོ་བའི་ཡིན་ལ། བདག་གི་འཚོ་བ་མན་ཇུ་ཡིས་མེད་པར་བཏང་ཟིན། ཚ་ཧུག་འཚོ་བ་ནི་སོག་པོ་འཚོ་བའི་ལྟེ་བ་དང་། དེ་ནི་ད་ཧུག་གི་འཚོ་བ་ཡིན་ལ་དེས་ཀྱང་མན་ཇུ་ཡིས་མེད་པར་བཟོས་པ་རེད། ཆེས་ཡ་ང་བའི་དམག་འཁྲུག་དེ་ཤིན་ཅང་ནས་སོག་པོའི་ནུབ་ཕྱོགས་ཀྱི་ཇུན་གར་(༡༣)རྒྱལ་ཁབ་སྟེ་སོག་པོ་བེ་ལ་འཚོ་བའི་ཁོངས་གཏོགས་ཡིན་པ་དེར་བྱུང་། (དེའི་སྐབས་སུ་སོག་པོ་ནི་འཚོ་བ་ཆེན་པོ་གསུམ་ལ་ཕྱེས་ཡོད། གཅིག་ནི་ཤར་ཕྱོགས་འཚོ་བ་དང་དེ་རིང་གི་ཁ་འར་ཆུ་(༡༤)ས་ཁུལ་དང་ཁྲིན་ཅི་སུ་ཧན་གྱི་ནུ་བོ་ཧ་སར་གྱི་འཚོ་བ་ཡིན། དེའི་རྗེས་སུ་ཀྲུང་དབྱང་གི་སོག་པོ་ཡིན་ལ་དེ་ནི་གང་ཞིག་ལ་གོ་དགོས་ཟེར་ན། དེ་ནི་ཁྲིན་ཅི་སུ་ཧན་རང་གི་བུ་རབས་ཚ་རྒྱུད་ཀྱིས་བཟུང་བའི་འཚོ་བ་ཡིན་ལ་དེ་ལ་ཀྲུང་དབྱང་གིས་སོག་པོ་ཞེས་གོ་བ་རེད། ཐ་མ་དེ་ནི་ཁྲིན་ཅི་སུ་ཧན་གྱི་སྤུན་གྲོགས། བློན་པོ་དང་མག་པ་སོགས་ཀྱི་དབང་བསྒྱུར་བའི་ས་ཁུལ་ཡོངས་ཡིན་ལ་བེ་ལ་ཐུ་འཚོ་བ་ཡིན་པ་དང་ནུབ་ཁུལ་ན་ཡོད། དབྱེ་མཚམས་འདི་དག་ཧ་ཅང་ཁ་གསལ་བོ་ཡོད་ལ་དམིགས་ཡུལ་གཙོ་བོ་ནི་སོག་པོའི་ནང་ཁུལ་ལ་དབང་བསྒྱུར་དང་སུ་ལ་ཡང་སོག་པོའི་བདག་པོ་བྱེད་རྒྱུའི་ཁག་ཐག་བྱས་ཡོད་པ་རེད།)
དེའི་སྐབས་ཀྱི་བེ་ལ་ཐུ་འཚོ་ཁག་ཁ་འཐོར་ཏུ་ཕྱིན་ཡོད། རྦད་དེ་ཁ་འཐོར་ཚར་བ་རེད། དངོས་ཡོད་ཐོག་འདི་འབྲོག་ལས་རྒྱལ་ཁབ་ཀྱི་ལམ་ལུགས་ཤིག་ཀྱང་རེད། དཔེར་ན། ༡༦༢༨ ལོར་ཐོའུ་ཧུག་ཐུའི་འཚོ་(༡༥)བ་དང་། ཨུ་ཧུ་ཐུའི(༡༦)འཚོ་བའི་མགོ་འཁྲིད་འོག་མཉམ་འབྲེལ་ངང་འཚོ་བ་གཉིས་ཀའི་དམག་ཚོགས་ཀྱིས་ཏུའུ་པར་ཐུ་དང་ཧྲུག་ཐུ་འཚོ་བ་གཉིས་ཀྱི་ཆུ་འགྲམ་དང་ཕྱུག་འཚོ་རྒྱུར་བཀག་འགོག་བྱས། དེ་ནི་དེང་སང་གི་ཨུ་རུ་སུའི་ཉེ་འཁོར་གྱི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་དང་དེའི་གཡས་གཡོན་དག་ཡིན་ལ་དེ་ནས་ཐོའ་རྒྱལ་ཁབ་བཙུགས་པ་རེད། ཧུ་ཧྲུག་ཐུའི་འཚོ་བའི་ཀོ་ཤུ་ཧན་གྱིས་ཧུ་གྲུག་ཐུའི་འཚོ་བ་དང་ཐོའུ་འཚོ་བ་གཉིས་མཉམ་འབྲེལ་བྱས་ཏེ་ ༡༦༤༡ ལོར་བོད་དུ་དམག་དྲངས། ཏཱ་ལའི་བླ་མ་ལྔ་བ་ཆེན་པོ་ལ་དམག་རོགས་མཛད་དེ་བོད་ལ་དབང་བསྒྱུར་བ་དང་བོད་ཀྱི་རྒྱལ་བོ་མཛད། དེ་དང་དུས་མཉམ་ཏུ་ཇུན་གར་གྱིས་བཟུང་བའི་ཤིན་ཅང་། སོག་པོའི་བྱང་ཕྱོགས་དང་ནུབ་ཁུལ་ཀྱི་ས་ཁུལ་འགའ་ཡང་བདག་ཏུ་བཟུང་ནས་རང་གི་རྒྱལ་ཁབ་བཙུགས། ང་ཚོས་སོག་པོའི་ས་ཁྱོན་དེ་གང་སར་ཁྱབ་ཡོད་ཀྱང་ནང་ཁུལ་འཛིན་སྐྱོང་དེ་གཅིག་གྱུར་རང་བཞིན་ཅན་ཞིག་ཡིན། དེར་བརྟེན། དུས་རབས་བཅུ་བདུན་པའི་ནང་མན་ཇུ་དར་རྒྱས་འགྲོ་བའི་སྐབས་སུ་བེ་ལ་ཐུ་སོག་པོ་ཡང་མཚོ་སྔོན་བོད་ཁུལ་དང་ཨེ་ཤ་ཡ་ཡོངས་ལ་དར་ཁྱབ་ཏུ་འགྲོ་བཞིན་ཡོད། ཧ་རྫ་ཁུ(༡༧)ཡོངས་དང་ཅུ་འར་ཅུ་(༡༨)ཚང་མ་སོག་པོའི་དབང་སྒྱུར་འོག་ཡོད། དེ་དག་ནི་དེང་གི་བེ་བུ་འར་མི་རིགས་སྐབས་དེར་བེ་ལ་ཐུ་སོག་པོའི་མི་ཁོངས་སུ་ཡོད། ཀྲུང་གོའི་སྲོལ་རྒྱུན་ལོ་རྒྱུས་ཀྱིས་འདི་དག་གླེང་གིན་མེད།
ལོ་རྒྱུས་ནི་ཇི་ལྟར་བརྩམས་དགོས་སམ། ང་ཚོས་ངེས་པར་དུ་འདི་དག་ལ་ཕྱི་འདང་ཞིག་བརྒྱག་དགོས། དུས་རབས་ ༡༨ པའི་ནང་མན་ཇུ་དང་ཇུན་གར་སོག་པོའི་རྒྱལ་ཁབ་གཉིས་བར་འགལ་ཟླ་ཆེན་པོ་བྱུང་སྟེ་ ༡༧༥༦ ལོ་དང་། ༥༧ དང་ ༥༨ ལོ་གསུམ་གྱི་རིང་དམག་འཁྲུག་ཆེན་པོ་བྱུང་ཡོད། མཐར་ཇུན་གར་སོག་པོ་མན་ཇུས་ཕམ་པར་བརྒྱབ། ཕམ་ཁ་ཅི་འདྲ་ཞིག་འཁུར་ཡོད་དམ། ཡིག་ཆ་ལྟར་ན་སོག་པོ་ཁྲི་ ༦༠ བསད་པ་རེད་ཟེར། དེས་ན་མན་ཇུ་ནི་འཛམ་གླིང་ལོ་རྒྱུས་སྟེང་ཐེངས་དང་པོར་རང་གི་ཁྲག་རྒྱུན་གཅིག་པ་དང་རིགས་གཅིག་རྩ་མེད་གཏོང་མཁན་དེ་རེད་ལ། ཤེས་ཡོན་པ་འགས་ཀྱང་རང་རིགས་བརླག་མཁན་ཟེར་གྱིན་ཡོད། ཡིན་ན་ཡང་ཀྲུང་གོའི་ལོ་རྒྱུས་ཀྱིས་མན་ཇུས་ཇུན་གར་ ( 准噶尔) ལ་དམག་གནོན་བྱས་པར་བསྟོད་བསྔགས་བྱས་ཡོད། དེ་དང་མཉམ་དུ་མན་ཆིན་ཡོན་ཀྲུག་ཉིན་བཅུའི་(扬州十日)དམར་གསོད་ཆེན་མོ་གཉིས་ཧ་ལམ་གཅིག་པ་ལྟ་བུར་སྣང་།
བྱང་ཕྱོགས་ཀྱི་ཕྱུག་འཚོ་མཁན་དག་ལ་མིང་ཆད་ངན་པ་ཞིག་ཡོད་པ་ང་ཚོས་ཤེས་ཡོད། ལོ་རྒྱུས་སྨྲ་བ་ཚོས་སོག་པོའི་རྒྱལ་རྒྱུད་སྐབས་སུ་སོག་པོས་མི་གསོད་བྱ་ངན་དང་གྲོང་ཁྱེར་བཅོམ་པ་དག་གླེང་བས་རེད། སོག་པོས་ནན་སོང་ལ་དམག་འཐབ་པའི་སྐབས་སུ་གྲོང་ཁྱེར་འཕྲོག་མེད། ཡིན་ན་ཡང་སོག་པོས་བཞག་པའི་བག་ཆགས་ད་དུང་ཡང་གདུག་རྩུབ་ཅན་ཞིག་ལ་ངེས་བཟུང་ཡོད། དེ་ལ་གཞི་འཛིན་ས་གང་ཡང་མེད། མི་ཚོས་སོག་པོས་ནུབ་ཁུལ་ལ་དམག་འཐབ་པའི་སྐབས་སུ་ཀྲུང་ཡ་ནས་མི་ཁྲི་ཉིས་བརྒྱ་ལྷག་བསད་པ་རེད་ཟེར། ཁྱེད་ཀྱིས་བསམ་བློར་འཁོར་དགོས་པ་ཞིག་ལ། དེའི་སྐབས་ཀྱི་གྲོང་ཁྱེར་ཆེན་པོ་དག་ན་མི་འབོར་ཁྲི་བཅུ་ལས་བརྒལ་ཐུབ་མེད། དེའི་སྐབས་ཀྱི་མི་འབོར་གླེང་མི་དགོས་ལ། དེང་སང་མི་འབོར་ཁྲི་གཉིས་བརྒྱ་ལྷག་ཡོད་པའི་གྲོང་ཁྱེར་ཡོད་པ་མ་རེད། སྐད་ཆ་དེ་ཚོ་ནི་འུར་སྒྲོག་ཁོ་ན་རེད། དེའི་སྐབས་སུ་སོག་པོས་རྟ་ཐོག་ནས་རྒྱལ་ཁའི་ང་རོ་སྒྲོག་ཡོད་སྲིད་ཀྱང་། དེ་རིང་འདི་འདྲའི་ཁ་གསལ་བོ་བཤད་མི་ཤེས་པ་ཞིག་ཡིན་པ་བློ་ཡིད་དུ་དྲན་མ་སོང་། དེང་སང་ཤེས་ཡོན་པའི་སྡེའི་ནང་སོག་པོ་ཁོ་ན་མ་ཡིན་པར་ད་དུང་ཨ་རི་དང་ཉི་ཧོང་། ཡུ་རོབ་ལ་སོགས་པ་ནས་སོག་པོས་དོན་དམ་དུ་གྲོང་ཁྱེར་བཅོམ་ཡོད་མེད་དང་། མི་དེ་འདྲ་མང་པོ་བསད་ཡོད་མེད་ལ་ཞིབ་འཇུག་གཏིང་ཟབ་བྱས་དང་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་མཇུག་འབྲས་དེ་འདྲ་བྱུང་མེད། དམག་འཁྲུག་ནི་ཤི་གསོན་གྱི་འཐབ་རྩོད་ཡིན་པ་དེ་ནི་དོན་དངོས་རེད།
དེང་སྐབས་ཀྲུང་གོའི་ཤེས་ཡོན་པ་མང་པོ་སོག་ཡོན་ལོ་རྒྱུས་ལ་དོ་སྣང་སླེབ་ཀྱིན་འདུག བདག་གིས་ད་སྔ་གླེང་ཟིན་པའི་ཆིན་རྒྱལ་རབས་དེ་ཅིའི་ཕྱིར་འབྲི་དགོས་སམ། དེ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་རྒྱལ་རྒྱུད་མཇུག་བསྡུས་པའི་རྒྱལ་རབས་ཐ་མ་དེ་རེད། རྒྱལ་རབས་རྗེས་མའི་རྒྱལ་རབས་སྔོན་མའི་ལོ་རྒྱུས་འབྲི་རྒྱུ་ནི་འོས་འགན་རེད། ཡོན་གྱི་རྒྱལ་རབས་དེ་འབྲི་མཁན་མིན་ལ་བབས་ཡོད་པ་རེད་ལ། ཡིན་ན་ཡང་། མིན་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་སྨྲ་བས་ཧ་ཅང་མགོ་རྙོག་དང་ངན་པ་བྲིས་ཡོད་པ་རེད། དེ་རིང་ཡང་བསྐྱར་ཡོན་གྱི་ལོ་རྒྱུས་འབྲི་རྒྱུ་ནི་གྱ་གྱུ་ཆེ་བའི་གནད་འགག་ཅིག་རེད། ཀྲུང་གོའི་ཤེས་ཡོན་པས་ཡོན་ནི་ཀྲུང་གོའི་སྤྱིར་བཏང་གི་རྒྱལ་རབས་ཤིག་ལ་ངོས་འཛིན་བྱས་ཡོད། གལ་སྲིད་ཀྲུང་གོའི་རྒྱལ་རབས་ག་གེ་མོ་ཞིག་གི་བདག་པོ་སོག་པོའི་མི་ཡིན་ན་སོག་པོའི་མི་ནི་ཀྲུང་གོའི་མི་ཡིན་པར་ངེས་མོད། འོན་ཏེ་དེ་ལས་བཟློག་སྟེ་དེའི་སྐབས་སུ་སོག་པོ་ནི་འཛམ་གླིང་སྟེང་གི་མངའ་ཐང་ཆེ་བའི་རྒྱལ་ཁབ་ཅིག་ཡིན། ཡང་དེ་ལས་བཟློག་སྟེ་ཁྱེད་ཀྱིས་ཀྲུང་གོའི་ཅིན་འར་ཧན་རྒྱལ་པོ་སུ་དང་དབྱི་ལང་ལ་དབང་བསྒྱུར་རམ། ཡང་ན་ཀྲུང་གོའི་མིས་ཨུ་རུ་སུའི་མི་ལ་ལོ་བརྒྱ་ཕྲག་རིང་ལ་དབང་བསྒྱུར་བ་རེད་དམ་ཅེས་བཤད་ན། གནས་ལུགས་ཐོག་མཐུན་པོ་ཨེ་འདུག་གམ།
འདི་དག་གླེང་ཡོང་དུས་ཀྲུང་གོའི་ཤེས་ཡོན་པའི་སེམས་ལ་མ་བདེ་བའི་སྣང་བ་ཞིག་ཡོད། འདི་ནི་དེ་རིང་གི་ཀྲུང་གོའི་མི་རིགས་གནད་དོན་ལ་རག་ལས་ཡོད་པ་རེད། དེ་རིང་ང་ཚོས་མི་རིགས་སྣ་མང་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཞེས་འབོད་ཀྱིན་ཡོད། ང་ཚོ་ཚང་མས་ང་ཚོ་ཀྲུང་གོ་བ་དང་ཀྲུང་གོའི་མི་རིགས་ནང་གི་ཆ་ཤས་ཤིག་ཡིན་ཞེས་བཤད་ཀྱིན་ཡོད། ང་ཚོའི་ཁ་ཕྱོགས་དེ་མི་རིགས་མཐུན་སྒྲིལ་ཡིན། འོན་ཀྱང་ང་ཚོས་ངེས་པར་དུ་ལོ་རྒྱུས་སྟེང་གི་རྒྱལ་ཁ་དང་རྒྱལ་ཁ་མ་ཡིན་པ། དམག་འཁྲུག་འདི་དག་ནི་དྲང་བདེན་དང་དྲང་བདེན་མ་ཡིན་པ་དག་འགྲེལ་བརྗོད་བྱ་དགོས། དེ་རིང་ཀྲུང་གོའི་ལྟ་ཕྱོགས་གཅིག་གྱུར་ཆེན་པོ་དང་ཚང་མ་མཉམ་དུ་གཅིག་གྱུར་བྱ་དགོས་པ་དེ་རེད། དེ་འདྲ་ཡིན་ན། སོག་པོའི་རྒྱལ་ཁའི་དམག་འཐབ་དེ་ནི་དྲང་བདེན་གྱི་དམག་འཐབ་ཅིག་ཡིན། བཟློག་ནས་བཤད་ན། ཀྲུང་དབྱང་གི་འོས་ལངས་ནི་དྲང་བདེན་མ་རེད་ལ་ཁ་གཏོར་རིང་ལུགས་པ་རེད། དེ་འདྲ་ཡོང་ན། ལོ་ངོ་བརྒྱ་ཕྲག་རིང་ལ་རྒྱ་མིས་བསྟོད་གླུ་བླངས་བའི་དཔའ་བོ་ཡོན་ཧྥེ་(༡༩)དང་བིན་ཏེན་ཤང་(༢༠)ལ་སོགས་པའི་མི་རིགས་ཀྱི་དཔའ་བོ་དེ་དག་མི་རིགས་ཁ་བྲལ་རིང་ལུགས་པ་ཆགས་ཀྱིན་མེད་དམ། ཁོ་ཚོས་དེ་རིང་ང་ཚོའི་ལྟ་ཕྱོགས་ལ་ངོ་རྒོལ་བྱས་པ་མ་རེད་དམ། གནད་དོན་འདི་རིགས་ཇི་ལྟར་ཐག་ཆོད་དགོས་སམ།
དེང་སང་ཀྲུང་གོ་ལ་མི་རིགས་རིང་ལུགས་ཀྱི་ལྟ་བ་ “མཉམ་བསྲེས” གཉིས་ཡོད་པ་རེད། གཅིག་ནི་ཀྲུང་དབྱང་མི་རིགས་ཆེན་པོ་ཡོངས་དང་ཚང་མས་མཉམ་པོའི་ཀྲུང་གོ་བ་ཡིན་ཟེར། གཞན་དེ་ནི་རྒྱ་རིགས་རིང་ལུགས་པ་རེད། རྒྱ་རིགས་ཁོ་རང་ཉིད་མི་རིགས་ཤིག་ལ་བརྩིས་པ་དང་། ཁོས་རང་གི་ལོ་རྒྱུས་དང་ལོ་ངོ་སྟོང་ཕྲག་རིང་གི་རྒྱ་རིགས་ཀྱི་ཤེས་རིག་གི་བསམ་བློ་འདུ་ཤེས་སོགས་ལ་རང་སྣང་ཆེན་པོ་ཡོད་པ་དེ་རེད། རྒྱ་རིགས་ལ་རང་ལྟེ་བ་དང་རང་གི་ཤེས་རིག་འདི་དག་དེང་གི་དུས་སུ་ཧ་ཅང་ཚད་མཐོ་བོ་ཞིག་ལ་སླེབས་འདུག རྒྱའི་ཤེས་ཡོན་ཁུང་ཙིའི་ལྟ་བ་གཙོ་བོར་བྱས་ཡོད། མི་ཚོས་ཀྲུང་གོའི་ཤེས་རིག་དེ་རྒྱ་མིའི་ཤེས་ཡོན་ཁོ་ནར་གླེང་བཞིན་ཡོད་པ་ལས། འདིའི་ཁོངས་སུ་སོག་པོ་དང་བོད་པའི་རིག་གཞུང་འདུས་མེད། དེ་རིང་ང་ཚོས་ཀྲུང་གོ་ནི་ “རླབས་ཆེན་གྱི་རྒྱལ་ཁབ” ཡིན་ཟེར་གྱིན་ཡོད་པ་རེད། གླེང་བཞིན་པའི་ “རྒྱལ་ཁབ་ཆེན་མོ” ཟེར་བ་དེ་ལ་ཆགས་རིམ་གཉིས་ཡོད། གཅིག་ནི་ཤེས་ཡོན་སྟེང་གི་རྒྱལ་ཁབ་ཆེན་མོ་དང་གཉིས་པ་དེ་ནི་ས་ཁྱོན་སྟེང་གི་རྒྱལ་ཁབ་ཆེན་མོ་ཡིན་པ་རེད། ཤེས་རིགས་དར་བའི་རྒྱལ་ཁབ་དེ་མ་གླེང་ཡང་། ས་རྒྱ་ཆེ་བའི་རྒྱལ་ཁབ་དེ་ཇི་ལྟར་སླེབས་པ་ཡིན་ནམ། ང་ཚོས་དེ་ནི་སོག་པོས་ཁོ་ལ་སྤྲད་པ་རེད་ཅེས་བརྗོད་དགོས། སོག་པོས་སྐམ་སའི་རྒྱལ་ཁབ་ཆེན་མོ་ཞིག་བཙུགས་ཏེ་ཀྲུང་གོའི་ས་རྒྱ་རྒྱ་བསྐྱེད་པ་རེད་ལ་མན་ཇུས་བརྟན་བཟུང་བྱས་པ་རེད། “ཆེན་པོ”་གཉིས་གཅིག་ཏུ་བསྡུས་ནས་ད་གཟོད་དེ་རིང་གི་ཀྲུང་གོ་བསྐྲུན་པ་རེད། ཡིན་ན་ཡང་འདིས་རྒྱ་མིའི་སེམས་པ་ལྷོད་ལ་འབབ་ཐུབ་ཀྱི་མེད། རྒྱ་མི་ཚོས་རྟག་པར་ “ང་ཚོ” ལ་བྱང་མཐའི་མིས་ཐུབ་ཚོད་བཏང་བ་དང་རྟག་པར་ངོ་ལོག་བྱས་ཡོད་ཟེར་གྱིན་འདུག རྒྱ་མིའི་ཤེས་རིག་དེ་ངོ་ལོག་རང་བཞིན་ཚད་མཐོ་བ་ན་གནས་པའི་ཤེས་རིག་ཅིག་རེད། དཔེར་ན་ཡང་ཅ་ཅང་། ཡེ་ཧྥེ། བིན་ཐན་ཤང་ལ་སོགས་པ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་བསྟོད་པའི་གླུ་ལེན་སའི་མི་སྣ་རེད། ཁོ་ཚོ་ཚང་མ་ངོ་ལོག་པ་རེད། ཁོ་ཚོས་ངོ་ལོག་ས་ནི་བྱང་གི་མི་རིགས་ཏེ་ཤོན་ནུའུ། ཆུས་ཏན། ནུ་ཀྲུན། སོག་པོ་དང་མན་ཇུ་ལ་སོགས་པ་རེད། འདི་དག་ཚང་མ་དེ་རིང་གི་ཀྲུང་གོའི་གྲངས་ཉུང་མི་རིགས་ལ་གྱུར་ཚར་བ་རེད། ཁོ་ཚོ་དང་རྒྱ་མིའི་འབྲེལ་བ་ག་ཚོད་མཐའ་སྙོམས་ཡོད་དམ། རྒྱ་ཆེ་བའི་ཤེས་རིག་དང་རྒྱ་ཆེ་བའི་ས་ཁྱོན་གྱིས་རྒྱ་ཆེ་བའི་རྒྱལ་ཁབ་འདི་ལྟར་མཉམ་གཅིག་ཏུ་བསྡུས་ནས་དེ་རིང་གི་ཀྲུང་གོ་རླབས་ཆེ་ཟེར་བར་སྡོམ་ཚིག་རྒྱག་དགོས། རྒྱ་རིགས་ཚོའི་སེམས་ལྷོད་ལ་མ་བབས་པས་བྱང་ཕྱོགས་མི་རིགས་ཚོའི་སེམས་ཀྱང་ལྷོད་ལ་འབབ་མ་ཐུབ། དེ་རིང་རྒྱ་ཆེ་བའི་ཤེས་རིག་གི་ལྟ་བ་ཕྱི་ལ་བཏོན་ཡོད་ལ། རྒྱའི་ཤེས་ཡོན་ལྟེ་བ་དང་གྲངས་ཉུང་མི་རིགས་ཀྱི་ཤེས་རིག་ཕལ་བ་བརྩི་བའི་སྐབས་སུ། སོག་པོས་ཁྱེད་ཀྱིས་བདག་གིས་ཁྱེད་ལ་སྤྲད་པའི་རླབས་ཆེན་གྱི་བྱས་རྗེས་ཁས་ལེན་བྱས་པ་དང་ཅིའི་ཕྱིར་བདག་རྩ་མེད་དུ་གཏོང་དགོས། བདག་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་སྐྲུན་མཁན་ཞིག་ཡིན། བདག་ལ་འཚོ་བའི་སྐལ་བ་ཨེ་ལྡན། གལ་སྲིད་མེན་ཡོན་མེད་ཚེ་ནང་སོག་དང་བོད་ལྗོངས། ཤིན་ཅང་། ཡུན་ནན་སོགས་ཀྲུང་གོའི་ཆ་ཤས་སུ་འགྱུར་མི་སྲིད། འདས་སོང་གི་ཀྲུང་དབྱང་ས་ཁུལ་དང་ཡུན་ནན་བཅས་དེ་རིང་གི་ཀྲུང་གོའི་ནང་དུ་འདུས་མེད། ས་ཁུལ་དེ་དག་ཞིང་ཆེན་བཅུ་དྲུག་བཅུ་བདུན་གྱིས་དེ་རིང་གི་ཀྲུང་གོའི་ས་ཁྱོན་བརྒྱ་ཆའི་སུམ་ཅུ་ཡང་བཟུང་མེད། དེ་བས་རྒྱུ་རྐྱེན་འདི་དག་དང་ས་ཁྱོན་འདི་དག་ལས་ང་ཚོས་སོག་པོ་ལ་འཚོ་གནས་ཤིག་དང་གོ་གནས་ཤིག་ངེས་པར་དུ་སྤྲོད་དགོས་སམ་མི་དགོས། བློ་འཕངས་པ་ཞིག་ལ། མི་རིགས་ནི་ཀྲུང་གོའི་ “གནད་དོན” ཆགས་འདུག མི་རིགས་ཀྱི་གནད་དོན་དེ་ཐག་གཅོད་དགོས་ལ་གྲངས་ཉུང་མི་རིགས་ནི་དེའི་ཁ་གཏད་ལ་གྱུར་འདུག
གཉིས།
ཀྲུང་གོའི་ཤེས་ཡོན་པ་སྡེ་ཁག་ཅིག་གིས། ལྟ་བ་མཁྲེགས་བཟུང་གི་སྡེ་ཚོས་ཉེ་ཆར་མི་རིགས་ཀྱི་གནད་དོན་གླེང་ཚེ་ “ཆབ་སྲིད་ཅན” ལ་ཁ་ཕྱོགས་གྱིན་འདུག ཤིན་ཅང་དང་ས་ཁུལ་ཁ་ཤས་ཤིག་ན་སྐད་གཉིས་ཤེས་ཡོན་ལམ་ལུགས་ལེགས་བསྟར་བྱས་ཟིན་པ་རེད། སྐད་གཉིས་ཤེས་ཡོན་ཡོད་ཚད་ནི་དོན་དངོས་སྟེང་གྲངས་ཉུང་མི་རིགས་ལ་རྒྱའི་ཤེས་ཡོན་བསླབ་པ་ནུས་ཤུགས་ཆེན་པོ་འདོན་གྱིན་པ་དེ་རེད། ཀྲུང་གོའི་མི་རིགས་ལམ་ལུགས་ནི་གལ་སྲིད་གྲངས་ཉུང་མི་རིགས་ལ་རང་གི་ཕ་སྐད་ཡོད་ཚེ་རང་གི་ཤེས་ཡོན་ནི་རང་གི་ཕ་སྐད་བཀོལ་ནས་འགྲོ་དགོས་བ་དེ་རེད། དེ་བས་ནང་སོག་དང་བོད་ལྗོངས། ཤིན་ཅང་ལ་སོགས་པར་ཆུང་བྱིས་པའི་སློབ་ཆུང་ནས་སློབ་ཆེན་བར་དུ་སོག་ཡིག་དང་བོད་ཡིག བེ་བུའི་སྐད་རང་ནས་མཐར་ཕྱིན་དགོས་པ་རེད། འདི་ནི་ལུགས་མཐུན་གྱི་མི་རིགས་སློབ་གསོ་རེད། ཡིན་ན་ཡང་། ཤེས་ཡོན་པ་ལ་ཤས་ཀྱིས་འདི་ལྟ་བུའི་སློབ་གསོ་ལམ་ལུགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ལྟ་བ་ཇེ་འཁྲེགས་དང་རང་བཙན་གྱི་འདོད་བློ་བསྐྲུན་རྒྱུའི་དོགས་པ་བྱེད་གྱིན་འདུག དེ་ལྟར་སོང་ན་གྲངས་ཉུང་མི་རིགས་ཀྲུང་གོའི་ལམ་ལུགས་དང་མི་མཐུན་པར་ཀྲུང་གོ་ལ་དགའ་ཞེན་མེད་པ་ཆགས་པར་ཚོར་གྱིན་འདུག གལ་སྲིད་རྒྱ་ཡིག་གི་ལམ་ནས་སློབ་གསོ་སྤེལ་ཚེ། ཁོ་ཚོའི་མི་རབས་རྗེས་མ་ཀྲུང་གོའི་ལམ་ལུགས་དང་མཐུན་པར་འདོད། འདི་ནི་ཚད་མ་ཞིག་ཡིན་ནམ། འདི་ལ་བདེན་དབང་ཡོད་དམ། འདི་ལ་གཞི་འཛིན་ས་ཤིག་ཡོད་དམ།
སྔོན་ལ་ང་ཚོས་གྲལ་རིམ་དང་རྒྱལ་ཁབ། མི་རིགས་ལ་སོགས་པ་གླེང་ཡོད་ལ་ད་སྔ་ཚང་མ་རྩ་མེད་དུ་བཏང་ཟིན་པ་རེད། མི་རིགས་རྩ་མེད་གཏོང་བ་རིགས་གཉིས་ཡོད་དེ། གཅིག་ནི་དངོས་གཟུགས་རྩ་མེད་བཟོ་བ་དང་། གཉིས་པ་དེ་འདུ་ཤེས་རྩ་མེད་བཟོ་བ་དེ་རེད། མི་རིགས་ཤིག་གནས་ཡོད་མེད་དེ་བསམ་བློའི་འདུ་ཤེས་སྟེང་གིགནད་འགག་ཅིག་རེད། ཁྱོད་ལ་རང་གི་འདུ་ཤེས་མེད་པ་ནས་ཁྱེད་རང་ཉིད་གནས་མེད་པ་རེད། ཁྱེད་གསར་འགོད་པ་རྣམ་པ་གཉིས་རྒྱ་རིགས་ཀྱི་ཁྱིམ་ནས་སྐྱེས་པ་རེད། རྒྱ་རིགས་ཀྱི་རིག་གཞུང་གི་ཁོར་ཡུག་ནང་འཚར་ལོངས་བྱས་པས་ཁྱེད་ཚོ་ལ་རྒྱ་རིགས་ཀྱི་འདུ་ཤེས་ལྡན་པ་རེད། གལ་སྲིད་ཁྱེད་གཉིས་སོག་ཡུལ་ནས་སྐྱེས། སོག་པོ་ནང་བཞིན་ཕྱུག་འཚོ་བར་ཕྱིན་པ་སོག་པོའི་གོམས་གཤིས་ཆགས་ན་ཁྱེད་ཚོ་སོག་པོ་ལ་འགྱུར་ཟིན་པ་རེད། འདི་ནི་འདུ་ཤེས་ཀྱི་གནད་དོན་ཞིག་རེད། འདུ་ཤེས་འདི་འགྱུར་བ་དང་གཞན་ཞིག་ལ་འགྱུར་འགྲོ་བ་དེ་ནི་སྐད་ཡིག་རེད་ལ་དེ་དུས་ཁྱེད་རང་ཉིད་རྦད་དེ་བརླག་ཟིན་པ་རེད། མི་རིགས་ཤེས་ཡོན་པས་འདི་ལ་”འཐིམ་པ”(acculturation)་ཟེར། གལ་སྲིད་འདི་ནི་མི་ཞིག་གི་འདམ་གསེས་ཡིན་ཚེ་གླེང་དགོས་དོན་མེད་ལ། ཡིན་ན་ཡང་སྲིད་གཞུང་གིས་འདི་ལམ་ལུགས་སྣེ་འཁྲིད་བྱས་པ་ཡིན་ཚེ་གནད་འགག་དེ་ཆེར་ཕྱིན་པ་རེད།
དེ་རིང་ང་ཚོས་ཀྲུང་གོའི་རིན་ཐང་གི་ལྟ་ཚུལ་གླེང་བཞིན་ཡོད་པ་དེ་ནི་”འབྲེལ་མཐུད་གསུམ”་རེད། འབྲེལ་འདྲེས། འབྲེལ་གཏུགས། རྗེས་འབྲེལ་བཅས་རེད། དོན་ནི་གལ་སྲིད་ཁྱེད་ལ་རང་སྐྱོང་ས་ཁུལ་ཡོད་ཚེ་ཁྱེད་ཀྱིས་རྒྱ་རིགས་དང་མཉམ་འབྲེལ་མ་བྱས་པར་ཁྱེད་རང་ཁེར་སྡོད་བྱས་སྲིད་ལ་ཁ་བྲལ་རིང་ལུགས་རེད་ཟེར། སྐོར་ནས་བཤད་ན་ཁྱེད་ང་ལ་མི་དགའ་བར་འདུག ང་ཁྱེད་ལ་བཟང་བ་ལ་ཟེར་བའི་དོན་རེད། ཁྱེད་ང་ལ་མ་དགའ་ན་ངས་ག་རེ་བྱ་དགོས་སམ། “འབྲེལ་མཐུད་གསུམ”་གྱི་མཚན་ཉིད་དེ་ནི་ངས་ཁྱེད་རང་ང་ལ་དགའ་བར་བྱེད་དུ་འཇུག་ཟེར། ང་འདི་འདྲའི་བཟང་པོ་ཡིན་པས་ཁྱེད་ཅིའི་ཕྱིར་མི་དགའ་འམ་ཟེར། འདི་ནི་བཙན་ཐབས་གྱི་བྱེད་སྟངས་ཤིག་མ་རེད་དམ།
བདག་གིས་མི་རིགས་རང་ལུགས་ལ་ཞིབ་བཤེར་བྱས་པ་དེ་ནི། ནུབ་ཕྱོགས་ཀྱི་མི་རིགས་རང་ལུགས་ནི་དབྱེ་འབྱེད་ལྟ་བུ་ཡོད་ལ། ཁྱེད་དང་པོ་མཐོང་བ་དང་སྣང་བ་མི་འགྲོ་ལ་དགོས་འདོད་ཀྱང་མེད་པ་ལྟ་བུ་རེད། ཀྲུང་གོའི་མི་རིགས་རིང་ལུགས་དེ་འགོ་ཚུགས་པ་ནས་འུ་ཚུགས་ངང་ཁོ་ལ་དགའ་ཞེན་ཡོང་རྒྱུ་དེ་རེད། གལ་སྲིད་མི་དེ་འདོད་པ་མེད་ཚེ་མི་དེ་རང་བཙན་དང་བྲོས་འདོད་མཁན་ཞིག་ལ་ངོས་འཛིན་བྱས་པ་རེད། འདི་ནི་”མི་རིགས་གནད་དོན”་རེད། ང་ཚོས་འདི་ལ་བསམ་གཞིགས་ནན་མོ་ཞིག་བྱས་ན་ “སུ་ནི་སུའི་གནད་དོན” ཡིན་ནམ། ཕལ་ཆེར་ཕྱོགས་གཉིས་ལ་གནད་དོན་ཡོད་པ་རེད། རྒྱ་རིགས་མཁས་པ་ཚོས་གྲངས་ཉུང་མི་རིགས་ལ་གནད་དོན་ཡོད་པས་མི་རིགས་གནད་དོན་ཡོད་པ་དང་དེ་བས་གནད་དོན་དེ་ཐག་གཅོད་དགོས་ཟེར་བཞིན་ཡོད་པ་རེད། ང་ཚོས་ཕྱི་རོལ་དང་རྒྱང་རིང་ས་ཞིག་གམ། ཡང་ན་ཟུར་ལྟ་བ་ཞིག་བྱེད་པའི་སྐབས་སུ་འདིའི་ནང་དུ་བཙན་ཐབས་ཀྱི་ངོ་བོ་ཞིག་མཐོང་ཐུབ། མི་གཞན་ཁྱེད་ལ་དགའ་བོ་མེད་ཀྱང་ད་དུང་ཨུ་ཚུགས་ངང་དགའ་རུ་འཇུག མི་དེ་འགྲོ་འདོད་ཀྱང་ཁྱེད་ཀྱི་མི་གཏོང་བ་རེད། དེ་བས་དེ་རིང་གི་ང་ཚོའི་མི་རིགས་འཐབ་རྩོད་དེ་འདི་ལྟར་བྱུང་བ་རེད། གྲངས་ཉུང་མི་རིགས་ལ་མཁོ་བ་ནི་རང་སྐྱོང་གི་སྲིད་ཇུས་ཡིན་པ་ལས་རྒྱལ་ཁབ་ལ་ཁ་བྲལ་བྱེད་རྒྱུ་དེ་མ་རེད། རང་ལ་རྒྱུན་ལྡན་གྱི་ཁོར་ཡུག་ཅིག་དང་འོས་འཚམ་གྱི་བར་སྟོང་(comfort zone)ཞིག་འདོད་ཀྱི་ཡོད། བར་ཐག་ཅིག་ཡོད་ན་ད་གཟོད་བདེ་སྣང་ཞིག་ཚོར་ཐུབ། འོས་ཤིང་འཚམ་པའི་བར་ཐག་དེས་ང་ཚོ་ཁ་བྲལ་བ་མཚོན་གྱི་མེད། དེས་ང་ཚོ་ལ་འབྲེལ་ལམ་ལེགས་པར་བྱེད་ཐུབ་པ་ལ་ཕན་པ་ཡོད་པ་རེད།
བདག་གིས་རང་སྲིད་རང་སྐྱོང་གི་རེ་སྨོན་ནི་འོས་ཤིང་འཚམ་པའི་བར་སྟོང་དེ་ཡིན། ཡིན་ན་ཡང་། དེ་རིང་གི་འདི་ནི་གནད་དོན་ཆེན་པོ་ཞིག་རེད། ནུབ་ཕྱོགས་ཀྱིས་ཀྲུང་གོའི་རང་སྐྱོང་གི་ལམ་ལུགས་དེའི་གོ་དོན་ཡོངས་སུ་རྟོགས་མི་ཐུབ། ཅི་ཞིག་ལ་དོན་དམ་གྱི་རང་སྐྱོང་ཟེར་རམ། ཀྲུང་གོའི་རང་སྐྱོང་ལམ་ལུགས་ཀྱི་ངོ་བོ་གང་འདྲ་ཞིག་ཡིན་ནམ། ད་རུང་འདི་ལ་ཐུན་མོང་གི་ངོས་འཛིན་ཞིག་མེད། ནུབ་ཕྱོགས་ཀྱི་རང་སྐྱོང་ལམ་ལུགས་དང་ཀྲུང་གོའི་རང་སྐྱོང་ལམ་ལུགས་གཉིས་ཟློག་ཟླ་རེད་འདུག དཔེར་ན། པ་ལི་སི་ཐན་གྱི་རང་སྐྱོང་གནད་དོན་ལྟ་བུའོ། །
དེ་ནི་རང་སྐྱོང་དང་ཁོ་ཚོ་ལ་རང་གི་རྒྱལ་ཁབ་འཛུགས་རྒྱུའི་རང་དབང་མེད་པ་དེ་རེད། དེ་བས་ཁོ་ཚོས་ཚོད་ལྟ་དང་ཉམས་མྱོང་གསོག་འཇོག་བྱེད་གྱིན་ཡོད། ཆ་རྐྱེན་ཚང་མ་འཛོམས་ཡོང་བའི་སྐབས་སུ་རང་གི་རྒྱལ་ཁབ་འཛུགས་རྒྱུ་དེ་རེད། པ་ལི་སི་ཐན་རྒྱལ་ཁབ་འཛུགས་སྐྲུན་དེ་ནི་ཁས་ལེན་ཞུས་ཚར་བ་ཞིག་ཡིན་ཡང་ནུབ་ཕྱོགས་པས་ད་དུང་དེ་ལ་ཚད་གཞི་འདང་མེད་པར་བསམ་གྱི་ཡོད། ཧོང་ཀོང་གི་མི་ཁ་ཤས་ཀྱིས་ཧོང་ཀོང་རང་དབང་ལ་འགུལ་སྐྱོད་བྱེད་བཞིན་ཡོད་ལ། སྤྱིར་དེ་ནི་འབྱུང་མི་སྲིད་ཀྱང་། ཁོ་ཚོའི་བསམ་ཚུལ་ནི་རང་སྐྱོང་ལ་ཁ་ཕྱོགས་བཞིན་པ་དེ་རེད། ནུབ་ཕྱོགས་པའི་རང་སྐྱོང་གི་ངོ་བོ་སྣ་གཅིག་རང་བཞིན་ཅན་ཡིན་ལ་ཆབ་སྲིད་ལག་བསྟར་བྱེད་རྒྱུའི་དབང་ཆ་ལྡན་པ་རེད། ཡིན་ན་ཡང་ཀྲུང་གོའི་ཧོང་ཀོང་ལ་ཕྱོགས་པའི་རང་སྐྱོང་དེ་ནུབ་ཕྱོགས་ལས་ཟློག་ཟླ་རེད། ཧོང་ཀོང་ལ་མི་ལོ་ ༥༠ རང་སྐྱོང་གི་དུས་ཚོད་སྤྲད་དེ་ག་ལེར་ཧོང་ཁོང་མེས་རྒྱལ་གྱི་པང་དུ་ལོག་རྒྱུ་དེ་རེད། ཀྲུང་གོའི་རང་སྐྱོང་གི་ལྟ་ཚུལ་དེ་ནི་ཐོག་མར་ང་ཚོ་ཁྱིམ་ཚང་གཅིག་གི་ཡིན་པ་ངོས་ལེན་བྱས་པ་དང་། དེ་དང་ལྷན་ཏུ་ང་ཚོའི་བར་ན་བར་ཐག་ཅིག་ཡོད་པ་ཡང་ངོས་ལེན་བྱས་ཡོད། ལོ་ལྔ་བཅུའི་རིང་ལ་ང་ཚོས་མི་མཐུན་པ་དང་བར་ཐག་སོགས་མེད་པར་བཟོས་ཟིན། ཁོས་དུས་ཚོད་སྤྲད་པ་དེ་ག་ལེར་ང་ཚོ་གཞི་གཅིག་ལ་འཐིམ་དུ་འཇུག་རྒྱུ་དེ་རེད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལྟ་བ་དེ་ཡང་། སྤྱིར་ང་ཚོའི་ཆ་རྐྱེན་མི་འདྲ་ཡང་། རིམ་པས་གཞི་གཅིག་ལ་འཐིམ་རྒྱུ་དེ་རེད། དཔལ་འབྱོར་ས་ཁུལ་དག་ན་འདི་ལྟ་བུའི་གནས་སྟངས་མང་པོ་ཡོད། ཀྲུང་གོ་དང་ནུབ་ཕྱོགས་པའི་རང་སྐྱོང་སྒྲ་བཤད་ཀྱི་ཁྱད་པར་ལ་ཁ་ཕྱོགས་ཀྱང་མི་འདྲ་བ་ཡོད། ནུབ་ཕྱོགས་པས་ཁྱེད་རང་རྒྱལ་ཁབ་ཅིག་དང་རང་དབང་ལ་བསྒྱུར་མོད། ཀྲུང་གོའི་རེ་བ་ནི་གོང་བུ་གཅིག་གྱུར་རེད།
ཀྲུང་གོའི་གྲངས་ཉུང་མི་རིགས་རང་སྐྱོང་གི་དམིགས་ཡུལ་ཅི་ཞིག་ཡིན་ནམ། ང་ཚོས་གྲངས་ཉུང་མི་རིགས་མང་ཆེ་བས་དོན་དེ་རྟོགས་ཀྱི་མེད་ལ། ང་ཚོའི་བསམ་པར་ང་ཚོ་རིག་གཞུང་མི་འདྲ་བ་ཞིག་ཡོད་པས་ལོགས་སུ་སྡོད་དགོས་སྙམ་ཡོད། ཡིན་ཡང་། ད་སྔ་བརྗོད་ཟིན་པ་ལྟར། ཀྲུང་གོའི་རང་སྐྱོང་ལ་རང་གི་ལྟ་ཚུལ་དང་ཁ་ཕྱོགས་ཡོད་པ་རེད། ག་ལེར་གཞི་གཅིག་ཏུ་བསྲེས་འགྲོ་བ་དེ་དུས་ཚོད་ཀྱི་གནད་དོན་རེད། དེ་རིང་ཀྲུང་གོའི་ཤེས་ཡོན་པ་ཁ་ཤས་ཀྱིས་སྒུག་གཟོད་ཐུབ་ཀྱིན་མེད་པ་རེད།
ཟུར་འདི་ནས་བལྟས་ན། ང་ཚོས་ད་སྔ་ཀྲུང་གོར་འཕྲད་ཟིན་པའི་དཀའ་ངལ་དེ་དག་གི་ཡོང་ཁུངས་ལས་སླ་བོར་ཤེས་ཐུབ་པ་རེད། ངས་ཀྲུང་གོ་ཡག་པོ་མེད་ཚུལ་རྩ་བ་ཉིད་ནས་གླེང་གིན་མེད་ལ། སེམས་སུ་ཡང་དེ་འདྲ་བསམ་གྱི་མེད། དེ་ལས་བཟློག་སྟེ་ཀྲུང་གོ་ཡག་པོ་འདུག་ལ་གྲངས་ཉུང་མི་རིགས་ལ་ཧ་ཅང་བརྩེ་ཞེན་ཆེན་པོ་འདུག བརྩེ་བས་འཐམ་འཁྱུད་བྱས་དྲགས་ཏེ་དབུགས་གཏོང་ལེན་ཡང་བྱེད་ཐུབ་གྱི་མེད་པ་དེ་རེད། གྲངས་ཉུང་མི་རིགས་ལ་མཁོ་བའི་བར་སྟོང་རྒྱ་ཇེ་ཆུང་དུ་གཏོང་གི་འདུག ཀྲུང་གོས་གྲངས་ཉུང་མི་རིགས་བཙན་ཐབས་ཀྱིས་ཀྲུང་གོའི་སྒྲོམ་གཞིའི་ནང་བཏུམ་པ་དང་། རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་འབྲེལ་བ་ཡོད་དགོས། ཀྲུང་གོ་དབུས་དང་། དབུས་ལས་གཞན་ད་དུང་གྲོང་དང་མཐའ་ཡོད་པ་རེད། དབུས་སུ་རྒྱལ་པོ་དང་རྒྱལ་པོ་ནི་གཙོ་བོ་རེད། ལྟེ་བའི་མིང་ལ་རྒྱལ་ས་ཟེར། རྒྱལ་སའི་ཕྱི་རོལ་གྱི་ལེ་བར་ལྔ་བརྒྱ་ལ་ཕུའུ་གཅིག་དང་། དེ་ནས་ལེ་བར་ལྔ་བརྒྱ་ན་ཡང་ཕུའུ་གཅིག་ཡོད། ཕུའུ་རེ་ལ་མིང་རེ་ཡོད་པ་དང་། ཕུའུ་ལྔ་ལས་ཆེས་རྒྱང་རིང་བ་སྟོང་ཕུའུ་དང་། དེའི་ཕ་རོལ་གྱི་ཕུའུ་དགུ་ལས་ཆེས་རྒྱང་བར་ལ་ཡུལ་མཐའ་འཁོར་ཟེར། དེའི་དོན་ནི་ཡུལ་དབུས་དང་ཁ་བྲལ་བས་རིག་གནས་དར་མེད་པ་དང་། རྒྱལ་པོས་བཀའ་ཐོས་མི་ཐུབ་པས་ཀླ་ཀློ་ལ་གོ་བ་རེད། རྒྱལ་པོའི་བཀའ་ཐོས་ཐུབ་པ་ནི་ཡུལ་དབུས་ཆོས་དང་ལྡན་པ། རིག་གནས་དར་བར་བརྩི་བ་དང་གནམ་བསྐོས་རྒྱལ་པོར་དད་དགོས་སྙམ། ཀྲུང་གོའི་ཤེས་རིག་ནི་རྒྱལ་པོ་དང་ཡུལ་དབུས་ལ་མཆོག་ཏུ་འདོད་པ་དང་ཤེས་ཡོན་གྱི་སྒྲ་ཐོས་བར་བརྩི་བ་དེ་རེད། འདི་ནི་ཀྲུང་གོ་རིང་ལུགས་ཀྱི་ཤེས་ཡོན་དར་སྤེལ་རེད། རིག་གནས་ནི་ “དཔལ་ཡོན” གཙོ་བོར་བརྩི་བ་ལས་རིག་གནས་ “རྩ་མེད་གཏོང་” མི་འོས། རིག་གནས་ནི་རིག་གནས་རང་ངོས་ནས་ལྟ་དགོས་ལ། དེ་ལྟར་ན་ལེགས་པའི་ཚུལ་དང་ཚེ་སྲོག་ཀྱང་ལྡན་པ་ཡིན། ང་ནི་ཡག་པོ་ཡིན་ལ་ཁྱེད་ལ་ལེགས་བར་བྱེད་ཀྱིན་ཡོད། ཁྱེད་ལ་དགོས་པ་མེད་ཚེ་དེ་ནི་ཁྱེད་ཀྱི་གནད་དོན་རེད་ཟེར། ཀྲུང་གོ་བས་ཁ་རྒྱུན་ལ་ “རྒྱང་མི་འཇམ་འགུག”་怀柔远人 ཟེར་བ་དང་། ཀྲུང་གོ་བས་གྲོགས་རྒྱང་ནས་ཕེབས་པས་དགའ་སྤྲོ་འཕེལ་ཟེར་བ་རེད། ཡིན་ན་ཡང་མགྲོན་པོ་འགྲོ་བའི་སྐབས་སུ་སེམས་པ་སྐྱོ་ལྷང་ལྷང་མ་ཡིན་ནམ། ལུས་པེའི་སྙན་ངག་ཚང་མས་གྲོགས་གྱེས་བྲལ་སྐབས་ཀྱི་སྐྱོ་སེམས་དང་འཁྱག་སིབ་སིབ་ཀྱི་སེམས་པ་བརྗོད་ཡོད་པ་རེད། འདི་ནི་ “འགྲོ་འོང” རེད། ཁྱེད་བདག་གི་རིན་ཐང་ལྟ་ཚུལ་ངོས་འཛིན་བྱས་པར་ “ཡོང་བ” དང་། ཚང་མ་ཁྱེད་ཀྱི་མཐར་བསྐོར་ནས་ཁྱེད་ལ་སྟོབས་ཤུགས་སྤྱིན་པ་ནི་ཧ་ཅང་སྤྲོ་སྣང་ལྡན་པའི་དོན་ཞིག་རེད། ཚང་མ་ཁྱེད་དང་བྲལ་དུས་ཁྱེད་ཀྱིས་ཕར་སྟོབས་ཤུགས་མི་སྤྱིན་ལ་དགའ་བསུ་ཡང་མེད་ཁར། ཁྱེད་ཀྱི་སེམས་པ་ཡང་བདེ་ཐང་མེད། གནས་ལུགས་དེ་དང་འདྲ་བར་ཀྲུང་གོའི་རིག་གནས་ཀྱང་དེ་ལྟ་བུ་ཞིག་རེད། ཀྲུང་གོ་ཅིའི་ཕྱིར་རྒྱ་ཇེ་ཆེ་ནས་ཇེ་ཆེ་འགྲོ་བ་ཡིན་ནམ། དེ་ནི་ཕྱི་མི་ཀྲུང་གོར་སླེབས་ཚེ་ཡང་ཀྲུང་གོའི་དབུས་སུ་ཕྱོགས་པར་འཇུག་པ་རེད།
བསྐོར་ནས་བཤད་ན་ཀྲུང་གོ་ལ་འདི་ལྟ་བུའི་སྒུལ་ཤུགས་ལྡན་སྟབས། མཐའ་འཁོར་བ་ཚོས་ཀྱང་འདི་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་གོ་སྐབས་ཤིག་ལ་བསམ་ཡོད། ཀྲུང་གོ་བཙན་རྒྱལ་གྱི་ཟུར་ནས་བཤད་ན་ཁྱེད་ནི་ངའི་རྗེས་སུ་འཇུག་པ་དང་ནང་ལོགས་ལ་འགྱུར་བའི་བློ་ཡོད་སྟབས། གོང་མས་ “དབུས” ནས་ཁྱེད “མཐའ་མཚམས” ལ་ཆོ་ལོ་སྤྲད་པ་རེད། ཁྱེད་ལ་ཐོབ་དང་མཇའ་ས། གོ་གནས་ཤིག་ཕུལ་བ་དང་དེ་ནི་ཁྱེད་རང་ཁོང་གི་ཁོངས་སུ་གཏོགས་པ་རེད། འདིས་ད་དུང་མཐའ་མཚམས་ལ་ཤས་ཤིག་གིས་ཀྲུང་གོ་དབུས་ལ་དབང་ཆ་ཕུལ་བ་དང་། ཀྲུང་དབྱང་ནས་ཀྱང་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་བའི་ཚོར་སྣང་ཡོད་པ་རེད། དེ་བས་མཐའ་མཚམས་ཀྱི་མགོ་འཛིན་དག་ཀྱང་རྒྱལ་སར་བརྒྱུགས་ནས་གོང་མ་ལ་མཇལ་ཁ་ཞུས་པ་དང་ཕྱིར་ལོག་ཡོང་བའི་སྐབས་སུ་གོང་མའི་བྱ་དགའ་གྱ་ནོམ་པ་འཁྱེར་ཡོང་།
མཐའ་མཚམས་དག་ཀྱང་གླེན་པ་མ་རེད། ཁོ་ཚོས་ཀྱང་ལམ་སྲོལ་བེད་སྤྱད་ནས་རྟག་པར་དཔུང་ཆེན་པོ་སྒྲིག་ནས་རྒྱལ་སར་འགྲོ་ལ། གོང་མ་ཚང་ལ་ཁྱེད་ཚོས་ང་ཚོ་ལ་ཁས་ལེན་དང་ལོག་ཕེབས་ཟེར་གྱི་ཡོད། ཁྱེད་ཀྱིས་ང་ཚོ་གོ་ས་དང་མཇའ་ས་མ་སྤྲད་ཚེ། ང་ཚོས་དམག་དྲངས་ནས་རྒྱལ་ས་བཅོམ་ངེས། དབུས་ཀྱིས་དེ་ཁས་ལེན་བྱེད་པ་མ་རེད་ལ་མཚམས་འཇོག་པའི་བཀའ་ཕབ་ངེས། འགོག་ཐབས་ཡོད་པ་མ་རེད། ཁྱེད་ཀྱིས་ང་ཚོ་བཙན་གྱིས་གདན་འདྲེན་བྱས་པ་ཡིན་པས་ཡང་ཅིའི་ཕྱིར་སྣེ་ལེན་བྱེད་ཀྱི་མེད་དམ། གདོང་མི་དགའ་བར་འགྱུར་ལ་དེ་ནི་བསམ་བཞིན་ཀྲུང་དབྱང་ལ་འཐབ་འཛིང་གི་སྣ་འདྲེན་པ་རེད། འདི་དག་ཚང་མ་ཀྲུང་གོའི་གནམ་བསྐོས་གོང་མའི་ལམ་ལུགས་ཀྱིས་བཟོས་པ་ཞེ་གཅིག་རེད།
དེ་རིང་ང་ཚོས་འདིར་དབྱེ་ཞིབ་བྱེད་པའི་སྐབས་སུ་དེ་ལ་རྒྱབ་ལྗོངས་འདྲ་མིན་སྣ་ཚོགས་ཤིག་འཁྱེར་དགོས་དོན་མེད། ཀྲུང་གོ་ལ་འདི་འདྲའི་ཤེས་རིགས་ཀྱི་སྒྲོམ་གཞི་ཡོད་པས་འདི་ལྟ་བུའི་བྱ་བ་བྱུང་ཟིན་པ་རེད་མོད་ཁོ་རང་ངོས་ནས་དེ་ཚོར་བརྟག་བྱེད་ཐུབ་ཀྱི་མེད།
གསུམ།
ངས་ཡང་བསྐྱར་མི་རིགས་མཐུན་སྒྲིལ་གྱི་གནད་དོན་བཤད་ན་འདི་ནི་ཀྲུང་གོའི་ནང་འགྲོ་རྒྱུག་ཆེ་བའི་སྐད་ཆ་ཞིག་རེད། དེ་རིང་ཁྱེད་རང་གང་དུ་སོང་ཡང་མི་རིགས་མཐུན་སྒྲིལ་གླེང་གི་ཡོད། ཀྲུང་གོའི་བཤད་རྒྱུན་ལ་ “སུས་ཀྱང་སུ་ལ་བྲལ་མི་རུང” ཞེས་པ་འདི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ག་བར་སོང་ཡང་ཐོས་ཐུབ་ལ། ག་ས་གང་རྒྱ་རིགས་ནི་གྲངས་ཉུང་མི་རིགས་ལ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་ཀྱང་རྒྱ་རིགས་དང་འབྲལ་ཐབས་མེད། གྲངས་ཉུང་མི་རིགས་སོ་སོ་ཕན་ཚུན་ལ་འབྲལ་ཐབས་མེད་པ་ནི་ཕྲེང་ཐག་གཅིག་ལ་བརྒྱུས་པ་ལྟ་བུ་ཡིན་ཞེས་མཐོང་ཐོས་ཐུབ། སུས་ཀྱང་སུ་ལ་འབྲལ་མི་ཐུབ་ཅེས་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་མིན་ལ་རྩ་ཁྲིམས་ཀྱང་མ་རེད། འོན་ཀུང་། སྲིད་ཇུས་ཀྱི་ཁ་ཕྱོགས་ཤིག་རེད། དེར་མ་ཟད་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས་ནི་རང་སྐྱོང་དང་ཕན་ཚུན་བར་ན་བར་ཐག་ཡོད། དེ་ལྟར་ཡིན་ཚེ་ཁྱེད་ཀྱིས་ “སུས་ཀྱང་སུ་ལ་འབྲལ་མི་ཐུབ” ཟེར་བར་འབྲེལ་བ་ག་འདྲ་ཞིག་ཡོད་དམ། རྩ་ཁྲིམས་ཀྱི་སྟེང་ནས་ཇི་ལྟར་ཐག་གཅོད་དགོས་སམ། དེ་ཚང་མར་གསལ་བཤད་ཡོད་པ་མ་རེད། ཕྱོགས་གཞན་ནས་རྒྱ་རིགས་དང་གྲངས་ཉུང་མི་རིགས། གྲངས་ཉུང་མི་རིགས་ཕན་ཚུན་བར་གྱི་མཐུན་སྒྲིལ་ཡོད་དགོས། མི་རིགས་རེ་རེའི་ནང་ཁུལ་གྱི་མཐུན་སྒྲིལ་ནི་སྣང་མེད་གཏོང་མི་རུང་བའི་རྩ་བའི་གནད་དོན་ཞིག་ཡིན། དེ་ནི་ཀྲུང་གོའི་ཞིང་ཆེན་ནང་ཁུལ་བར་ལ་མཐུན་སྒྲིལ་ཡོད་དགོས་བ་ལྟ་བུ་རེད། གྲངས་ཉུང་མི་རིགས་ནང་ཁུལ་མཐུན་སྒྲིལ་ཡོང་དགོས་པ་རེད་དམ་མ་རེད། གལ་སྲིད་ཀྲུང་གོའི་མི་རིགས་ ༥༦ ཚང་མ་ “རྒྱལ་ནང་གི་རིགས་གཅིག་ཡིན” ཚེ་ཚང་མ་མཉམ་དུ་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཅིག་ཆགས་འགྲོ་བ་རེད། དེ་དང་ཕྱོགས་མཚུངས་ང་ཚོས་གྲངས་ཉུང་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་རྩ་གཏོར་གཏོང་མི་འོས།
དཔེར་ན། ད་ལྟ་གླེང་བཞིན་པ་ལྟར་ཤིན་ཅང་གི་སློབ་གྲྭ་ཁག་ལ་རྒྱ་ཡིག་སློབ་རྒྱུ་གཙོར་བཞག བཤད་སྲོལ་རང་གི་ཕ་སྐད་ནས་སློབ་གསོ་སྤྲད་ཚེ་མི་རིགས་ཀྱི་འདུ་ཤེས་ཇེ་ཆེར་འགྲོ་ངེས་རེད་ཟེར། རྒྱ་ཡིག་སློབ་པ་ལ་འདུན་པ་མེད་ཚེ་རྒྱ་ནག་གི་འདུ་ཤེས་མེད་པ་རེད་ཟེར། དེ་ལས་རྩ་བ་ནས་བཀག་སྡོམ་བྱེད་འདོད་པ་རེད། མཐོ་རིམ་སློབ་མ་ལ་ཤས་སློབ་ཆེན་དུ་ཚུད་རྒྱུགས་དེ་རྒྱའི་སྐད་ཡིག་འབྲི་བཞིན་ཡོད། གྲངས་ཉུང་མི་རིགས་འགའ་ཞིག་གིས་ཀྱང་ “རྒྱ་ཡིག་གི་ལམ་ནས་སློབ་ཆེན་ཚུད་རྒྱུགས” གཏོང་གི་ཡོད་ལ། འགའ་ཞིག་གིས་མི་རིགས་སྐད་ཡིག་བརྒྱུད་ནས་ཡིག་ཚད་གཏོང་གི་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་ལ་སྲིད་ཇུས་མི་འདྲ་བ་ཡོད། རྒྱ་ཡིག་གི་ལམ་ནས་ཡིག་རྒྱུགས་གཏོང་བ་དེ་སྲིད་ཇུས་མི་འདྲ་བ་རེད། ཚུད་རྒྱུགས་ཨང་གྲངས་དམའ་བས་འགྲིག་གི་ཡོད། ད་ལྟ་རྒྱ་རིགས་སློབ་མ་འགས་ཀྱང་སྲིད་ཇུས་འདི་ལ་མི་དགའ་བ་བྱེད་ཀྱིན་ཡོད་ལ། ང་ཚོ་ཚང་མ་མི་རིགས་གཅིག་ཡིན་པས་འདྲ་མཉམ་གྱི་འགྲན་རྩོད་བྱེད་དགོས་པ་ལས་ཆགས་ཡངས་གཏོང་དགོས་པ་འདོད་ཀྱི་མེད། ཡིན་ན་ཡང་ཀྲུང་གོས་གྲངས་ཉུང་མི་རིགས་ཀྱི་ཕྱོགས་ལ་བསམ་བློ་འཁོར་མྱོང་མེད། འཇུག་འབྲས་དེ་ཅི་འདྲ་ཅིག་རེད་དམ། སྲིད་ཇུས་འདིས་ནང་ཁུལ་ཁ་བྲལ་དུ་གཏོང་གི་ཡོད་པ་རེད། ཁ་ཤས་མི་རིགས་སྐད་ཡིག་གི་ཡིག་རྒྱུགས་དེ་རྒྱ་ཡིག་ཡིན་པར་འདོད་པ་མེད་མཁན་དེ་ཚོ་ངོ་ལོག་པ་རེད་ཟེར། དེ་གཉིས་བར་ན་འབྲེལ་བ་ཅི་འདྲ་ཞིག་ཡོད་དམ།
ཀྲུང་གོའི་གྲངས་ཉུང་མི་རིགས་མང་པོ་ཞིག་རྒྱལ་འབངས་ལས་བརྒལ་ཡོད། དཔེར་ན་སོག་པོ་དང་། ཁྲོའོ་ཤན། ཧ་ས་ཁུ། ཁལ་མིག ཐེད་དལ་མོའུ་ལ་སོགས་པའོ།།
མི་རིགས་ཁ་ཤས་ཀྱི་རྩ་བའི་རྐང་དེ་ཕྱི་རྒྱལ་དུ་བཙུགས་ཡོད། གྲངས་ཉུང་མི་རིགས་ཤིག་རྒྱལ་ཁབ་མང་པོའི་ནང་ཁ་འཐོར་ཏེ་གནས་བཅས་པའི་རྗེས་སུ་ག་རེ་བྱ་དགོས་སམ། ཀྲུང་གོ་འདི་ཕྱོགས་ལ་ཁ་གསལ་པོ་ཡིན་ལ། སྐམ་ས་དང་ཐའེ་ཝན་ཁ་འཐོར་བ་རེད། སུས་ང་ཚོ་གཅིག་གྱུར་བྱེད་དུ་བཅུག་མེད།
སུ་ཞིག་ནི་ང་ཚོའི་དགྲ་བོ་ཡིན་ནམ། འདི་ནི་ང་ཚོའི་དཀའ་ངལ་ཞིག་རེད་ལ། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་གནད་དོན་ཅི་ལྟར་ཐག་གཅོད་དགོས། ང་ཚོས་ལྟས་ཚོད་དུ་ཚོར་སྣང་ག་འདྲ་སླེབ་ཀྱི་འདུག ཕལ་ཆེར་ཁོ་གཉིས་གཅིག་གྱུར་མི་ཆགས་པའི་རེ་བ་ཡོད་པ་རེད། ཕྱི་སོག་དང་ནང་སོག་གི་འབྲེལ་བ་དེ་ཡང་རྟག་པར་སོག་པོའི་རིང་ལུགས་ལ་རྒོལ་བཞིན་ཡོད། ཀྲུང་གོའི་གཏམ་དཔེ་ཞིག་ལ། རང་གིས་བྱེད་མི་འདོད་པའི་ལས། །གཞན་ལ་དཀྲི་བར་མ་བྱེད་ཅིག །(己所不欲,勿施于人)ཟེར་བ་རེད། ང་ཚོ་ཤེས་ཡོན་པ་ཚོས་འདི་ལྟར་འབྲི་བཞིན་ཡོད། འདི་དག་གླེང་ཡོང་ཚེ་ཀྲུང་གོས་རང་ལས་གཞན་ཕྱོགས་སུ་བསམ་བློ་བཏང་མི་འདུག
ཀྲུང་གོའི་གྲངས་ཉུང་མི་རིགས་ཤིག་བྱེད་དགོས་ཚེ་ང་ཚོར་རྒྱལ་ཞེན་གྱི་འགན་འཁུར་དགོས་ལ། དེ་དང་མཉམ་དུ་ང་ཚོས་རྩ་ཁྲིམས་ནང་བཀོད་པའི་རང་གི་རང་དབང་ལ་རྩོད་ལེན་བྱ་དགོས། རྩོད་ལེན་ཐབས་ལམ་ཞིག་ནི་ཀྲུང་གོ་ལ་ང་ཚོས་ཀྲུང་གོ་ལ་བཞག་པའི་བྱས་རྗེས་ནན་བརྗོད་བྱེད་རྒྱུ་སྟེ་རང་ཉིད་ཀྱི་རང་བདག་གི་དབང་ཆ་མཐོར་འདེགས་གཏོང་རྒྱུ་དེ་རེད། དེ་དང་ཕྱོགས་མཚུངས་སུ་ “གྲངས་ཉུང་མི་རིགས” རང་གི་མི་རིགས་ལ་རང་བཙན་གྱི་རྒྱལ་ཁབ་ཡོད་ཚེ་ཇི་ལྟར་གླེང་དགོས་སམ། དཔེར་ན། སོག་པོའི་ལོ་རྒྱུས་ནི་ཕྱི་སོག་དང་ནང་སོག་གཉིས་ཀྱི་ཐུན་མོང་གི་ཤུལ་བཞག་ཡིན། ཡིན་ན་ཡང་དེང་སང་རྒྱལ་ཁབ་གཉིས་ལ་གཏོགས་པ་རེད། རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་རང་བདག་གི་དབང་ཆ་ཡོད་པ་རེད། ང་ཚོ་(ནང་སོག)་གིས་སོག་པོས་ལོ་རྒྱུས་ཀྲུང་གོ་ལ་སྤྲད་ན་ཕྱི་སོག་ཇི་ལྟར་དགའ་སྲིད། དེ་ནི་ཁོ་རང་ཉིད་ཀྱི་ལོ་རྒྱུས་ཡིན་པས་རེད། དེ་བས་སོག་པོ་བཙན་རྒྱལ་གྱི་ཤུལ་བཞག་དེ་ཇི་ལྟར་བགོ་བཤའ་རྒྱག་དགོས་སམ། ཀྲུང་གོའི་ཕྱོགས་ནས་ཀྱང་ཀྲུང་གོ་ལ་ཤུལ་བཞག་དེ་ངེས་པར་མཁོ་བ་རེད་ལ་ཁོ་ཚོས་ང་ཚོ་ནི་སོག་པོ་ཡིན་པའི་འདུ་ཤེས་མེད་པ་རེད།
བྱང་ཤར་(东北)དང་བོད་ཁུལ། ཤིན་ཅང་དང་ནང་སོག་གི་ས་ཁུལ་འདི་དག་དང་། ཐ་ན་རྒྱ་རིགས་ཀྱི་རིག་གནས་ནང་དུའང་སོག་པོ་ནས་འཁྱེར་ཡོང་བ་མང་དག་ཅིག་ཡོད། དཔེར་ན། གོང་གི་ལམ་ལུགས་དེ་དག་མང་པོ་མཱིན་ཡཱོན་ནས་བརྒྱུད་ཡོང་བ་རེད། ཏ་དབྱེན་ཧུག་དེ་(大运河)གཙང་བོ་ཆེན་པོ་དེ་ཡང་སོག་པོས་བསྐྲུན་པ་རེད། ཁོང་ཙི་ལ་ཆེ་མཐོང་ཚད་མཐོ་བོ་གནང་ཡོད་ལ་གོང་མའི་བསླབ་བྱ་བཞག་པ་རེད། པེ་ཅིན་ལ་རྒྱལ་ས་བཙུགས་པ་སོགས་སོག་པོ་ཚོར་བྱས་རྗེས་ཆེན་པོ་ཡོད། འདི་དག་ཚང་མ་ནི་སོག་པོའི་ཤུལ་བཞག་ཡིན། སོག་པོའི་ཤུལ་བཞག་དེ་ཀྲུང་གོ་ལ་ངེས་པར་དུ་དགོས་ཀྱི་ཡོད་ལ། འདི་དག་ཀྲུང་གོའི་ཆ་ཤས་སུ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ཡང་། འཛམ་བུ་གླིང་ཚང་མས་ཀྲུང་གོ་ལ་ཀྲུང་གོའི་ལོ་རྒྱུས་ཡོད་པ་དང་། སོག་པོ་རང་ལ་རང་གི་ལོ་རྒྱུས་ཡོད་པ་གསལ་བོ་ཤེས་ཀྱི་ཡོད། ཀྲུང་གོས་ཇིང་གར་རྒྱལ་པོ་ནི་ཀྲུང་གོའི་དཔའ་བོ་ཞིག་ཡིན་ཟེར། ནུབ་ཕྱོགས་པས་བལྟས་ན་དེ་ནི་ཇི་འདྲ་ཞིག་ཡིན་ནམ། སོག་པོའི་མིག་ལ་ང་ཚོའི་མི་རིགས་ཀྱི་དཔའ་བོ་ཀྲུང་གོ་བར་འགྱུར་ཟིན་པ་རེད་ལ་ང་ཚོ་ཡང་ཀྲུང་གོ་བར་འགྱུར་འགྲོ་བ་རེད་དམ། འདིས་ཀྲུང་གོས་སོག་པོ་ལ་ཇི་ལྟར་བྱེད་བཞིན་པ་འདྲི་རྩད་གཏོང་གི་འདུག མེས་པོས་བཞག་པས་ཤུལ་བཞག་དེ་ང་ཚོ་རྗེས་རབས་པས་ཇི་ལྟར་ལོངས་སུ་སྤྱོད་དགོས་སམ། རང་བདག་བྱེད་དགོས་སམ་ཡང་ན་བགོ་བཤའ་རྒྱག་དགོས། རང་བདག་ནི་མི་སྲིད་པ་ཞིག་རེད་ལ། སོག་པོ་དང་ཀྲུང་གོའི་ལོ་རྒྱུས་ལ་དབྱེ་བ་གསལ་བོ་བྱེད་རྒྱུ་དེ་ནི་ཐབས་ལམ་ཡག་ཤོས་དེ་རེད། དེ་མིན་ང་ཚོས་རང་གི་མི་རིགས་ཀྱི་མདུན་སར་མགོ་ཡར་འགྱོགས་ཐུབ་ཀྱི་མི་འདུག
བཞི།
དེང་སང་གི་ཀྲུང་གོའི་མི་རིགས་རང་སྐྱོང་དེ་ཇི་ལྟར་སླེབས་ཚུལ་ཅིག་གླེང་ན། མི་ལ་ལས་བཤད་ཚུལ་ལ་ཀྲུང་གོ་གུང་ཁྲན་ཏང་གིས་སོ་སོ་ཕྱི་ལ་མངོན་མ་ཐུབ་པར། ཁོ་ཚོས་ཨུ་རུ་སུའི་ཕུ་ནུ་ལྷན་ཚོགས་ལ་མིག་དཔེ་བལྟས་པ་རེད་ཟེར། ཨུ་རུ་སུའི་ཚོགས་པ་འདིས་ཨུ་རུ་སུ་མི་རིགས་བརྒྱ་ལྷག་ལ་བགོས་པ་དང་། དེ་དག་ལ་གནས་རིམ་མི་འདྲ་བའི་རང་སྐྱོང་ས་ཁུལ་བགོས་པ་རེད། ཡིན་ན་ཡང་ཚོགས་པ་དེ་དག་རྒྱས་ཡོང་བ་དང་ཨུ་རུ་སུ་རྒྱལ་ཁབ་ཡང་ཁ་འཐོར་ལ་བཏང་ཚར་བ་རེད། དེ་བས་ང་ཚོས་ཨུ་རུ་སུའི་བསླབ་བྱ་དེ་མཚམས་འཇོག་བྱ་དགོས་ལ། གང་མྱུར་དེ་རིང་གི་ང་ཚོའི་མི་རིགས་སྲིད་ཇུས་ཀྱང་མེད་པར་བཟོ་དགོས། སྐད་ཆ་འདི་དག་བཤད་མཁན་ཚོས་ཀྲུང་གོའི་གནས་སྟངས་རྟོགས་གྱིན་མི་འདུག་ལ། ཀྲུང་གོ་གུང་ཁྲན་ཏང་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བ་རྟོགས་མི་འདུག འདིར་གསལ་བཤད་ཅིག་ངེས་བར་མཁོ་འདུག
ང་ཚོས་ཤེས་གསལ་ལ། ཀྲུང་གོ་གུང་ཁྲན་ཏང་ནི་ ༡༩༢༡ ལོར་ཧྲང་ཧད་ལ་བཙུགས་པ་རེད། དེ་དུས་གུང་ཁྲན་ཏང་གིས་གྲོང་ཁྱེར་ནང་ལས་འགུལ་སྤེལ། ༡༩༢༧ ལོ་སྤྱི་མཐུན་ཚོགས་པ་ཁ་འཐོར་བ་རེད། གོན་མིན་ཏང་གིས་གུང་ཁྲན་ཏང་ལ་འཛུལ་ཞུགས་བྱེད་མཁན་ཚང་མ་ལམ་སང་གསོད་རྩིས་བྱས། དེའི་སྐབས་སུ་གུང་ཁྲན་ཏང་གྲོང་ཁྱེར་དང་ཁ་བྲལ་ནས་དམར་དམག་རྒྱང་བསྐྱོད་བྱེད་མགོ་བརྩམས་ཏེ་རི་བོ་ཅིན་ཀང་(༢༡)་ལ་འཛེགས་པ་རེད། དམག་འཁྲུག་ཕམ་པའི་རྗེས་སུ་མུ་མཐུད་དམར་དམག་རྒྱང་སྐྱོད་བྱས་ནས་ཅིན་ཧྲ་གཙང་བོ་(༢༢)་བརྒལ། རྩ་ཐང་དང་རི་ལུང་མང་པོ་བརྒལ། ངས་འདི་ལ་གནད་དོན་ཅིག་གསལ་བཤད་བྱེད་འདོད་པ་ནི་ ༡༩༣༣ ལོ་ནས་ ༣༥ བར་གུང་ཁྲན་ཏང་ནི་ཤི་མ་གསོན་གྱི་བར་ན་གནས་བ་ཙམ་རེད་ལ། ཁོ་ཚོའི་རྗེས་སུ་གོ་མིན་ཏང་གི་དམག་མི་འབུམ་ཕྲག་ལྷག་གི་རྗེས་འདེད་བྱེད་གྱིན་ཡོད་པ་རེད། ཁོ་ཚོ་བྲོས་འགྲོ་ས་ཚང་མ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དག་ཡིན། གྲངས་ཉུང་མི་རིགས་འདི་དག་དང་གུང་ཁྲན་ཏང་གི་འབྲེལ་ལམ་ཀྱང་ཡག་པོ་མེད། དེ་ནི་གོན་མིན་ཏང་གིས་ཁོ་ཚོ་རྩ་མེད་གཏོང་བཞིན་ཡོད་ལ་ཏང་གཉིས་བར་གྱི་འབྲེལ་བ་ཛ་དྲག་ཡིན་པའི་རྐྱེན་གྱིས་རེད། དེ་དུས་རྒྱུག་ཆེ་བའི་གཏམ་དཔེ་ཞིག་ཡོད་པ་ནི། “རྡོ་བ་སྔས་སུ་མི་རུང་། རྒྱ་གྲོགས་པོར་མི་འོས” ཞེས་པ་དེ་རེད། འདིས་འགལ་ཟླའི་གནས་ཚད་ག་ཚོད་ཅིག་ལ་སླེབས་ཡོད་པ་ཤེས་ཐུབ། དེ་དུས་དམར་དམག་ཁྱུ་བྱས་ནས་ཡོང་བཞིན་ཡོད་པ་ཚང་མ་རྒྱ་རིགས་རེད་ལ་ཁོ་ཚོས་ཅི་ཞིག་བྱ་དགོས་སམ། རྒྱབ་ལོགས་སུ་གོ་མིན་ཏང་གིས་དེད་ཡོད་པ་དང་མདུན་ན་གྲངས་ཉུང་མི་རིགས་ཀྱིས་བཀག་ཡོད། གུང་ཁྲན་ཏང་གིས་རང་ལ་གྲངས་ཉུང་མི་རིགས་ཀྱི་རྒྱབ་སྐྱོབ་ཐོབ་ཆེད། གྲལ་རིམ་དབྱེ་བ་ཕྱེས་པ་དང་། རྒྱ་རིགས་ཀྱང་རིགས་བཟང་བ་དང་སྡིག་པ་གཉིས་སུ་དབྱེས། རྒྱ་སྡིག་པ་དེ་ང་ཚོའི་མཐུན་མོང་གི་དགྲ་བོར་དབྱེས། གོ་མིན་ཏང་གིས་ང་ཚོ་ཚང་མ་ཐུབ་ཚོད་གཏོང་བཞིན་ཡོད་པས་མཉམ་འབྲེལ་བྱ་དགོས་པའི་སྐུལ་སློང་བྱས། དེ་བས་གུང་ཁྲན་ཏང་གིས་གྲངས་ཉུང་མི་རིགས་དག་ལ་ཕྱུག་འཚོ་རོགས་དང་ཆུ་ལེན་རོགས། བྱ་དེ་གསོ་རྒྱུ་སོགས་རོགས་རམ་བྱས་པས་མི་རིགས་ཚང་མའི་འབྲེལ་བ་དམ་ཟབ་ཏུ་བཏང་། ཕ་རོལ་ལ་གང་ཡག་གང་བསྟུན་བྱས་ཏེ་འགྲོ་ཞོར་འདུག་ཞོར་གྲངས་ཉུང་མི་རིགས་མང་པོའི་ནང་མཛའ་བརྩེ་བསྐྲུན་པ་རེད། གུང་ཁྲན་ཏང་གིས་གྲངས་ཉུང་མི་རིགས་གྲོགས་པོ་བཟོས། རང་གི་བཟང་སྤྱོད་དེ་གྲངས་ཉུང་མི་རིགས་ཀྱི་བློ་འགུག་པའི་སྲིད་ཇུས་ལ་སྤྱད་པ་དང་རྒྱང་སྐྱོད་ལས་བསླབ་བྱ་མང་པོ་ཐོབ། རྒྱང་སྐྱོད་བྱེད་ས་ཚང་མ་གྲངས་ཉུང་མི་རིགས་ས་ཁུལ་རེད།
ཞི་བདེའི་གནམ་སའི་(༢༣)་མགོ་བ་ཧྲི་ཏ་ཁད་(༢༤)ཇི་ལྟར་ཤི་བ་དེ་ཤེས་ཀྱི་ཡོད་དམ།
ཁོ་དང་ཧོང་ཤིག་ཆན་(༢༥)ཛིང་རྗེས་ཅིན་ཧྲ་གཙང་བོར་བརྒལ་དུས་ཡུའི་རིགས་ཀྱི་ལག་ནས་སྲོག་ཤོར་བ་རེད། ས་ཁུལ་དེ་ག་རང་ལ་གུང་ཁྲན་ཏང་སླེབས་ཚེ་གྲངས་ཉུང་མི་རིགས་ཚོས་བཀག་སྡོམ་བྱས་ཡོད། དེའི་སྐབས་སུ་ལིས་པོའི་ཁྲིན་ཡུའི་རིགས་ཀྱི་དཔོན་པོ་ཤོའི་ཡུ་ཏན་གཉིས་མནའ་སྐྱེལ་གྲོགས་པོ་ཡིན་པས་ཁོ་རྟ་དང་བཅས་ནས་གློད་པ་རེད། དངོས་ནས་ཁོ་ཡང་ཤི་གསོན་གྱི་གནས་བབ་ན་ཡོད་ལ་བསྐོར་ནས་བཤད་ན་རྟ་དང་བཅས་བ་གློད་མེད་ཚེ་ཁོ་ཧྲི་ད་ཁད་ལྟར་ཡིན་ལ་དམག་མི་རྣམས་སྡེབ་གསོད་བྱེད་ངེས་ཡིན། དེ་བས་ཁྱེད་དེང་སང་ཡུའི་རིགས་ས་ཁུལ་ལ་ཕྱིན་ན་ལིས་པོའི་ཁྲིན་དང་ཤོ་ཡུ་ཏན་གཉིས་ཀྱི་སྐུ་འདྲ་མཉམ་དུ་བཞེངས་ཡོད་ལ་དེས་མི་རིགས་མཐུན་སྒྲིལ་མཚོན་ཡོད། ང་ཚོས་ངེས་པར་དུ་གཏིང་ཟབ་རྟོགས་དགོས་པ་ཞིག་ནི་མནའ་འབྲེལ་མཉམ་མཐུན་གྱི་སྙིང་པོ་རྟོགས་དགོས་པ་དེ་རེད། འདིའི་ནང་ཕན་ཚུན་མནའ་དམ་པོ་སྐྱེལ་ཡོད་པ་རེད། གལ་སྲིད་ནུབ་ཕྱོགས་པས་ཆིངས་ཡིག་གླེང་ལ་ཀྲུང་གོས་མནའ་སྐྱེལ་བ་རེད་ལ་ཁྲག་ཆང་མཆོད་ནས་དཀོན་མཆོག་དཔང་ལ་འཇོག་པ་རེད། མནའ་དང་འགལ་བའི་མཇུག་འབྲས་དེ་ཚབས་ཆེན་ཡོད་པ་རེད། ཁྲག་ཆང་མཆོད་དེ་དཀོན་མཆོག་དཔང་ལ་བཞག་ནས་མཉམ་འབྲེལ་བྱས་པ་དེ་གུང་ཁྲན་ཏང་དང་གྲངས་ཉུང་མི་རིགས་ཀྱི་བར་འབྲེལ་བ་གཙང་མ་ཡིན་པ་དེ་བསྟན་ཡོད།
ཀྲུང་གོ་གུང་ཁྲན་ཏང་དང་གྲངས་ཉུང་མི་རིགས་གཉིས་ཀས་འདི་ལྟ་བུའི་མནའ་འབྲེལ་མཐུན་ཚོགས་བཙུགས་རྗེས། དེ་དང་ལྷན་དུ་གྲངས་ཉུང་མི་རིགས་ལ་གསར་རྗེ་གསར་བཏོད་དང་རྒྱལ་ཁའི་ཁས་ལེན་དང་རང་སྐྱོང་སྤྲད་པ་རེད། ཀྲུང་གོའི་དེང་སང་གི་གྲངས་ཉུང་མི་རིགས་སྲིད་ཇུས་དེ་གུང་ཁྲན་ཏང་གི་རྒྱབ་སྐྱོབ་འོག་བྱུང་བ་རེད།
འདིར་འབྲེལ་ལམ་ཟུར་གསུམ་ཅན་ཞིག་ཡོད། གོ་མིན་ཏང་གིས་རང་གི་མེས་རྒྱལ་སྲུང་སྐྱོབ་དང་གུང་ཁྲན་ཏང་དང་གྲངས་ཉུང་མི་རིགས་ནི་མི་རྒོད་ལ་བརྩི། གོ་མིན་ཏང་སྲིད་གཞུང་གིས་གུང་ཁྲན་ཏང་དང་གྲངས་ཉུང་མི་རིགས་མཉམ་སྡོད་ཁས་ལེན་བྱེད་ཀྱིན་མེད། འདིས་ཅི་ཞིག་གསལ་བཤད་བྱས་ཡོད་དམ་ཞེ་ན། ཀྲུང་གོའི་མི་རིགས་རང་སྐྱོང་ནི་རིག་གནས་མི་འདྲ་བའི་གྲུབ་འབྲས་སྟེང་གི་རང་སྐྱོང་ཡིན་ནམ། དེ་འདྲ་ཡང་མིན་པ་རེད། རིག་གནས་ཀྱི་ཁྱད་པར་དེ་ནི་ངེས་པར་བསམ་བློར་འཁོར་དགོས་ལ་དེ་ནི་རྒྱུ་རྐྱེན་གཅིག་ཁོ་ན་མ་རེད། ང་རང་སྒེར་གྱི་བསམ་པ་ལ་འདི་ནི་འབྲེལ་ལམ་རང་བཞིན་གྱི་རང་སྐྱོང་རེད་སྙམ། གྲངས་ཉུང་མི་རིགས་དང་གུང་ཁྲན་ཏང་གིས་མཉམ་མཐུན་འབྲེལ་བ་ནི་གུང་ཁྲན་ཏང་ནུས་ཤུགས་ཤན་པ་དང་རང་གི་ཏང་ཁག་འཛུགས་སྐྲུན་བྱེད་ཐུབ་ཀྱི་མེད་པའི་སྐབས་སུ་བྱུང་བ་རེད། གུང་ཁྲན་ཏང་གི་དམིགས་ཡུལ་དེ་གོ་མིན་ཏང་རྩ་མེད་བཟོས་ཏེ་སྲིད་གཞུང་གསར་པ་འཛུགས་རྒྱུ་དེ་རེད། སོག་པོ་རང་སྐྱོང་སྲིད་གཞུང་དེ་ ༡༩༤༧ ལོའི་ཟླ་བ་ ༥ པའི་ཚེས་ ༡ ཉིན་བྱུང་བ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་མ་བཙུགས་པའི་ལོ་གཉིས་དང་ཕྱེད་ཀའི་སྔོན་ནས་བཙུགས་ཚར་པ་རེད། ནང་སོག་དང་བྱང་ཤར་(东北)གཉིས་སྟོབས་ཤུགས་རྒྱས་པ་དང་། (༡༩༤༥ ལོར་ཨུ་རུ་སུ་དང་སོག་པོ་མཉམ་འབྲེལ་དཔུང་དམག་ཁྲི་བརྒྱ་དང་ལྔ་བཅུས་ཉི་ཧོང་ཕམ་པར་བཏང་། བྱང་ཤར (东北)དང་ནང་སོག་བཅིངས་གྲོལ་བཏང་བ་རེད།) འདི་ནི་ཏག་ཏག་བར་སྟོང་ཤིག་སྟེ་ “སུ་ཞིག་གི” དཀའ་ངལ་ཆགས་པ་ཡིན་ནམ། ཏང་གཉིས་ཀས་བྱང་ཤར་(东北)ཞིང་ཆེན་གསུམ་འཛིན་འདོད་ཆེ་བས་ཏང་གཉིས་བར་གྱི་བྱང་ཤར་(东北)གྱི་དམག་འཁྲུག་མགོ་བརྩམས་པ་རེད། དེའི་སྐབས་ཀྱི་གནད་དོན་གཞན་ཞིག་ནི་ནང་སོག་རེད། སོག་པོ་ཅི་ཞིག་བྱེད་སྲིད་དམ། དེ་འདྲའི་རྒྱ་ཆེ་བའི་ས་སྟོང་དེ་ཅི་ཞིག་བྱ་དགོས་སམ། གནད་འགག་གི་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་ནང་སོག་གི་རང་སྐྱོང་ལ་རྒྱབ་སྐྱོབ་བྱས་ཡོད་པ་དང་། གུང་ཁྲན་ཏང་གིས་དབུ་འཁྲིད་འོག་གོ་མིན་ཏང་ལས་རང་བཙན་བླངས་ཏེ་ཀྲུང་ཧྭ་མི་དམངས་ཀྱི་བདག་དབང་འཛིན་རྒྱུ་དང་། ནང་སོག་རང་དགར་བཞག་སྟེ་རྒྱལ་ཁབ་ཀྱི་ས་ཁུལ་ནང་དུ་མི་ཚུད་རྒྱུ་བྱས་ཡོད།(གཙོ་བོར་བྱང་ཤར་ས་ཁུལ་གོ་བ་ཡིན།) དེ་བས་རང་སྐྱོང་འདི་ནི་འཛིན་སྐྱོང་གི་འབྲེལ་ལམ་གྱི་རང་སྐྱོང་ཞིག་རེད། དེ་བས་རང་སྐྱོང་འདི་ནི་ཟུར་གསུམ་ཅན་ཞིག་ཏུ་ཆགས་པ་རེད།
དེའི་རྗེས་ཀྱི་གནད་དོན་དེ་ཇི་ལྟར་བྱུང་བ་ཡིན་ནམ།
དེ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་འགྱུར་བའི་གྲུབ་དོན་ཡིན་ནམ། ཀྲུང་གོས་བཅོས་བསྒྱུར་འདི་ལེགས་པོ་བྱས་མེད། ཁྲིམས་ཀྱིས་གནད་དོན་དེ་ཁ་གསལ་བོ་བཟོས་མེད། འབྲེལ་བ་དེ་ནི་ད་སྔ་ངས་བཤད་ཟིན་པ་ལྟར་ཟུར་གསུམ་ལས་གྲུབ་པ་ཞིག་རེད། ཡིན་ན་ཡང་། དམག་འཁྲུག་མཇུག་བསྡུས་བའི་རྗེས་སུ་ང་ཚོའི་དགྲ་བོ་ནི་མེད། ལྷག་བསྡད་ཡོད་པ་ནི་ཚོགས་པ་གཉིས་རེད་ལ། ཚོགས་པ་འདི་གཉིས་ཀྱི་འབྲེལ་བ་ཅི་ཞིག་བྱ་དགོས་སམ། ཏང་དང་རང་སྐྱོང་བར་གྱི་འབྲེལ་ལམ་དེ་ག་འདྲ་ཞིག་ཡིན་ནམ། རྒྱལ་ཁབ་དང་མི་རིགས་རང་སྐྱོང་བར་གྱི་འབྲེལ་བ་དེ་ག་འདྲ་ཞིག་ཡིན་ནམ། རྒྱལ་ཁབ་ཀྱི་ངོས་ནས་ཚོགས་སྡེ་བར་གྱི་དབྱེ་བ་ཇི་ལྟར་ཕྱེས་ཡོད། རྒྱུ་མཚན་རང་སྐྱོང་གི་ཁ་གཏད་དེ་ནི་ཁྱེད་ཀྱི་མཐུན་གྲོགས་རེད། བདག་གིས་ད་སྔ་བཤད་ཟིན་པ་ལྟར་ཀྲུང་གོའི་བཤད་རྒྱུན་ལ། “རྒྱང་མི་འཇམ་པོས་འགུག”怀柔远人ཟེར། ཁྱེད་རང་ངའི་སར་སླེབས་ན་ང་དགའ་བ་དང་། ཁྱེད་རང་ངའི་གྲོགས་པོ་ཡིན་ན་ང་དགའ་བ་རེད། ཡིན་ཡང་ཁྱེད་ཀྱིས་ང་ལ་ས་མཚམས་གསལ་བོ་ཕྱེས་ཚེ་བདག་གིས་ངོ་ལོག་ངེས། སྤྱིའི་ཕྱོགས་གཉིས་ཀའི་འབྲེལ་བ་བཟང་ཡང་། འགལ་ཟླ་བྱུང་བ་དང་སླར་ཡང་གཞི་གཅིག་ཏུ་བསྡུས་ཚེ་སེར་ག་ཅན་ཞིག་ཏུ་འགྱུར་ངེས། ཁྱེད་ཀྱི་ས་མཚམས་ཕྱེས་ནས་མཛའ་འབྲེལ་སླར་གསོ་བྱེད་ཀྱི་ཡིན་ཟེར་ན་ལས་སླ་བོ་ག་ལ་ཡོད། འདི་ནི་ཀྲུང་གོའི་མི་རིགས་འབྲེལ་ལམ་དང་། མི་རིགས་སྡང་འཛིན་དེ་སྤྱིར་བཏང་བ་ཞིག་མིན་པ་གསལ་བོ་ཤེས་ཤིང་མཐོང་ཐུབ་པ་རེད། འདི་ནི་མཐུན་ཚོགས་བར་དང་གྲོགས་པོའི་བར་གྱི་སྡང་སེམས་ཤིག་རེད།
འདི་དག་གིས་གུང་ཁྲན་ཏང་དང་གྲངས་ཉུང་མི་རིགས་བར་གྱི་དམིགས་བསལ་འབྲེལ་ལམ་བསྟན་ཡོད། ངས་དམིགས་བསལ་ཅན་འདིར་དོག་ཙམ་ནན་བཤད་བྱས་ཡོད། ང་ཚོའི་ཤེས་ཡོན་པ་འགའ་ཞིག་གིས་དམིགས་བསལ་ཅན་གྱི་འབྲེལ་ལམ་འདི་ཀྲུང་གོའི་རྒྱལ་ཁབ་ངོས་ཀྱི་རྒྱུན་ལྡན་མ་ཡིན་པ་ཞིག་ལ་ལྟ་བ་རེད། ཧ་ལམ་ཀྲུང་གོ་ནི་འཐུས་ཚང་མིན་པའི་རྒྱལ་ཁབ་ཅིག་དང་འདྲ་བར་བཟོ། དེས་ན་འཐུས་ཚང་མ་ཡིན་པ་དེ་ཅི་འདྲ་ཅིག་ཡིན་ནམ། ཁོ་ཚོའི་མིག་ནང་ན་མི་རིགས་འབྲེལ་ལམ་ཐད་ཨ་རི་ནི་རྒྱུན་ལྡན་དང་ཨུ་རུ་སུ་རྒྱུན་ལྡན་མ་ཡིན་པར་མཐོང་། ཁོ་ཚོས་བསམ་པ་ལ་ཀྲུང་གོས་མི་རིགས་ལམ་ལུགས་ནི་ཨུ་རུ་སུ་ནས་བསླབ་བྱ་བླངས་ཡོད་པས་རྒྱུན་ལྡན་མ་ཡིན་པར་འདོད། དེ་དང་འདྲ་བར། ཨུ་རུ་སུ་སྔོན་མའི་དུས་སུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཚང་མས་རང་རང་གི་ས་རེ་བཟུང་ཡོད་ལ། དེ་དང་བསྟུན་ནས་རང་སྐྱོང་ཁུལ་དང་། རང་སྐྱོང་རྫོང་། རང་སྐྱོང་ཞང་ལ་སོགས་པར་བགོས་ཡོད། བོད་ཁུལ་ས་ཁྱོན་དེ་འདྲའི་ཆེ་བ་དེ་དག་ཚང་མ་བོད་པས་བཟུང་ཡོད་པ་དང་། དེར་བལྟས་མ་ཐག་རྒྱུན་ལྡན་མ་ཡིན་པར་མཐོང་བཞིན་ཡོད། རྒྱུན་ལྡན་མ་ཡིན་པ་ཉེན་ཁ་ཅན་ཞིག་ལ་བརྩིས་ཏེ་ “བདེ་འཇགས་སྲུང་བཞིན”securitization ཡོད་ལ་བདེ་འཇགས་ཀྱང་དགོས་པ་རེད། སྤྱིར་བདེ་འཇགས་ཟེར་བ་དེ་ནི། བདག་གི་ངོས་ནས་བལྟས་ན་དེ་ནི་ཁ་གཏད་ཡིན་སྟབས། གང་མྱུར་ཐབས་དང་ལྡན་པའི་སྒོ་ནས་རྩ་མེད་གཏོང་རྒྱུ་དེ་རེད། ཕྱོགས་འདི་ནས་གླེང་ན་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་བདེ་འཇགས་དེ་ནི་ཨ་རིས་ཁ་ཆེར་བྱེད་སྟངས་ལས་བསླབ་པ་རེད། དོན་དངོས་སུ་བཤད་ན་མི་རིགས་གནད་དོན་དེ་ཆབ་སྲིད་གནད་དོན་ལ་བསྒྱུར་བ་རེད། ཆབ་སྲིད་ཅན་གྱི་དམིགས་འདུན་ནི་ཅི་འདྲ་ཞིག་ཡིན་ནམ། མི་རིགས་ཟེར་བའི་ཐ་སྙད་འདི་ཉེན་ཚབས་ཅན་ཞིག་ཡིན་པ་ནི་ “མི་རིགས” “མི་སྡེ” ལ་བསྒྱུར་བ་དེ་རེད། མི་རིགས་ནི་རྒྱལ་ཞེན་ (nationality) ནས་སླེབས་པ་དང་། ཁོ་རང་ཉིད་ཆབ་སྲིད་ཀྱི་ངོ་བོ་ལྡན་པ་ཞིག་རེད། མི་རིགས་ཀྱིས་མི་རིགས་དེའི་ཐུན་མོང་གི་ས་ཁུལ་དང་། ཐུན་མོང་གི་དཔལ་འབྱོར། ཐུན་མོང་གི་སྐད་ཡིག་དང་ཐུན་མོང་གི་བསམ་བློའི་འདུ་ཤེས་བཅས་བསྟན་ཡོད་ལ་མི་རིགས་ལ་ཐུན་མོང་གི་ཆོས་ཤིག་ཡོད་པ་དེ་ནི་དངོས་ཡོད་ཡིན། ཆབ་སྲིད་ཅན་ལ་བསྒྱུར་བའི་མིག་ནང་དུ་ཀྲུང་གོའི་མི་རིགས་ས་ཁུལ་གྱི་རང་སྐྱོང་ནི་སྔར་བཞིན་རང་བཙན་རྒྱལ་ཁབ་ཡིན་པས་རང་དགར་འཇོག་མི་འོས་ལ་ཞེད་སྣང་སྐྱེས་སར་བརྩི།
དོན་དངོས་ཐོག་འདི་ནི་ཐག་ཁྲ་སྤྲུལ་དུ་འཁྲུལ་བ་རེད། ཀྲུང་གོའི་རང་སྐྱོང་ས་ཁུལ་རེ་རེའི་སྒོ་མོ་ཕྱེས་ཡོད་ལ་པེ་ཅིན་དང་ཧྲང་ཧེ་ལྟ་བུར་ཕྱི་མི་ཕྱིར་འཕུད་བྱེད་ཀྱིན་མེད། པེ་ཅིན་དང་ཧྲང་ཧེའི་མིས་ཕྱི་མི་ལ་མཐོང་ཆུང་བྱེད་པ་ནི་རྒྱུན་ལྡན་རེད། གྲངས་ཉུང་མི་རིགས་ཀྱིས་རང་གི་ས་ཁུལ་བདག་དབང་སྲུང་སྐྱོབ་བྱེད་ཐུབ་གྱི་མེད། རྒྱ་མི་གནས་སྤོ་བ་དག་གནས་ཚུལ་ཆུང་ཙམ་གླེང་ཡང་རྒྱ་མི་ལ་ངོ་རྒོལ་དང་མི་རིགས་ཁ་བྲལ་རིང་ལུགས་པའི་ཞ་མོ་གཡོག་ནས་དྲག་སྣོན་བྱེད་པ་རེད།
མི་རིགས་ཀྱི་གནད་དོན་ཆབ་སྲིད་ཅན་ལ་བསྒྱུར་བའི་དོན་སྙིང་གཙོ་བོ་ནི་ “མི་རིགས”་ “མི་སྡེ”་ལ་འགྱུར་བ་དེ་རེད། “མི་སྡེའི”་མཚན་ཉིད་ཅི་ཞིག་ཡིན་ནམ། དབྱིན་ཡིག་གི་ (ethnicity) ཞེས་པ་ལས་བསྒྱུར་བ་ཡིན། འདི་ནི་རིག་གཞུང་གཅིག་དང་ཁྲག་རྒྱུན་གཅིག་ལས་ཁྱབ་པའི་ཚོགས་སྡེ་ཞིག་ལ་གོ དེའི་གནས་སྟངས་ནི “རང་ཉིད” དང་ “ཁོ” ལས་གྲུབ་པ་ཞིག་རེད། ཡུལ་༼ཡུལ་དང་ཡུལ་ཅན་གྱི་ཡུལ་དེར་གོ་༽ལས་རང་ཉིད་གནས་ཡོད་པ་བསྟན་ཡོད། ཡུལ་དེ་མེད་ཚེ་རང་ཉིད་ཡང་མེད་པ་རེད། དཔེར་ན། ཡུ་གུར་རིགས་(维吾尔)ལྟ་བུ་རེད། ཁོ་ཚོ་ལ་རང་ཉིད་རང་བདག་གི་སྡོད་གནས་མེད་པ་ལྟ་བུ་རེད། རྒྱུ་མཚན་ཁོ་ཚོའི་འཚོ་སྡོད་ལ་ཡུལ་ངེས་ཅན་ཞིག་མཁོ་བ་རེད། ཀྲུང་གོའི་ནང་ཁོ་ཚོའི་ཡུལ་(ཡུལ་ཡུལ་ཅན་གྱི་ཡུལ་)ནི་རྒྱ་རིགས་རེད། དེ་བས་རྒྱ་ཞེས་བའི་མི་རིགས་ཤིག་ཡོད་སྟབས། ད་གཟོད་ཡུ་གུར་(维吾尔)ཡོད་པ་རེད། གནས་ལུགས་འདིའི་སྟེང་ནས་གླེང་ན། ད་སྔ་གླེང་བཞིན་པའི་ “སུ་ཡང་སུ་ལ་འབྲལ་མི་རུང” ཞེས་པའི་སྲིད་ཇུས་དེའི་ཁ་ཕྱོགས་ནི་རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་མི་རུང་ལ། གྲངས་ཉུང་མི་རིགས་རྒྱ་དང་ཁ་འབྲལ་མི་རུང་། གྲངས་ཉུང་མི་རིགས་སོ་སོ་ཡང་ཕན་ཚུན་ལ་ཁ་འབྲལ་མི་རུང་། འདིས་ཏག་ཏག་མི་སྡེ་བར་གྱི་རིན་ཐང་ལྟ་ཚུལ་གླེང་ཡོད་པ་རེད། ཁྱེད་ཀྱིས་ཟིན་པའི་རྗེས་སུ་བྲོས་ཀྱང་མི་ཕོད་པ་རེད། རྒྱུ་མཚན་ཁྱེད་ཀྱི་འཚོ་སྡོད་ནི་བདག་གི་ལག་ཏུ་ཡོད་པ་རེད། རང་བདག་རང་བཙན་ནི་དེ་བས་མི་སྲིད་པ་ཞིག་རེད། སུས་ཀྱང་སུ་ལ་དབྲལ་མི་རུང་བའི་སྲིད་ཇུས་ནང་རང་སྐྱོང་གི་རྩ་བ་སྔ་ས་ནས་གཟུགས་བརྙན་ཙམ་ཡང་མེད་པ་རེད།
ཡིན་ན་ཡང་། མི་སྡེ་ཞེས་པ་ནི་དམངས་ཁྲོད་སྒྱུ་རྩལ་གྱི་སྡེ་ཚན་ཞིག་རེད། མི་རིགས་དང་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གོ་དོན་རེད། དེང་སྐབས་དམངས་ཁྲོད་རིག་གནས་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གནོད་ཡོང་དུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ངེས་བར་བཅོས་བསྒྱུར་བྱེད་འོས། མི་རིགས་གནད་དོན་དེ་ཆབ་སྲིད་གནད་དོན་ལ་བསྒྱུར་ན་ཆབ་སྲིད་བཅོས་བསྒྱུར་བྱ་དགོས་སམ། ཆབ་སྲིད་བཅོས་བསྒྱུར་ནི་ལས་སླ་བོ་མ་རེད། ཡིན་ཡང་མི་རིགས་གནད་དོན་ཆབ་སྲིད་ཅན་ལ་གྱུར་ཚེ། དེ་དང་བསྟུན་ཏེ་མི་རབས་རྗེས་མར་མི་རིགས་གནད་དོན་ནི་ཆབ་སྲིད་གནད་དོན་གྱིས་འབག་བཙོག་ཐེབས་པ་རེད་ཟེར་ངེས། མི་རིགས་གནད་དོན་ལ་མི་རིགས་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་རེད།
ང་ཚོས་བཅོས་བསྒྱུར་སྒོ་འབྱེད་ཇི་ལྟར་ཕྱིན་པར་ལྟ་དགོས་ལ། འབག་བཙོག་དེ་གང་དུ་ཡོད་པ་མཐོང་དགོས། དོན་དངོས་ཐོག་འབག་བཙོག་དེ་དམིགས་བསལ་ས་ཁུལ་དང་དཔལ་འབྱོར་ས་ཁུལ་དག་ན་ཡོད་པ་རེད། ཁྱེད་ཀྱིས་ས་ཁུལ་ཞིག་འདེབས་པ་དང་བཅོས་བསྒྱུར་སྒོ་འབྱེད་བྱས་པ་དང་དེ་ནས་ཚོད་ལྟ་ཡང་བྱས། ཚོད་ལྟ་ལེགས་འགྲུབ་བྱུང་ཚར་བའི་རྗེས་སུ་ཚོད་ལྟ་དེ་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་། དམིགས་བསལ་ས་ཁུལ་འདི་ནི་དམིགས་ཡུལ་ས་ཁུལ་ཞིག་རེད་ལ། ས་ཁུལ་འདིའི་ནང་ན་དམིགས་བསལ་གྱི་ཁྲིམས་ཡོད་པ་རེད། ང་ཚོས་ཀྲུང་གོ་ལ་རྒྱལ་དོན་དོན་དངོས་ལས་བརྒལ་བ་གླེང་བའི་སྲོལ་རྒྱུན་ཡོད་པ་ཤེས་གསལ་རེད། བཀག་སྡོམ་བྱས་ས་མང་པོ་ཡོད། མི་རིགས་གནད་དོན་ཚ་བོ་གླེང་བཞིན་ཡོད་ལ། ཡིན་ན་ཡང་ཀྲུང་གོའི་ཆབ་སྲིད་ཀྱི་མཉམ་དུ་གླེང་བཞིན་པ་ལ་དོན་སྙིང་ཞིག་ཡོད་སྲིད་དམ། དེ་ནི་གྲུབ་འབྲས་མེད་པའི་བརྗོད་གཞི་ཞིག་ཀྱང་རེད། གླེང་ཡང་གླེང་མ་ཐུབ་པར་གྲུབ་འབྲས་ཅི་ཞིག་ཡོད། ཡིན་ཡང་ཉེ་ཆར་མི་རིགས་གནད་དོན་ལ་རྩོད་གླེང་མེ་ལྟར་འབར་བ་ཅིའི་ཕྱིར་བྱེད་པ་ཡིན་ནམ། རྒྱུ་མཚན་དེ་ནི་ཀྲུང་གོའི་ཆབ་སྲིད་སྒྲོམ་གཞི་ཆ་ཚང་བ་དང་རྒྱལ་ཁབ་ཀྱི་སྒྲོམ་གཞི་ཆ་ཚང་བ་དང་མཉམ་དུ་གླེང་བའི་སྐབས་སུ་མི་རིགས་གནད་དོན་དེ་རང་དགར་ཞིག་མ་ཡིན་པར་དེ་ནི་གནད་དོན་གཙོ་གནད་ཅིག་ཏུ་གྱུར་ཡོད། མི་རིགས་གནད་དོན་དེ་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཞིག་མ་ཡིན། ཏང་གི་སྲིད་ཇུས་དེ་ཡང་རྒྱལ་ཁབ་དང་དཔལ་འབྱོར་གྱི་སྒྲོམ་གཞིའི་ནང་དུ་ཇི་ལྟར་གཞི་གཅིག་ཏུ་འདྲེས་དགོས་སམ། རྒྱལ་ཁབ་ཀྱི་ལས་དབང་ལ་ཇི་ལྟར་འདྲེས་དགོས་སམ། ཀྲུང་གོའི་དཔལ་འབྱོར་གྱི་ཁ་ལོ་ཇི་ལྟར་འཁོར་བཞིན་འདུག་གམ། སྔོན་ཆད་དཔལ་འབྱོར་ལྟེ་བ་དེ་མཚོ་ཁུལ་ཡིན་ལ། དེང་སང་ནང་ཁུལ་དང་མཐའ་མཚམས་ཆགས་ཡོད། ཀྲུང་གོའི་ཐོན་ཁུངས་གང་དུ་ཡོད་དམ། ཚང་མ་མཐའ་མཚམས་ས་ཁུལ་དག་ན་ཡོད་པ་རེད། ཐོན་ཁུངས་འདི་དག་མེད་ཚེ་ཧྲང་ཧེ་ལ་ག་ཚོད་ཡོད་དམ། དེ་བས་མི་རིགས་གནད་དོན་གླེང་བ་དེ་རྗེས་ལུས་ཀྱི་གདན་དོན་ཞིག་མ་ཡིན་ལ་དེ་ནི་གྲངས་ཉུང་མི་རིགས་ལ་ཤ་ཚ་བའི་ཀྱང་མ་ཡིན། འདི་དག་ལས་ཟློག་སྟེ་ཀྲུང་གོའི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།
གཤམ་ལ་ལོ་རྒྱུས་ཀྱི་ཟུར་ནས་ལྟོས་ཀྱང་། མི་རིགས་རང་སྐྱོང་གི་ལམ་ལུགས་འགྱུར་བ་བཏང་ཚར་བ་རེད། ང་ཚོ་ཤེས་ཡོན་པ་འགའ་ཞིག་གིས་འདིའི་དོན་གསལ་བོ་རྟོགས་ཀྱི་མི་འདུག ཀྲུང་གོའི་མི་རིགས་རང་སྐྱོང་ནི་ལོ་ལྔ་བཅུའི་སྔོན་ལ་ “མི་རིགས་རང་སྐྱོང་ཁུལ” ཞེས་གཏན་འབེབས་བྱས་པ་རེད། དེ་ནི་དེའི་སྐབས་ཀྱི་གྲངས་ཉུང་མི་རིགས་དང་རྒྱ་རིགས་མཉམ་འབྲེལ་གྱི་རང་སྐྱོང་བྱས་པ་ལས་མི་རིགས་རང་བཙན་གྱི་རང་སྐྱོང་ཞིག་མ་རེད། ཤེས་ཡོན་པ་འགའ་ཞིག་གི་བསམ་པ་ལ་ཀྲུང་གོའི་མི་རིགས་རང་སྐྱོང་གི་སྲིད་ཇུས་ནི་གྲངས་ཉུང་མི་རིགས་ཡར་ལངས་བྱེད་ཀྱི་མལ་ས་གྲོན་པོ་ལྟ་བུར་བརྩི་ལ། ཁོ་ཚོས་ཤོག་བུའི་སྟེང་ན་དམག་རྒྱག་པ་ལས་མི་རིགས་གནད་དོན་ལ་ཡར་སྐྱེད་ཀྱི་ལོ་རྒྱུས་དང་མངོན་འགྱུར་གྱི་བརྟག་ཞིབ་བྱེད་མེད་པར་སྙམ།
ལྔ།
ཐོག་མ་དེ་ལ་བདག་གིས་སོག་པོའི་འཛམ་གླིང་ལོ་རྒྱུས་ཀྱི་རང་བཞིན་གླེང་ཡོད། འཛམ་གླིང་རང་བཞིན་གྱི་སོག་པོའི་བཙན་རྒྱལ་ལ་སུས་ཀྱང་དཔྱད་པ་བྱས་མེད། སོག་པོའི་མིས་རང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ན་སེམས་ཚོར་ཁྲི་མ་འབུམ་ཡོད། མཚམས་རེར་ཨ་Q(༢༦) ལྟ་བུའི་སྟོང་བསམ་ཡང་ཕྱིར་མངོན་མི་ཐུབ། ལོ་རྒྱུས་ཀྱི་ཧེ་བག་དེ་ཧ་ཅང་རྒྱ་ཆེ་བས་ཕྱི་མིས་དེ་མྱོང་མི་ཐུབ། དེང་སང་ང་རང་ཆེས་སེམས་ཁྲལ་ཆེ་བ་ནི་དེང་དུས་འཛམ་གླིང་རང་བཞིན་གྱི་སོག་པོའི་གནད་དོན་དེ་ཡིན།
ཐེངས་གཉིས་ཉལ་ཐའི་དམག་འཁྲུག་གི་ཁྲོད་དུ། ༡༨༥༩ ནས་ ༡༨༦༠ ལོར་ཆིན་དམག་དང་དབྱིན་ཇི་དང་ཧྥ་རན་སུའི་དམག་མི་རྣམས་ཐེན་ཅིན་ཏ་གུ་ཁུག་(༢༧)་ནས་འཛིང་བའི་སྐབས་སུ། ཆིན་དམག་གི་དམག་དཔོན་ནི་སོག་པོའི་རྒྱལ་པོ་སེང་གེ་རིན་ཆེན་(༢༨) 僧格林沁 ཡིན། ཁྱེད་རང་ཚོས་ཡཱིན་མཱིན་ཡཱོན་མེར་བསྲེགས་བཏང་བའི་གློག་བརྙན་དེ་དྲན་གྱི་ཡོད་ངེས། དེའི་ནང་དུ་གླེན་རྟགས་ཆེ་བའི་སོག་པོའི་སྐུ་དྲག་ཞིག་གིས་དབྱིན་དམག་ཆུ་ལ་བསྐུར་ཡོད། དེས་སེང་གེ་རིན་ཆེན་(རྒྱལ་འབངས་)ཁོངས་སུ་ཡོད་པ་བསྟན། དེའི་སྐབས་སུ་ཆིན་སྲིད་གཞུང་ནང་ཁུལ་ན་རྙོག་འཛིང་ཆེ་ལ་ཆིན་གྱི་སྐར་བརྒྱད་(༢༩)་དམག་དཔུང་ཡང་ཉམས་ཐག་ཏུ་གྱུར་ཡོད། དེ་བས་ཆིན་གྱིས་སོག་པོ་ནས་རོགས་རམ་ཞུ་ཡི་ཡོད་པ་རེད། སེང་གེ་རིན་ཆེན་གྱིས་རང་སྲོག་ལ་མ་འཛེམས་པར་ ༡༨༥༣ ལོར་སོག་དམག་འཁྲིད་ནས་ཞི་བདེའི་དམག་མིའི་ངོ་ལོག་ཚར་བཅད་དེ་ཆིན་བསྐྱབས་པ་དང་། རྟ་དང་རྔུལ་ཁྲག་མང་པོ་བཏང་ཡོད་པ་རེད། ཆིན་རྒྱལ་ཁབ་ཀྱི་ལས་དབང་ཁོང་གི་ལག་ཏུ་ཡོད། ཁོང་གིས་དབྱིན་ཇི་དང་ཧྤ་རན་སི་དམག་ཕམ་པར་བརྒྱབ་པ་དང་། ཉན་ཅེན་(༣༠) དམག་དཔུང་དེ་ནས་ཁ་འཐོར། ཞི་བདེ་དམག་ལ་འཛིང་དགོས་པ་སོགས་ཕྱོགས་གསུམ་ནས་དམག་རྒྱག་བཞིན་ཡོད་པ་རེད་ལ་ཚང་མ་སོག་པོ་ཡིན། ༡༨༥༩ ལོར་སོག་དམག་གིས་ཏ་གུ་ཁུག་ནས་དབྱིན་ཇི་དང་ཧྥ་རན་སི་ལ་དམག་རྒྱབ་སྟེ་ཁོ་ཚོའི་མི་ ༤༠༠ ལྷག་བསད། ལོ་གཉིས་པ་དེར་དབྱིན་ཧྥ་གཉིས་ནས་དམག་མི་ཁྲི་ ༢ བཏང་བ་དང་། ཏ་གུ་ཁུག་ནས་སླར་ཡང་དམག་རྒྱག་དགོས་བྱུང་། དེའི་སྐབས་སེང་གེ་རིན་ཆེན་དམག་ཤོར་བ་རེད། དབྱིན་ཧྥ་གཉིས་ཀྱིས་བཙན་ཐབས་ཀྱིས་ཡཱིན་མཱིན་ཡཱོན་མེར་བསྲེགས་འཕྲོག་བཅོམ་བྱས་ཏེ་པེ་ཅིན་བཟུང་། གོང་མ་ཤན་ཧྥིན་ཁྲིན་ཏན་ལ་བྲོས་བྱོལ་ཏུ་ཕེབས་པ་དང་དེ་ནས་སྐུ་གྲོངས། ཕྱིས་སུ་ཉན་ཅེན་དམག་མི་སླར་ལངས་པའི་སྐབས་སུ་ཆིན་གོང་མས་ཡང་བསྐྱར་སོག་པོ་སེང་གེ་རིན་ཆེན་ལ་འབོད་སྐུལ་ཞུས་ཏེ་གཉའ་གནོན་དུ་བཅུག་ཡོད། ༡༨༦༥ ལོར་ཧྲན་ཏུང་ཚའོ་ཀྲུག་(曹州)སྟེ་དེང་སང་གི་ཧུ་ཙེ་(菏泽)རྩ་མེད་དུ་བཏང་། དེའི་རྗེས་སུ་ཆིན་དམག་གི་བཀོད་འདོམས་རྒྱ་མིའི་ལག་ཏུ་ཤོར།
བདག་གིས་གླེང་འདོད་པ་ནི་ཆིན་རྒྱལ་རབས་དང་དེང་རབས་ཀྲུང་གོའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་དང་ནུབ་ཕྱོགས་ཀྱིས་བཙན་གནོན་ཁྲོད་དང་གནད་འགག་ཁྲོད་སོག་པོ་ཡར་ལངས་ཏེ་གདོང་གཏད་མཁན་གཙོ་བོ་ཡིན། འདི་ནི་རྒྱལ་རབས་ལོ་རྒྱུས་སྟེང་གི་ཐོག་མ་ཡིན་ལ་མཐའ་མའང་ཡིན། སོག་དམག་ཤི་བ་དང་ལྷན་དུ་ཆིན་སྲིད་གཞུང་གི་སོག་དམག་གོ་གནས་ཀྱང་མར་ལྷུང་། སྲིད་གཞུང་ནང་གི་རྒྱ་མིའི་དབང་ཤུགས་ཆེ་རུ་ཕྱིན་པ་དང་སོག་པོ་ཤར་སྐྱོད་བྱེད་མགོ་བརྩམས། འདི་ནི་ཀྲུང་གོ་ཡོངས་དང་མན་ཇུ་མི་རིགས་ཀྱི་སྒྲོམ་གཞི་ལ་འགྱུར་བ་འགྲོ་མགོ་བརྩམས་པ་རེད་ལ། སྲིད་གཞུང་ལྟེ་བ་གནས་སྤོ་བ་དང་དབང་ཆ་ཡང་མན་ཇུ་དང་སོག་པོ་ནས་རྒྱ་ལག་ཏུ་ཤོར། དེའི་རྗེས་སུ། སོག་པོ་དེ་ལས་ཟློག་སྟེ་ཁ་གཏད་གཅོག་ཡུལ་དུ་གྱུར། སྲིད་ཇུས་གསར་པ་སོག་པོའི་ས་ཁུལ་ཏུ་བསླེབས་པ་དང་མི་སེར་སྤོ་ཡུལ་དུ་གྱུར། འདིས་སོག་པོའི་མིའི་ཁ་ཕྱོགས་ལ་འགྱུར་བ་བཏང་སྟབས། “ཀྲུང་དབྱང” ནས་ག་ས་གང་དུ་བྲོས་མགོ་བརྩམས་པ་དང་། བདག་གིས་འདིར་ “སོག་པོའི་བྲོས་བྱོལ་ཆེན་པོ” ཟེར་པ་ཡིན། བྲོས་བྱོལ་འདི་ནི་འགུལ་སྐྱོད་ཅིག་ཡིན་ལ་བསམ་བློའི་བྲོས་བྱོལ་ཞིག་ཀྱང་ཡིན།
དེ་རིང་ད་དུང་ཡང་རྩྭ་ཐང་བྱེ་ཐང་ལ་འགྱུར་བ་དང་། རྩྭ་ས་དང་རྡོ་སྣུམ་བསྔོགས་ཏེ་སོག་པོ་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་། ཁོ་ཚོ་རང་གི་ས་ཁུལ་ལ་འགྲོ་ཐབས་མེད་པའི་སྐབས་སུ་སོག་པོའི་བསམ་བློའི་ནང་གི་བྲོས་བྱོལ་ལ་ཁ་སྣོན་བྱེད་མི་སྲིད་དམ། སོག་པོ་རྣམས་ “འཛམ་གླིང་དབང་བསྒྱུར” ལས་ “གདོད་མའི་མི་རིགས” ལ་ལྷུང་བ་དང་། ཆང་དང་གླུ་གར་ཁྲོད་དུ་ད་དུང་ཁོ་ཚོ་ག་ཚོད་ཅིག་ལ་བྲོས་བྱོལ་གྱི་བསམ་པ་ཡོད་པ་ཤེས་ཚོར་དཀའ། གཅིག་བྱས་ན་འདི་ནི་ “ཁྱོད” ཀྱི་གནད་དོན་ཞིག་མ་ཡིན་རུང་། འདི་ནི་ “བདག” གི་མི་རིགས་རེད།
བསྒྱུར་པ་པོའི་མཆན།
(༡) བྷོ་རེ་ཡ་ཐུ། རྒྱ་ཡིག་ནང་步里亚特དང་དབྱིན་ཡིག་ཏུ་Buryats ཞེས་འབྲི། ཀྲུང་གོའི་ས་ཁུལ་ཁ་ཤས་ནང་ཏུ་ཁྱབ་ཡོད།
(༢) ཁལ་ཁ།赤塔 ནི་སོག་པོའི་རིགས་ཤིག་ཡིན་ལ། དེང་གི་ནང་སོག་དང་མཚོ་སྔོ་བྱང་རྒྱབ་ཕྱོགས་སུ་ཡོད།
(༣) ཐུ་བ། 图瓦ནི་སྤྱི་མཐུན་རྒྱལ་ཁབ་ཡིན་ལ་ཨུ་རུ་སུ་ལས་རང་སྐྱོང་ཐོབ།
(༤) ཨ་འར་ཐད།阿尔泰 ནི་གཙོ་བོ་སོག་རིགས་དང་སོག་སྐད་བཤད་བཞིན་པའི་སོག་པོའི་རིགས་རྒྱུད་ཡིན། ཉི་ཧོང་གི་སྐད་ཡང་སྨྲ་བཞིན་ཡོད།
(༥) ཁལ་མིག卡尔梅克ནི་སྤྱི་མཐུན་རྒྱལ་ཁབ་ཡིན་ལ་ཆོས་ལུགས་ནི་བོད་རྒྱུད་ནང་བསྟན་གཙོ་བོ་རེད། མི་རིགས་ནི་གསོ་རིགས་གཙོ་བོ་ཡིན།
(༦) མ་ཁུ་ཕོ་ལོ་ནི་ཡིས་ཏ་ལིའི་སྐད་གྲགས་ཆེ་བའི་ཚོང་པ་དང་ཡུལ་སྐོར་བ་ཞིག་ཡིན། ༡༢༧༥དར་གོས་ཚོང་ལམ་བརྒྱུད་ནས་པེ་ཅིང་ལ་སླེབས་མྱོང་། ཀྲུང་གོའི་ནང་ལོ་བཅུ་བདུན་བསྡད་པ་དང་ཡོན་སྲིད་དབང་འཛིན་སྐྱོང་གི་ནང་དུ་ཞུགས་མྱོང་། ཁོངགི་གྲགས་ཆེ་བའི་བརྩམས་ཆོས་ནི་མ་ཁུ་པོ་ལོའི་རྒྱལ་ཁབ་སྐོར་བའི་ཟིན་ཐོ་ཞེས་པ་དེ་ཡིན།
(༧) ཀ་བ་གླིང་ཞེས་པ་འདི་ནི་ཧིན་རྡུ་ཉིནཤི་ཡའི་སྐད་དུ་ལྗ་ཝ་དང་དབྱིན་སྐད་ལྗ་བ་ཞེས་བྲིས་འདུག
(༨) ར་ཤུ་དེ་འལ་ཏིན་ Rashid al-Din ནི་པར་ཤི་ཡའི་མིང་དང་ཁོང་ནི་༡༢༤༧ནས་༡༣༡༨ལོའི་མི་རེད། ཁོ་ནི་ལོ་རྒྱུས་སྨྲ་བ་དང་དངོས་གཟུགས་སྨྲ་བ་ཞིག་རེད།
(༩) Jack Weatherord ནི་ཨ་རིའི་ཁ་ལི་ཧྤོར་ཉི་ཡར་སྐྱེས་པ་དང་མེ་ནེའི་སོ་ཊའི་སློབ་གླིང་གི་སློབ་དཔོན་ཆེན་མོ་རེད། ཁོང་ལ་བརྩམས་ཆོས་དངུལ་གྱི་ལོ་རྒྱུས་སོགས་མང་པོ་ཡོད་ལ་དེ་དག་ལས་སྐད་གྲགས་ཆེ་ཤོས་ནི་༢༠༠༤ ལོར་བརྩམས་གྲུབ་པའི་ཇིང་གར་རྒྱལ་པོ་དང་འཛམ་གླིང་གི་ལོ་རྒྱུས་སྐྲུན་པ་ཞེས་པ་སོགས་ཡོད། Genghis Khan and the Making of the Modern World
(༡༠) རྒྱ་མོ་ཚི་ཤུ་ཐའེ་ནི་1835 ནས་༡༩༠༨ བར་བཞུགས། གོང་མ་སྐུ་ཀྲོངས་པ་དང་སྲིད་དབང་རྒྱལ་མོས་བཟུང་།
(༡༡) ཅིན་རྒྱལ金朝 ནི་ནུས་གྲིན་མི་རིགས་ཀྱི་བསྐྲུན་པའི་རྒྱལ་རབས་ཤིག་ཡིན་ལ། ༡༡༡༥ ནས་༡༢༣༤ ལོར་རྒྱལ་པོ་ཨ་ཀུས་ཏ་ཡིས་སྲིད་བཟུང་།
(༡༢) འུ་འར་དོ་སིའི་ 鄂尔多斯འཚོ་བའི་མིང་ནི་འུ་འར་དོ་མཐོ་སྒང་ནས་ཆད་པའི་མིང་ཞིག་རེད་སྙམ། ནང་སོག་རང་སྐྱོང་ཁུལ་གྱི་ས་ཁུལ་ཞིག་ཡིན་ཞིང་། དུས་རབས་བཅུ་བཞིའི་ནང་དུ་བསྐྲུན་པ་རེད། དེང་སང་ཀྲུང་གོའི་རིག་གནས་དར་བའི་ས་ཁུལ་ཅིག་རེད།
(༡༣) ཇུན་གར་准格尔མིན་གྱི་དུས་མཇུག་དང་གོང་ས་ལྔ་བ་ཆེན་པོའི་དུས་མཉམ་ཡིན།
(༡༤) ཁ་འར་ཆུ་ནི་སོག་པོའི་རིག་གནས་དར་སའི་མིང་གྲགས་ཅན་གྱི་རྩྭ་ཐང་ཞིག་ཡིན། དོན་ནི་མདའ་རྩེ་མཁན་གྱི་ཡུལ་ཞེས་པ་དང་རྒྱ་སྐད་དུ་科尔沁ཞེས་བྲིས་འདུག
(༡༥) ཐུའུ་འར་ཧིག་ཐུས་འཚོ་བ་ནི་བེ་ལ་ཐུའི་སོག་པོའི་འཚོ་བ་བཞིའི་ཡ་གྱལ་ཞིག་ཡིན། རྒྱ་སྐད་དུ་土尔扈特བྲིས་འདུག་པ་བཞིན་བྲིས་བ་ཡིན།
(༡༦) ཧུག་འུ་ཧོག་ཐུ་འར་ཁུ་ནི་སྐྱེས་ལོ་མ་ངེས་ལ། དུས་རབས་བཅུ་བདུན་ནང་གི་སོག་པོའི་འགོ་འཁྲིད་པ་ཅིག་རེད། ༡༦༤༣ལོ་ལ་ཨུ་རུ་སུའི་བཙན་འཛུལ་དམག་དང་འཐབ་བའི་ཁྲོད་ནས་སྐུ་འདས།
(༡༧) ཧ་རྫ་ཁུའི་དོན་ནི་རང་དབང་རང་བཙན་ཡིན་པ་དང་། དེང་སང་ཧ་རྫ་ཁུ་མི་རིགས་ནི་ཀྲུང་གོ་དང་ཨུ་རུ་སུ་དང་ཐོའི་འར་ཅུ་ལ་སོགས་པའི་ས་ཁུལ་མང་པོར་ཁྱབ་ཡོད། མིང་འདི་ཧ་རྫ་ཁུ་རང་གི་སྐད་ཡིན་པ་རེད།
(༡༨) ཅུ་འར་ཅུ་སི་ནི་ 吉尔吉斯 སྟེ་དབྱིན་ཡིག་ནང་ ཁུར་གེ་ས་ཐན་ Kyrgyzstan ཟེར་བ་དེ་ཡིན།
(༡༩) ཡོན་ཧྤེ་ནི་ ༡༡༠༣ ནས་༡༡༤༢ བར་གྱི་མི་རེད། ཀྲུང་གོའི་ལོ་རྒྱུས་སྟེང་གི་དམག་དོན་པ། ཇུས་འགོད་པ་དང་མི་རིགས་ཀྱི་དཔའ་བོ་ཡིན། སོང་ལྷོ་མའི་མི་སྣ་གལ་ཆེན་ཞིག་རེད།
(༢༠) བིན་ཐན་ཤང་文天祥ནི་༡༢༣༦ནས་༡༢༨༣བར་གྱི་མི་ཡིན། ནན་སོན་དུས་མཇུག་གི་སྲིད་སྐྱོང་མཁན་དང་མི་རིགས་དཔའ་བོ་དང་སྙན་ངག་པ་ཡིན།
(༢༡) རི་བོ་ཅིན་ཀང་ནི་ཀྲུང་གོའི་ཅང་ཤི་ན་ཡོད་པའི་རི་བོ་ཞིག རི་བོ་ཅིན་ཀང་དང་གུང་ཁྲན་ཏང་གཉིས་བར་ལ་འབྲེལ་བ་དམ་པོ་ཡོད་པ་རེད།
(༢༢) ཅིན་ཧྲ་གཙང་བོ་དང་བོད་སྐད་དུ་ཆུ་བོ་རྒྱལ་མོ་རྔུལ་ཆུ་སྟེ་མཚོ་སྔོན་དང་སུ་ཁྲོན་ནས་ཡུན་ནན་བཅས་བརྒྱུད་ལྷོ་ཕྱོགས་འབབ་ཀྱིན་ཡོད།
(༢༣) ཞི་བདེའི་གནམ་སའི་ལས་འགུལ་ནི་༡༨༥༡ ནས་༡༨༦༤ དུས་སུ་བྱུང་བའི་ཆིན་གོང་མ་ཤན་ཧྤིན་དང་ཐོན་ཀྲུ་གཉིས་ཀྱི་བར་དུ་བྱུང་བ་དང་། ལས་འགུལ་འདི་ནི་ཧོང་ཤིག་ཆན་དང་མ་ཡོན་ཧྲན་གྱིས་སྣེ་ཁྲིད་འོག་བྱུང་བའི་ཀྲུང་གོའི་ལོ་རྒྱུས་སྟེང་གི་འོས་ལངས་ཆེ་ཤས་དེ་ཡིན།
(༢༤) ཧྲི་ཏ་ཁད་ནི་༡༨༣༡ ནས་༡༨༦༣ བར་གྱི་མི་རེད། གང་ཤི་ནས་སྐྱེས་པ་དང་ཀྲུང་གོའི་དེང་རབས་ཀྱི་དམག་དོན་པ། ཆབ་སྲིད་པ་དང་དྲག་རྩལ་པ་ཞིག་རེད།
(༢༥) ཧོང་ཤིག་ཆན་ནི་༡༨༢༣ ནས་༡༨༥༦ ལོའི་བར་གྱི་མི་དང་། ཞིང་པའི་ཁྱིམ་ཚང་དབུལ་བོ་ཞིག་ལ་སྐྱེས།
(༢༦) ཨ་Q ཅེས་པ་ནི་ལོའུ་ཤིན་གྱིས་བརྩམས་པའི་བརྩམས་སྒྲུང་འབྲིང་བའི་རིགས་ཤིག་རེད། སྤྱི་ཚོགས་ཀྱི་གནོན་ཤུགས་འོག་གི་སྟོང་བསམ་བཅངས་མཁན་ཞིག་མཚོབ་དོན་བྱས་ཡོད།
(༢༧) ཐེན་ཅེན་ཏ་གུ་ཁུ་大沽口དམག་འཁྲུག་ཅེས་ཡོངས་སུ་གྲགས་པ་དང་སྔ་གཞུག་ཏུ་འདི་ནས་དམག་འཁྲུག་ཐེངས་གསུམ་ལ་བྱུང་།
(༢༨) ཚིན་ཀུ་ལེན་ཆིན་僧格林沁ནི་༡༨༡༡ ལོར་སྐྱེས་ཟེར་ཡང་ཁ་གསལ་མེད་ལ་༡༨༦༥ ལོའི་ཟླ་བ་༥ པའི་ཚེས་༡༨ ཉིན་སྐུ་ཀྲོངས། བོད་སྐད་དུ་མིང་ལ་སེང་གེ་རིན་ཆེན་ཟེར། ཇིང་གར་རྒྱལ་པོའི་ནུ་་བོའི་ཚ་རྒྱུད་ཉི་ཤུ་རྩ་དྲུག་པ་ཡིན་ལ་ཆིན་གྱི་སྐབས་ཀྱི་མིང་དུ་གྲགས་པའི་བློན་ཆེན་ཞིག་ཡིན།
(༢༩) སྐར་བརྒྱད་ནི་ཆིན་གྱི་སྐབས་སུ་མཚོན་ཁྲ་མི་འདྲ་བ་བརྒྱད་ལས་གྲུབ་པའི་དམག་དཔུང་ཆེན་པོ་ཞིག་ཡིན་ལ། ༡༦༠༡ ལོར་བཙུགས་འདུག དང་པོ་དེར་སྐར་བཞི་དང་༡༦༡༤ སྐར་བརྒྱད་ལ་མིང་བསྒྱུར་ཞིང་དམག་མི་གཙོ་བོ་མིན་ཇུ། སོག་པོ་དང་རྒྱ་རིགས་བཅས་ཡིན།
(༣༠) ཉེན་ཅིན་དམག་དཔུང་捻军ནི་༡༨༥༣ ལོ་ནས་༡༨༦༨ ལོའི་བར་ཆིན་ལ་ངོ་ལོག་པའི་ཞིང་པའི་འོས་ལངས་ཤིག་རེད། ཉེན་ཞེས་པའི་ཚིག་ནི་བྱང་ཤར་གྱི་སྐད་ཡིན་ལ་འོས་ལངས་ཀྱི་གསང་ཚིག་རེད།
མ་རྩོམ་འབྲེལ་ཐག https://site.douban.com/125457/widget/notes/10742746/note/604719500/
བཅར་འདྲི་འདི་ཧ་ཅང་ཡག་པོ་འདུག་པས་སྒྱུར་བ་པོ་ལལགས་སུ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་། རྒྱ་ཡིག་གི་ཚིག་ཁ་ཤས་མཁྲེགས་པོ་འདུག་པས་ཕྲན་བུ་གོ་ཇེ་བདེར་གཏོང་བ་དང་བོད་ཡིག་གི་ཚིག་གམ་ཡང་ན་རྒྱུན་དུ་བེད་སྤྱོད་གཏོང་བཞིན་པའི་ཚིག་ཏུ་བསྒྱུར་ཐུབ་ན་ཕན་ཐོགས་ཆེ་བར་མཐོང་སོང་ལ། ལྡེབ་སྦྱོར་རེ་འགའ་ཡང་སྐད་ཡིག་གཞན་པའི་འགྲོས་ད་དུང་ལྷག་མེད་དམ་བསམ་བསམ་བྱུང་སོང་།