རྒྱ་ནག་ཐེན་ཅིན་གྲོང་ཁྱེར་ནང་ཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བོད་རིགས་ལུས་རྩལ་བ་གསུམ་ལ་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཐོབ།
ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་ནག་རྒྱལ་སྐྱེས་པའི་རྨིད་ ༡༠༠༠༠ གི་རྒྱང་རྒྱུག་འགྲན་སྡུར་ཁྲོད། བོད་རིགས་ལུས་རྩལ་བ་སྟོབས་རྒྱལ་ལགས་ཀྱིས་སྐར་མ་ ༢༨ དང་སྐར་ཆ་ ༢༦ གི་གྲུབ་འབྲས་བླངས་ཏེ། ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། དེ་བཞིན་རྒྱང་རྒྱུག་དེའི་ཁྲོད་བོད་རིགས་ལུས་རྩལ་བ་མི་འགྱུར་ཉི་མ་ལགས་ཀྱིས་སྐར་མ་ ༢༩ དང་སྐར་ཆ་ ༥༡ གི་གྲུབ་འབྲས་བླངས་ཏེ། ཨང་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་ཡོད་འདུག
དེ་བཞིན། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ནང་དངུལ་གྱི་རྟགས་མ་ཐོབ་པའི་བོད་རིགས་ལུས་རྩལ་བ་གྲགས་ཅན་ཆོས་དབྱིངས་སྐྱིད་ལགས་ཀྱིས། ཐེངས་འདིའི་བུད་མེད་ཀྱི་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་ཆུ་ཚོད་ ༡ དང་སྐར་མ་༢༨། སྐར་ཆ་ ༣༣ གྱི་གྲུབ་འབྲས་བླངས་ཏེ། ཨང་གཉིས་པའི་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག
ཐེངས་འདིར་བོད་རིགས་ལུས་རྩལ་འགྲན་ཞུགས་པ་གསུམ་ལ་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཐོབ་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས། སྐད་འཕྲིན་དང་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་བོད་རིགས་གཞོན་ནུ་གསུམ་དེ་ང་ཚོའི་མིག་དཔེ་དང་སྤོབས་པ་ཡིན་པའི་བསྔགས་བརྗོད་དང་འབྲེལ། ཁོང་ཚོ་ལྟ་བུའི་བོད་རིགས་གཞོན་སྐྱེས་གང་མང་ཐོན་དགོས་སྐོར་སོགས་བརྗོད་ཀྱི་འདུག