སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེང་རབས་སློབ་གསོ་མགོ་བཙུགས་ཏེ་ལོ་ངོ་བརྒྱ་ཕྲག་ཕྱིན་ཡོད་ཀྱང་ཞི་བདེ་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི་དེང་རབས་སློབ་གསོའི་ནང་བཟང་སྤྱོད་དང་བྱམས་སྙིང་རྗེ་མེད་པའི་རྐྱེན་གྱིས་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་དྷ་སྟེང་བོད་ཁྱིམ་དུ། བོད་ཕྲུག་ཁྱིམ་སྡེའི་དབུ་བརྙེས་ཏེ་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཚོགས་སོང་བ་དང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གི་དབུས་སྤྱི་འཐུས་རྣམ་པ། བོད་ཁྱིམ་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང་། དགེ་ལས་སློབ་ཕྲུག དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག མཛད་སྒོའི་ཐོག་མར་བོད་ཁྱིམ་སློབ་གྲྭ་ཁག་གི་རྩེད་འགྲན་རུ་ཁག་རྣམས་རྐང་སྤོལ་ཐང་དུ་རུ་བསྒྲིགས་ཏེ་དཀྲོལ་རྡུང་རོལ་གསུམ་གྱིས་དུས་དྲན་མགོ་འཛུགས་བྱས་སོང་བ་དང་། དེ་རིང་ཕྱི་དྲོ་ནས་བཟུང་སང་ཉིན་གནངས་ཉིན་སློབ་གྲྭ་ཁག་གི་བར་རྩེད་རིགས་འགྲན་སྡུར་བྱེད་བཞིན་འདུག
མཛད་སྒོའི་ཐོག་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས། བོད་ཕྲུག་ཁྱིམ་སྡེ་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཇམ་མུ་ཁུལ་དུ་ལམ་བཟོར་རྒྱུག་བཞིན་པའི་བྱིས་པ་ ༥༡ ནས་མགོ་བཙུགས་ཐོག སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་རྣམ་གཉིས་ཀྱིས་སྔ་རྗེས་སྐུ་ངལ་མཛད་མེད་ཀྱིས་འཛུགས་སྐྲུན་ཡར་རྒྱས་གནང་སྟེ། ད་ལྟའི་བར་ལོ་ངོ་ཧྲིལ་བོ་ ༥༧ འདས་པའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། ད་ལྟ་བོད་ཕྲུག་ཁྱིམ་སྡེར་ཡན་ལག་སློབ་གྲྭ་ཁག་ ༢༩ ཡོད་པ་ནས་ཁྱོན་སློབ་ཕྲུག་ ༥༠༡༣༢ བྱུང་ཡོད་པ་དང་། ད་ལྟ་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་སློབ་མ་༨༧༣༥ དང་། མཐོ་རིམ་སློབ་མ་ ༡༨༨༣ ། དེ་བཞིན་ཁྱོན་ལས་བྱེད་ ༡༣༧༦ དང་བགྲེས་ཡོལ་ཕྱིན་པ་ ༥༤༠ བཅས་དགེ་ལས་ཁྱོན་བསྡོམས་གྲངས་ ༡༢༥༣༤ ལ་ལྟ་སྐྱོང་བྱེད་མུས་ཡིན་སྐོར་བརྗོད་སོང་།
ཁོང་གིས་ད་ལོའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་སྐོར་ངོ་སྤྲོད་གནང་པ་ལྟར་ན། ད་ལོ་བོད་ཁྱིམ་མ་ལག་དང་བཅས་པའི་སློབ་གྲྭ་ཁག་ནས་སློབ་ཕྲུག་ ༦༥༠ ཡིས་འཛིན་རིམ་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་བཏང་ཡོད་པ་ལས་རྒྱུགས་འཕྲོད་མཁན་ ༥༩༡ དང་། བསྐྱར་རྒྱུགས་གཏོང་དགོས་མཁན་ ༥༩ བཅས་བྱུང་ཡོད་པ་དང་། འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༥༤༥ ཡིས་འཛུལ་ཞུགས་བྱས་ཏེ། རྒྱུགས་འཕྲོད་མཁན་སློབ་མ་ ༤༨༥ དང་། བསྐྱར་རྒྱུགས་གཏོང་དགོས་མཁན་ ༤༤། ཡིག་རྒྱུགས་མ་འཕྲོད་པ་༡༧ བྱུང་སྟེ། ཁྱོན་བསྡོམས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆའི་ཚད་ ༦༦།༣ ཡིན་འདུག སི་ལ་ཀུ་དང་སུ་ཇཱ་བོད་ཁྱིམ་སློབ་གྲྭ་གཉིས་ནི་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་བརྒྱ་ལོན་མཁན་ཆགས་ཡོད་འདུག
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་ ༥༧ འཁོར་བའི་དུས་དྲན་གྱི་བརྗོད་གཞིར་༧གོང་ས་མཆོག་གི་བཀའ་དགོངས་ཏེ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་། བྱམས་སྙིང་རྗེ་གཙོར་བཟུང་གིས་དུས་དྲན་སྲུང་གཙི་ཞུས་པ་ནི་ཧ་ཅང་དགའ་འོས་པ་ཞིག་དང་། ༧གོང་ས་མཆོག་གི་བཀའ་དགོངས་ཏེ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་འཛམ་གླིང་སྟེང་དར་ཁྱབ་ཆེན་པོ་འགྲོ་ཡི་ཡོད་པ་མ་ཟད། ཕྱིའི་སློབ་གྲྭ་ཁག་ཏུ་སློབ་ཚན་ནང་བཞག་སྟེ་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་སྟབས། ང་ཚོའི་སློབ་གྲྭ་ཁག་ཏུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་མགོ་འཛུགས་བྱ་རྒྱུར་ཕྱི་མ་དྲགས་ནའང་སྔ་དྲགས་མེད་པ་དང་། དེ་ཡང་དེང་རབས་སློབ་གསོ་མགོ་བཙུགས་ཏེ་ལོ་ངོ་བརྒྱ་ཕྲག་མང་པོ་ཕྱིན་ཡོད་ཀྱང་། མཐའ་མའི་གྲུབ་འབྲས་སུ་འཛམ་གླིང་ནང་ཞི་བདེ་མེད་པར་དམག་འཁྲུག་འབྱུང་གི་ཡོད་པ་དང་། གང་ཟག་སྒེར་གཅིག་ལ་མཚོན་ནའང་སེམས་ཁམས་རིག་པའི་ཐོག་ནས་སེམས་སྐྱིད་པོ་མེད་པ་སོགས་ཀྱི་རྙོག་དྲ་མང་པོ་ཞིག་བྱུང་དང་འབྱུང་གི་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་འཛམ་གླིང་དེང་རབས་སློབ་གསོའི་ནང་བཟང་སྤྱོད་དང་དམིགས་བསལ་བྱམས་སྙིང་རྗེ་ཡི་སློབ་གསོ་མེད་པའི་རྐྱེན་གྱིས་རེད། ཅེས་གསུངས་སོང་།
དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཡ་རབས་གཤིས་བཟང་དང་ཞི་མཐུན་བག་ཡོད་ལྡན་པའི་བོད་མི་ཞིག་ཡོང་ཐབས་སུ་འབད་བརྩོན་བྱེད་གལ་ཆེ་སྐོར་ལ་ཁོང་གིས། བོད་ཕྲུག་ཁྱིམ་སྡེ་ཐོག་མར་ལས་གཞི་ཆུང་ཆུང་ཞིག་ནས་རིམ་བཞིན་གཞི་རྒྱ་ཇེ་ཆེར་སོང་བ་དང་བསྟུན། སློབ་གྲྭ་ཁག་གསར་འཛུགས་ཀྱིས་སློབ་མ་སྟོང་ཕྲག་མང་པོར་ཕྱི་ནང་གི་སློབ་གསོ་ལེགས་པོ་སྤྲད་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་སྤྱི་ཚོགས་ཀྱི་ལས་རིིམ་འདྲ་མིན་ནང་ཞུགས་ཏེ། བོད་མིའི་བདེན་དོན་འཐབ་རྩོད་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་སོགས་ཀྱི་ཞབས་འདེབས་ཞུས་དང་ཞུ་བཞིན་པའི་རླབས་ཆེན་གྱི་གྲུབ་འབྲས་བཟང་པོ་ཐོན་ཡོད། དེ་བཞིན། གཞིས་ལུས་བོད་མི་ན་གཞོན་སྟོང་ཕྲག་མང་པོས་རང་རེའི་སྐད་དང་། རིག་གཞུང་ཐོག་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་དང་། སློབ་ཚན་སོགས་སྐད་ཡིག་གཞན་དུ་བསྒྱུར་བར་བརྟེན། གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོར་རང་དབང་ལུང་པའི་ནང་འགེལ་རྐྱེན་དང་བཀག་འགོག་ཇི་ཡང་མེད་དུས་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་ལ་དོ་སྣང་བྱེད་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཆགས་ཡོད། དེ་བཞིན། བོད་ཕྲུག་ཁྱིམ་སྡེའི་ནང་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་དུས། བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་ངེས་པར་དུ་ཡོད་དགོས་པ་དང་། དེང་སང་བོད་ཕྲུག་ཁྱིམ་སྡེ་ནང་སློབ་མ་ཇེ་ཉུང་དུ་འགྲོ་ཡི་ཡོད་སྟབས། དུས་ཀྱི་དགོས་མཁོ་དང་བསྟུན་ཏེ་བོད་ཕྲུག་ཁྱིམ་སྡེའི་ནང་མཐུན་རྐྱེན་དང་དགོས་དམིགས་གང་གི་ཐད་ནས་སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚད་ཇེ་ལེགས་སུ་གཏོང་དགོས་པ་གལ་ཆེན་ཆགས་ཡོད་ལ། སློབ་ཕྲུག་ཚོའི་གཙང་སྤྲ་འཕྲོད་བསྟེན་དང་ནད་རིགས་སྔོན་འགོག་སོགས་ཀྱི་ཐད་དོ་སྣང་བྱ་དགོས་པ་མ་ཟད། མདོར་ན་ཡ་རབས་གཤིས་བཟང་དང་ཞི་མཐུན་བག་ཡོད་ལྡན་པའི་བོད་མི་ཞིག་ཡོང་ཐབས་སུ་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་ད་བར་འབད་པ་ལྷོད་མེད་ཐོག་དཀའ་ལས་བརྒྱབས་ཡོད་པ་དང་། ཡར་རྒྱས་ལ་མཐའ་མེད་དུས་ང་ཚོ་ཚང་མའི་ནུས་པ་མཉམ་སྤུངས་ཀྱིས་དུས་ཚོད་དམ་འཛིན་དང་གཟབ་མནན་བྱ་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
གསར་འགོད་པ། སྐལ་བཟང་སྤྱིན་པ།
ལྔ་བཅུ་ང་དགུ་ནས་ད་བར་གྱི་མི་རབས་གསུམ་ཙམ་སོང་བའི་ཡུན་ལ་སྔ་ནས་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་སུ་བཅད་པ་དང་། འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་དུ་མ་སློབ་ཚན་དུ་ཡོད་དུ་ཟིན་ཀྱང་། འགྲོ་བ་མི་རིགས་རང་ཉིད་ཀྱི་གཤིས་རྒྱུད་ད་དུང་འདུལ་མ་ཐུབ་པར་ལྷག་ཡོད་ན། དཔེ་ཆོས་གསར་པ་གསར་པར་སློབ་ཁྲིད་ཀྱི་ཨ་གསར་རྟ་ལས་མགྱོགས་པ་ཙམ་ལས་སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ་མ་བརྟག་ན་གཤིས་རྒྱུད་གྱོང་པོ་མཇུག་མ་ལུག་ལས་ཐུང་བ་ལྟར་ལྷག་ངེས་པ་གཏན་ཚིག་རིགས་པས་བསྒྲུབ་དོན་བརྙེད་ཟིན་ན་སླར་འབད་པ་བརྒྱ་དག་གིས་འཛུད་པར་མཛད་ཀྱང་གསར་གཏོད་ཀྱི་བསྒྲུབ་དོན་ཅི་ཡང་མ་བརྙེད་པ་ཐག་གཅོད་ཐུབ་པ་ཞིག་མ་ཡིན་ནམ།།
ང་ཚོའི་ཆོས་ལུགས་་་་་་་་་་
ང་ཚོས་ཆོས་ལུགས་་་་་་་་་་་
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གནད་འགགས་ནི་ཕྱི་རྒྱལ་སློབ་ཁག་ཙམ་མིན་པར་ང་ཚོ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུའང་ལག་བསྟར་དགོས་པ་ནི་༸གོང་ས་མཆོག་གི་དགོངས་བཞེད་ཡིན་སྟབས། ང་ཚོས་དེར་ངེས་པར་དུ་དང་ལེན་ཞུ་དགོས་སྙམ། ང་ཚོའི་ཕ་མ་གཉིས་ཀ་ནང་པ་སངས་རྒྱས་པར་ཁས་འཆེས་པ་ཞིག་ཡིན་ཀྱང་། ང་ཚོའི་རྒྱུད་ལ་ཆོས་ཀྱི་ཞག་རྩི་མ་ཐོན་ན། ཆོས་ལུགས་དང་ཆོས་ལུགས་དང་འབྲེལ་བའི་ཐབས་ལམ་གཉིས་ཀ་དཔྱད་ནའང་སྐྱོན་ཞིག་རྩ་ནས་མཐོང་གི་མི་འདུག ང་ཚོ་མ་འོངས་པར་སོ་སོའི་མདུན་ལམ་གཅིག་པོ་མ་ཡིན་པར། ༸གོང་ས་མཆོག་གི་བཀའ་དགོངས་ལྟར་མ་འོངས་པའི་སོན་རྩ་རྣམས་མི་རིགས་དང་ཆོས་ལུགས་འདྲ་མིན་ལ་དད་མོས་བྱེད་མཁན་ལྷན་དུ་དཔུང་པ་མཉམ་གཤིབས་བྱེད་ནས་འགྲོ་དགོས་སྟབས། སོ་སོའི་ཆོས་ལུགས་ནང་གསུངས་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་སྲོལ་རྣམས་ལུང་དུ་དྲངས་ནས་བཟང་སྤྱོད་དགོས་ལུགས་ན་གསུངས་ན། གཞན་གྱི་རྣ་བར་འགྲོ་མི་འགྲོ་སྣ་ཚོགས་ཡོང་སྲིད་ཀྱང་། ༸གོང་ས་མཆོག་གི་བཀའ་དགོངས་ལྟར་ཆོས་ལུགས་ཀྱི་ཁྱད་པར་མེད་པར་འགྲོ་བ་སེམས་ཅན་ཞིག་ཡིན་པའི་ཆ་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཁུངས་ལུང་བཤད་དེ་འགྲེལ་བརྗོད་བྱེད་ཐུབ་ན་ཚང་མས་ངོས་ལེན་བྱེད་ཐུབ་པ་ཞིག་ཡིན་སྙམ།
དུས་བབ་ཚང་ལགས། གུས་རང་སྔ་མོ་ནས་དུས་བབ་ཀྱི་ཚགས་ཤོག་དང་དྲ་རྒྱ་སོགས་ལ་ཡང་སེ་ལྟ་ཀློག་བྱེད་མཁན་ཞིག་ཡིན་ཁུལ་སོང་། དེང་སང་དུས་བབ་ཚང་ཅུང་མཛད་བྲེལ་ཆེ་བའམ་ཡང་ན་དུས་བབ་ཀྱི་གནས་ཚད་ཇེ་ཞན་དུ་འགྲོ་བཞིན་ཡོད་དམ། གང་ལྟར་དེང་གི་ཆར་དུས་བབ་ཀྱི་ཚགས་ཤོག་དང་དྲ་རྒྱ་སོགས་སུ་གནས་ཚུལ་འགོད་སྐབས་དག་ཆ་ནོར་བ་མང་པོ་མཐོང་རྒྱུ་འདུག་པས་མ་གཟབ་ན། རྗེས་ཕྱོགས་གསར་འགྱུར་བརྒྱུད་ལམ་སོགས་སུ་དག་ནོར་དང་ཡིག་ནོར་སོགས་འབྱུང་ཚེ་གནད་འགགས་སུ་མ་བརྩི་བའི་དུས་ཤིག་ལ་སླེབས་ཉེན་འདུག དཔེར་ན་གོང་གི་གནས་ཚུལ་ནང་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་རྣམ་གཉིས་ནས་སྐུ་ངལ་མཛད་མེད་ཀྱིས་འཛུགས་སྐྲུན་ཡར་རྒྱས་གནང་ཞེས་པར། སྐུ་ངལ་འཛེམས་མེད་ཀྱིས་ཞེས་འབྲི་དགོས་པར་མཛད་མེད་ཅེས་བྲིས་འདུག་པས་སྐུ་ངལ་རྩ་ནས་མ་བསྐྱོན་པ་རེད་གསུང་གི་ཡོད་དམ། ངས་དེ་སྔ་ཡང་དྲ་རྒྱའི་ནང་གནས་ཚུལ་ལྟ་ཀློག་བྱེད་མཁན་ཁག་ཅིག་གིས་དུས་བབ་ཀྱི་གསར་འགྱུར་ཁག་ནང་དག་ནོར་ཡོང་གི་འདུག་གསུང་མཁན་བྱུང་བ་མཐོང་བྱུང་། རྗེས་སུ་གཟབ་པའི་རེ་བ་ཡོད། ཐུགས་རྗེ་ཆེ།
སྟོན་པ་ཤཱཀྱ་ཐུབ་པའི་རྗེས་སུ་འབྲང་ཞིང་བསླབ་བྱ་དམ་ཆོས་སུ་ཁས་ལེན་པ་མ་ཚད་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་བཟང་པོ་དུས་རབས་དུ་མ་ནས་སློབ་པའི་རང་རིགས་གདོང་དམར་རྣམས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟུར་ཁྲིད་དཔེ་གསར་དུ་བརྩི་བ་ནི་ཅུང་ཡིད་ཕངས་པའི་གནས་དང་རྗེས་ལུས་ཀྱི་རྣམ་པར་མཐོང་། བཙན་བྱོལ་དུ་གྱར་ནས་མི་ལོ་གང་འཚམ་འདས་ཟིན་པའི་མི་རབས་དང་པོ་ནས་ད་ལྟའི་མི་རབས་གསུམ་པའི་བར་འཇིག་རྟེན་མི་ཆོས་ཀྱི་བསམ་བློའི་རིག་གནས་ལ་གོད་ཆགས་ཀྱི་གྱོང་རྒུད་དེ་ཇི་ལྟར་ཐེབས་པར་རྩད་ཞིབ་ངེས་པར་བྱ་དགོས། མི་རབས་དེ་དག་གིས་དུས་ཡུན་གང་འཚམ་སློབ་གྲཪ་སྐྱེལ་ཞིང་ཁོར་ཡུག་དེའི་ནང་དུ་འཇིག་རྟེན་མི་ཆོས་ཀྱི་སློབ་གསོའི་རིག་གནས་དེ་ཕྱི་ཤེས་བྱའི་རིག་གནས་དང་ལུས་དང་སྲོག་ལྟ་བུར་ལྷན་དུ་མདུན་བསྐྱོད་བྱ་མ་ཐུབ་པར་ད་ཆ་དམིགས་ཀྱིས་བཀར་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཁྲིད་དེ་རང་རིགས་རྣམས་ལ་ཟུར་ཁྲིད་བྱ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་བ་ནི་ཤིན་ཏུ་ངོ་ཚ་དགོས་པ་དང་རྗེས་ལུས་ཀྱི་མི་རབས་ཤིག་ཏུ་གྱུར་སོང་བ་མ་ཡིན་ནམ།
འཚམས་འདྲི་བཀྲིས་བདེ་ལེགས་ཞུ།
ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་ཟེར་བ་༧གོང་ས་མཆོག་གི་གསུང་དཔེ་Beyond Religion: Ethics for a Whole World ལས་བྱུང་བ་དང་། གསུང་དཔེ་འདིའི་མིང་འདོགས་སྟངས་འཇར་མན་གྱི་མཚན་ཉིད་པ་Friedrich Nietzsche ལགས་ཀྱིས་བརྩམས་པའི་Beyond good and evil ཟེར་བའི་དེབ་མིང་འདོགས་སྟངས་ལ་བལྟས་ནས་བཏགས་པ་མིན་འགྲོ་བསམ། དཔེ་ཆ་འདི་གཉིས་ཀྱི་གཙོ
བོ་འགྲོ་བ་མིའི་ཀུན་སྤྱོད་གལ་ཆེན་སྐོར་ནན་ཏན་གསུང་གི་ཡོད། དེ་ན་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་ཟེར་བ་བརྗོད་པ་རིང་ཞིང་གོ་བ་ལེན་ཁག་ཙམ་འདུག དེ ལས་མི་ཆོས་ཀུན་སྤྱོད་ཟེར་བ་ཚིག་ཉུང་ཞིང་ནང་དོན་ཡང་གནད་ལ་འཁེལ་ཡོད་། དེ་མིན་མི་རེ་རེས་རེ་རེའི་བསྒྱུར་དུས་འབྱུང་འགྱུར་གྱི་དོན་གཉེར་བ་རྣམས་མགོ་འཐོམ་པའི་གཞི་ལས་མ་མཆིས་སོ།
ནང་པ་སངས་རྒྱས་པའི་ཆོས་ཁས་ལེན་མཁན་གྱི་ཕ་མ་གཉིས་ལས་སྐྱེས་པའི་བོད་ཕྲུག་ཚོར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་གསོ་སྤྲོད་རྒྱུ་ཟེར་བ་འདི་གསལ་པོ་ཆགས་མ་སོང་།