བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་དགོན་རྣམ་པས་བརྟན་བཞུགས་བསྟར་འབུལ་སྐབས་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དང་དགེ་སློང་པ་ཞེས་བསླབ་པའི་ཆ་ནས་ཐོབ་ཐང་འདྲ་མཉམ་གནང་ཡོད་དུས་ང་ཚོར་དགེ་བཤེས་མ་ཡོང་མི་ཆོག་པ་མེད་པར་བརྟེན་ཁྱེད་རང་ཚོས་དཔེ་ཆ་བལྟས་ཏེ་ཧུར་ཐག་བྱོས་ཤོག་ཨ་ཞེས་གསུངས།
དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠སྟེང་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱལ་བའི་བརྟན་བཞུགས་འགན་འཛིན་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ཆེན་པོ་ལྔའི་བཙུན་དགོན་ཁག ༤༠ ལྷག་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བསྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་གྲྭ་བཙུན་རྣམ་པ་གཙོའི་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་རྣམས་དང་ཕྱི་གླིང་བ་ཁག་ཅིག་བཅས་ཁྱོན་མི་གྲངས་༣༠༠༠ལྷག་འཛོམས་འདུག
བརྟན་བཞུགས་ཀྱི་ཐོག་མར་སེར་སྐྱ་ཕོ་མོ་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེག་ཆེན་གཙུག་ལག་ཁང་དུ་གདན་ཞུ་ཡིས་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་པ་དང་སྦྲགས། གྲྭ་བཙུན་རྣམ་པས་སྨོན་ལམ་གསུང་འདོན་དང་བརྟན་བཞུགས་ཞུ་འབུལ་གནང་མཁན་རྣམ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་མང་ལ་བཀའ་སློབ་བསྩལ་དོན། སྤྱིར་བཏང་བརྟན་བཞུགས་ཞུ་རྒྱུ་དེ་ཆོ་ག་བསྟན་པ་ཙམ་མ་ཡིན་པར་དུས་རྒྱུན་ནས་དམ་ཚིག་དང་དད་པ་གཡོ་བ་མེད་པ་ཞིག་ཡོད་པ་ཡིན་ན། བླ་མའི་ཚེ་ཡུན་དུ་གནས་བར་ཕན་ཐོགས་ཡོད་པ་རེད། ང་ཚོ་རྒྱ་གར་ནང་སླེབས་རྗེས་བཙུན་མ་ཚོས་དཔེ་ཆ་ལྟ་དགོས་རེད་ཅེས་འབོད་སྐུལ་ཞུས་པ་བཞིན་བཙུན་མ་ཚོས་གཞུང་ཆེན་ཁག་ལ་བསྟེན་ནས། ད་ལྟ་བཙུན་མའི་དགེ་བཤེས་མ་ཐོན་གྱི་ཡོད་པར་ངོས་ནས་རྗེས་སུ་ཡི་རངས་དང་ཞེ་དྲགས་ཡག་པོ་འདུག་ཞུ་རྒྱུ་ཡིན། དགེ་བཤེས་ཤིག་ཆགས་པར་ཟླ་བ་ཁ་ཤས་དང་ལོ་ཁ་ཤས་རིང་བསླབ་པ་བྱས་པ་ཙམ་གྱིས་མི་ཆོག་པར་ལོ་མང་རིང་གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་བྱས་ཏེ་ཚིག་རེ་རེ་ཡི་གཞུང་གི་འགྲེལ་བ་དེ་ཚོ་རྩ་བར་བཞག་སྟེ་འགྲེལ་བཤད་རྒྱག་དགོས་པ་དང་། གཞུང་གི་འགྲེལ་བའི་ཐོག་ནས་སོ་སོར་གོ་བ་ཞིག་ཆགས་ཡོད་པ་དེ་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མ་རིག་པའི་ཐོག་ནས་བརྡར་ཤ་བཅད་དེ་སློབ་སྦྱོང་བྱེད་དགོས་ཀྱིན་ཡོད་པ་རེད། ཁྱེད་རང་ཚོ་དགེ་བཤེས་མ་མང་ཆེ་བས་དཔེ་ཆ་བལྟས་ཏེ་ལོ་ངོ་ ༢༠ འཁོར་གྱི་ཡོད་པར་བརྟེན། ངོས་ནས་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་མ་གཏོགས་ཆོ་ག་འདོན་པ་དང་ཕྱག་མཆོད་འབུལ་བྱས་པ་ཙམ་གྱིས་བསྟན་པ་འཛིན་སྐྱོང་གི་མཚན་ཉིད་ཚང་རྒྱུ་དཀའ་ལས་ཁག་པོ་རེད་ཅེས་ཞུ་ཡི་ཡོད། ཅེས་གསུངས།
ཡང་ཁོང་ཉིད་ཀྱིས་དེ་སྔ་ང་རང་ཚོའི་བོད་ལ་བསྟན་པ་ས་ཐོག་རྡོག་ཐོག་ཡོད་ཀྱང་། མང་པོ་ཞིག་ལམ་དང་ལུགས་སྲོལ་གྱི་དབང་དུ་ཕྱིན་དེ་སྐྱབས་གསུམ་གྱི་མཚན་ཉིད་ཡང་ཡག་པོ་ཞིག་མ་ཤེས་བར་སྐྱབས་གསུམ་འཆི་ཟེར་གྱི་ཡོད་པ་རེད། སྐྱབས་ལ་ཆོས་དང་སངས་རྒྱས། དགེ་འདུན་གསུམ་དང་དེའི་ནང་གི་གཙོ་བོ་ཆོས་དཀོན་མཆོག་ཆགས་ཡོད། ཆོས་ཟེར་དུས་བཀའ་འགྱུར་བསྟན་འགྱུར་པོད་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་དེའི་ནང་གསུངས་ཡོད་པའི་རྟོགས་པའི་ཡོན་ཏན་རང་གི་རྒྱུད་ལ་ཚང་དགོས་པ་དང་། རྟོགས་པའི་ཡོན་ཏན་ནང་ནས་གཙོ་བོ་འགོག་ལམ་ལས་བརྒྱུད་པའི་ཆོས་དཀོན་མཆོག་དེ་ཆགས་ཡོད་ལ། སྐྱབས་དངོས་ཡང་དེ་ཡིན་པ་རེད། དེ་འདྲ་བའི་སྐྱབས་སྟོན་མཁན་དེ་སྟོན་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་དུས། དེ་ལ་ཐར་བ་སྟོན་པའི་སྟོན་པ་ཞུ་ཡི་ཡོད་པ་དང་། སྐྱབས་གནས་དགེ་འདུན་པ་ཡང་འགོག་ལམ་ལམ་བདེན་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་བསླབ་པ་སློབ་གཉེར་བྱེད་དགོས་ཡོད། སློབ་གཉེར་མ་བྱས་ན་མི་ཤེས་ཤིང་། ང་རང་ཚོ་ལམ་དང་ལུགས་སྲོལ་ལ་བརྟེན་ནས་ཡོང་བ་ཞིག་ཆགས་ཡོད་ཀྱང་དེ་ཞིབ་ཚགས་པོ་མིན་འདུག ད་ལྟ་ང་ཚོ་རྒྱ་གར་ལ་ཡོང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་འདིའི་སྒང་མངོན་ཆོག་པ་ཞིག་དང་། ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་ཐུབ་པ་དེའང་དཔལ་ཎྰ་ལེནྡྲའི་ཆོས་བརྒྱུད་དེ་ཆགས་ཡོད། འོན་ཀྱང་། ང་ཚོས་ཆོས་བརྒྱུད་དེ་རྩ་ཆེན་པོ་རེད་ལབ་ན་མི་འགྲིག་པར་སོ་སོས་བརྟག་དཔྱད་བྱས་པ་བརྒྱུད་རྩ་ཆེན་པོ་ཡིན་པ་ཤེས་པར་གྱིས་ཏེ་མི་ལ་འགྲེལ་བཤད་རྒྱག་པ་དང་། དེ་ཡང་ཚིག་སྐམ་པོ་ཞིག་གིས་འགྲེལ་བཤད་རྒྱག་མི་ཐུབ་པར་སོ་སོར་གང་ལ་གང་འཚམ་ཉམས་མྱོང་ཡོད་བསྡད་པ་ཞིག་དང་། འགོག་ལམ་བརྒྱུད་པའི་ཆོས་ཀྱི་བྲོ་བ་ཡོད་པ་ཞིག་ཡིན་ན་མི་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཡོང་གི་ཡོད་སྟབས། གཙོ་བོ་སློབ་གཉེར་བྱ་རྒྱུ་གལ་ཆེན་ཆགས་ཡོད། དགེ་སློང་མ་ཐོག་མའི་སྐབས་ངོས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དང་དགེ་སློང་པ་ཞེས་བསླབ་པའི་ཆ་ནས་ཐོབ་ཐང་འདྲ་མཉམ་གནང་ཡོད་དུས། ང་ཚོར་དགེ་བཤེས་མ་ཡོང་མི་ཆོག་པ་ཡོད་པ་མ་རེད་ཅེས་ཞུས་མྱོང་། དེར་བརྟེན་ཁྱེད་རང་ཚོས་དཔེ་ཆ་བལྟས་ཏེ་ཧུར་ཐག་བྱོས་ཤོག་ཨ། ཞེས་གསུངས།
བརྟན་བཞུགས་སྐབས་ཁོང་ཉིད་ཀྱིས་དམིགས་བསལ་ཐུབ་དབང་གི་སྐུའི་སྐོར་ལ། ང་རང་ཚོ་ནང་པ་ཞིག་གི་ངོས་ནས་སངས་རྒྱས་ཀྱི་ཆོས་དེ་ཐོག་མར་གསུང་མཁན་སྟོན་པ་བཅོམ་ལྡན་འདས་རེད། ངོས་ནས་བལྟས་པ་ཡིན་ན། སྟོན་པ་བཅོམ་ལྡན་འདས་(Gautam Buddha)ནི་ལྟ་གྲུབ་སྨྲ་བ་ཞིག་རེད། ཁོང་གི་གསུང་ནང་ལ་དེང་སང་ཡིན་ན་ཁོན་ཊོམ་དངོས་ཁམས་(Quantum Physics)ཟེར་གྱི་ཡོད་པ་དང། ང་ཚོའི་ཤེས་རབ་སྙིང་པོའི་ནང་༼གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ་༽ཞེས་གསུངས་ཡོད་པ་དེས་ཁོན་ཊོམ་དངོས་ཁམས་སྟོན་གྱི་ཡོད། རྒྱ་གར་གྱི་རྡུལ་ཕྲན་ཚན་རིག་པ་ར་ཇི་ར་མ་ན་(Raja Ramanna)ཟེར་བ་ཁོང་གིས། དེང་སང་ཁོན་ཊོམ་དངོས་ཁམས་(Quantum Physics)ཟེར་བ་དེ་འཛམ་གླིང་ནང་གི་ལྟ་གྲུབ་གསར་པ་ཞིག་ཆགས་ཡོད་ཀྱང་། རྒྱ་གར་ནང་ལོ་ངོ་ ༢༥༠༠ གོང་ནས་བྱུང་ཚར་འདུག་ཅེས་བཤད་བྱུང་ལ་དེ་བདེན་པ་ཡང་རེད། ང་ཚོས་ཁོན་ཊོམ་དངོས་ཁམས་ཚོགས་འདུ་ཞིག་གི་ཐོག་བགྲོ་གླེང་བྱས་ཡོང་སྐབས་ཚན་རིག་པ་ཚོར་རིག་གནས་གསར་པ་ཆགས་ཡོད་དུས་ཁོ་ཚོས་ཡག་པོ་ཉན་གྱི་འདུག་མོད། ང་ཚོར་སྔ་མོ་ནས་རྒྱུས་ཡོད་པ་ཞིག་དང་། དཔལ་ཎྰ་ལེནྡྲའི་ཆོས་བརྒྱུད་ནང་གཏིང་ཟབ་པོ་ཡོད་པ་ཞིག་ཡིན་དུས། སངས་རྒྱས་བཅོམ་ལྡན་འདས་ལྟ་གྲུབ་སྨྲ་བ་ཞིག་རེད་འདུག དེའི་སྒང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞན་ཕན་ཁོ་ནར་དམིགས་པའི་བྱང་ཆུབ་སེམས་ཟེར་བ་དེ་སེམས་ཅན་མཐའ་དག་ལ་གཞན་ཕན་གྱི་བློ་སྐྱེད་དགོས་པ་ཞིག་ཡིན་པ་དང་། མི་ཁོ་ན་མ་ཡིན་པར་སེམས་ཅན་མཐའ་དག་ལ་ཕན་བདེ་བསྐྲུན་དགོས་ཅེས་གསུངས་ཡོད་པ་དེ་རྩ་བའི་ལམ་སྟོན་ཞིག་རེད་འདུག ཅེས་གསུངས།
ཡང་ཁོང་ཉིད་ཀྱིས་མུ་མཐུད། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་བ་དེས་བཅོམ་ལྡན་འདས་ཁོ་རང་གི་བཀའ་ལ་ཞིབ་འཇུག་དང་བརྟག་དཔྱད་བྱས་ཏེ་ཁས་ལེན་བྱེད་དགོས་པ་མ་གཏོགས་དད་པའི་དབང་གིས་བཅོམ་ལྡན་འདས་ཀྱི་བཀའ་རེད་ཟེར་ནས་ཁས་ལེན་དགོས་པ་ཞིག་མ་རེད་ཅེས་གསུངས་ཡོད་པ་དང་། བསམ་བློ་དེ་ཚན་རིག་པའི་བསམ་བློ་གཏོང་སྟངས་རེད་འདུག་ལ་ལོ་ ༢༦༠༠ གོང་ལ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ངོས་གཅིག་ནས་བལྟས་ན་ཚན་རིག་པ་རེད། དེ་ཡང་སོ་སོ་རང་ཉིད་ཀྱིས་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་གནང་སྟེ། བདེན་གཉིས་རྣམ་བཞག་གི་བརྩམས་པའི་གཞུང་དེ་གསུངས་པ་རེད་ལ། རྗེས་འཇུག་གི་འདུལ་བྱ་སུ་ཡིན་རུང་དད་པ་ཁོ་ནའི་ཐོག་ཡོང་བ་ཡིན་ན་འགྲིག་གི་མེད་སྟབས་བརྟག་དཔྱད་བྱོས་ཅེས་གསུངས་ཡོད་པ་དང་། ཎྰ་ལེནྡྲའི་ཀླུ་སྒྲུབ་ཡབ་སྲས་སོགས་མཁས་པ་མང་པོ་ཞིག་གིས་བཅོམ་ལྡན་འདས་ཀྱི་བཀའ་དེ་སྒྲ་ཇི་བཞིན་པ་གཏན་ལ་ཕབ་པ་ཡིན་ན་རིག་པའི་གནས་ལ་གནོད་ཀྱི་འདུག་ཅེས་སྒྲ་ཇི་བཞིན་པ་གཏན་ལ་འབེབ་མི་རུང་ཚུལ་སོགས་གསུངས་ཡོད། སྤྱིར་འཛམ་བུ་གླིང་འདིའི་སྒང་ཆོས་ལུགས་ཚང་མས་སོ་སོའི་སྟོན་པའི་གསུང་བ་ལ་དེ་དེ་བཞིན་ནོ་ཞེས་འགྲོ་བསྡད་ཡོད་པ་རེད། འོན་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོ་རང་གི་གསུང་ལ་བརྟག་དཔྱད་བྱོས་ཞེས་གསུངས་ཡོད་དུས། ངོས་ནས་སངས་རྒྱས་བཅོམ་ལྡན་འདས་ཚན་རིག་པ་རེད་ཅེས་བཤད་བསྡད་ཡོད། ཅེས་གསུངས།
ད་རེས་བརྟན་བཞུགས་སྐབས་རྒྱ་བལ་འབྲུག་གསུམ་གྱི་བཙུན་དགོན་ཁག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དྲུང་ནས་དང་པོ། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སོགས་ཀྱི་ཐོག་དད་པ་དམ་ཚིག་གཡོ་བ་མེད་པར་ཤར་སྐྱོད་གནང་རྒྱུ་དང་། གཉིས་པ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་ཐོག་ཤར་སྐྱོད་གནང་རྒྱུ། གསུམ་པ་དོལ་རྒྱལ་བསྟེན་སྲུང་མི་བྱེད་པ་མ་ཟད། ཁོའི་རྗེས་འབྲང་པ་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་ཁས་ལེན་དམ་བཅའ་གསུམ་བཞག་སོང་བ་དང་། ཐེངས་འདིིའི་བརྟན་བཞུགས་བསྟར་འབུལ་ཞུ་བར་རིས་མེད་ཆོས་བརྒྱུད་ཁག་ལྔའི་བཙུན་དགོན་ཆེ་ཆུང་ཁག་ ༤༠ ལྷག་ཅིག་ནས་བཙུན་མ་ཁྱོན་བསྡོམས་ ༨༧༥ ལྷག་ཞིག་ཕེབས་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །
ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །
འབད་བརྩོན་རི་རབས་ཙམ་ཞིག་བྱས་པ་ལས་།
བསོད་ནམས་མེ་རྩག་ཙམ་ཞིག་བསགས་ན་དགའ་།
རྒྱལ་བའི་བཀའ་སྒྲུབ་བརྟན་བཞུགས་ཡང་དག་ཡིན་།
ཆོས་ལུགས་མཆམ་མཐུན་རྒྱལ་བའི་བརྟན་བཞུགས་ཡིན་།
ཆོལ་གསུམ་ཆིག་སྒྲིལ་རྒྱལ་བའི་བརྟན་བཞུགས་ཡིན་།
ངོ་ལྐོག་མེད་པ་རྒྱལ་བའི་བརྟན་བཞུགས་ཡིན་།
ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །
ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །
༄༅།་རིས་མེད་བཙུན་མ་རྣམས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་གནང་མཛད་པ་ནི་
བོད་ཀྱི་ལོ་རྒྱུས་ནང་ཐོག་མ་དེ་ཡིན་གྱི་རེད་་་་ཁྱེད་ཚོ་ཚང་མར་་་བཀྲིས་བདེ་ལེགས་དང་་་་དངོས་གནས་བསྔགས་
བརྗོད་ཞུ་གི་ཡོད། ནམ་ཡང་དགེ་བ་བཅུ་ལ་བརྕོན། ནམ་ཡང་དཀོན་མཆོག་གསུམ་ལ་གསོལ་འདེབས་ཞུས།