“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་བཞི་པའི་ཚན་པ་གཉིས་པ།
ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས།
ལོ་མ་རྒྱལ་གྱིས་བོད་ཡིག་ཏུ་བསྒྱུར།
དགེ་རྒན་ཆེན་མོ་རོ་བྷེར་ཊི-རོར་སེར་གྱིས་བྱིས་པ་ཟླ་བ་བཞིར་སོན་པ་ན། “ང” ཡི་འདུ་ཤེས་ལྡན་འགོ་རྩོམ་པར་བརྗོད། ཏཱ་ལའི་བླ་མ་མཆོག་གིས་གསུང་རྒྱུར། “ང” ཡི་འདུ་ཤེས་དེ་བྱིས་པ་ཨ་མའི་མངལ་ན་ཡོད་དུས་ནས་ཡོད་པར་འདོད། མངལ་ན་ཡོད་པའི་བྱིས་པས་མཚམས་རེར་ཨ་མར་རྐང་གཏད་བྱེད་ཀྱི་ཡོད། དེ་ནི་ཨ་མར་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་ཡིན་ནམ།
མིང་དུ་གྲགས་པའི་དབང་རྩའི་ཚན་རིག་པ་ཏ་ཝི་ཏ་སིན་གྱིས་ཁོང་གི་དྲི་བ་དེར་འདི་ལྟར་ལན་བསྐྱོན། ང་ཚོས་དྲི་བ་དེར་ལན་འདེབས་དཀའ་བ་ཞིག་རེད། ཕལ་ཆེར་མ་ཡུམ་ཚོས་དེའི་སྐོར་ལ་ཤེས་སྲིད། དེ་ནས་དགེ་རྒན་ཆེན་མོ་རོ་བྷེར་ཊི-རོར་སེར་གྱིས་འདི་ལྟར་བཤད། ཞིབ་འཇུག་ལྟར་ན། ལོ་གསུམ་ལ་སོན་པའི་བྱིས་པར “ང་ཚོ” དང་། “ཁོ་ཚོ” ཡི་འདུ་ཤེས་ལྡན་པ་དང་། “ང་ཚོ” ཐུན་མོང་གིས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་འདུ་ཤེས་དེའང་ལྡན་པར་བརྗོད། ད་དུང་། བྱིས་པ་མི་གཞན་དང་འབྲེལ་འདྲིས་བྱེད་དུ་འཇུག་པ་ནི། བྱིས་པའི་སྙིང་རྗེའི་བསམ་བློ་དེ་སྐྱེད་སྲིང་བྱེད་པར་ཕན་གྱི་ཡོད་པར་བཤད།
ཡིན་ནའང་། ཁོས་བཤད་རྒྱུར། ཨ་རིའི་སློབ་གྲྭའི་ནང་དུ་ཡོད་པའི་སློབ་མའི་བར་གྱི་འགྲན་རྩོད་ཀྱི་བསམ་བློ་དེ་ནི། སྙིང་རྗེའི་བློ་སྐྱེད་པའི་ཐད་ལ་ཕན་གྱི་མི་འདུག དེར་བརྟེན། དེང་གི་སྤྱི་ཚོགས་ཀྱིས་འགྲན་རྩོད་བྱེད་པར་སྐུལ་ལྕག་གཏོང་བའི་སྐབས་འདིར། མཉམ་སྤྱོད་དང་མཉམ་འབྲེལ་བྱེད་པའི་བསམ་བློ་དེ་སྐྱེད་སྲིང་བྱེད་དགོས་ཀྱི་འདུག སློབ་མ་ཚོར་མཉམ་སྤྱོད་བྱས་པའི་དགའ་སྤྲོ་དེ་ཤེས་སུ་བཅུག་སྟེ། མཉམ་སྤྱོད་དང་མཉམ་འབྲེལ་གྱི་གོམས་གཤིས་བཟང་པོ་དེ་འཇགས་པར་བྱེད་དགོས་ཀྱི་འདུག
ཁོས་བཤད་མཚམས་འདིར་བསླེབས་དུས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། མི་སུ་ཞིག་ཡིན་ནའང་རང་ཉིད་ཀྱི་གྲོགས་པོ་དང་ལྷན་དུ་གནས་ན་འདོད་ཀྱི་རེད། མི་སུ་ཞིག་ཡིན་ནའང་དགྲ་བོར་མི་དགའ། ཡིན་ནའང་། གྲོགས་པོ་དང་དགྲ་བོ་ནི་གནམ་གྱིས་བསྐྲུན་པ་ཞིག་མ་རེད། མིས་བཟོས་པ་ཞིག་རེད། མི་ཡི་བསམ་བློ་དང་སྤྱོད་པས་བཟོས་པ་ཞིག་རེད། དུད་འགྲོར་ཆ་མཚོན་ནའང་། གཞན་གྱི་བརྩེ་བ་དང་རོགས་རམ་ལ་བརྟེན་ནས་ད་གཟོད་འཚོ་བཞིན་ཡོད། གཞན་གང་ཞིག་ནི་རང་ཉིད་ཀྱི་དགྲ་བོ་ཡིན་སྙམ་པའི་བློ་དེ་ནི། གུ་དོགས་པའི་ངོས་འཛིན་དང་བསམ་བློ་ཞིག་དང་། རང་ཉིད་གཞན་ལ་བརྟེན་ནས་འཚོ་ཡོད་པའི་དངོས་ཡོད་གནས་ཚུལ་དེ་བརྗེད་པར་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་དགོངས་འཆར་ཞིག་གསུངས།
དེ་ནས་ཁོང་གིས་མུ་མཐུད། ང་ཚོ་དང་རྒྱ་ནག་གི་སྤུན་ཟླ་ཕོ་མོ་རྣམས་ལྷན་དུ་ཞི་བདེའི་ངང་འཚོ་ཆོག་པ་ཞིག་ཡིན། ཁོང་ཚོས་ང་ཚོར་བརྩི་བཀུར་གནང་བ་ཡིན་ན། ང་ཚོས་ཁོང་ཚོར་བརྩི་བཀུར་མི་བྱེད་པའི་རྒྱུ་མཚན་མེད་ཅིང། ང་ཚོས་ཀྱང་ཁོང་ཚོར་བརྩི་བཀུར་བྱེད་ངེས་ཡིན། དཔེར་ན། ཁོང་ཚོས་ང་ཚོར་ཟ་མ་ཞིམ་པོ་སྤྲོད་པ་དང་། དེས་ང་ཚོའི་གཟུགས་པོ་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད། ང་ཚོར་ཕུན་སུམ་ཚོགས་པའི་ནང་པའི་ཆོས་ཡོད་སྟབས། དེས་ཁོང་ཚོའི་སེམས་པ་གསོ་སྐྱོང་བྱེད་ཐུབ། དེར་བརྟེན། ང་ཚོ་ལྷན་དུ་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་གནས་ཆོག་པ་ཞིག་ཡིན། ཁྱོད་ལའང་བདེ་སྐྱིད་དགོས་ཤིང་། ང་ལའང་བདེ་སྐྱིད་དགོས། དེར་བརྟེན། ང་ཚོ་ལྷན་དུ་བདེ་སྐྱིད་དང་ལྡན་པའི་སྒོ་ནས་གནས་ཆོག་པ་ཞིག་ཡིན། ཞེས་གསུངས།
ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། དེང་གི་སློབ་གསོ་ཡིས་ཕྱིའི་དངོས་པོའི་ཕྱོགས་ལ་གལ་ཆེན་པོར་བཟུང་སྟེ། ནང་སེམས་ཀྱི་སློབ་གསོའི་ཆ་དེ་སྣང་མེད་དུ་སྐྱུར་གྱི་འདུག ནང་སེམས་ཀྱི་ཡོན་ཏན་སྐྱེད་པ་ནི་ཆོས་ལུགས་ཁོ་ནའི་ལས་དོན་ཞིག་ཡིན་པར་མ་འདོད། དེ་ནི་ཆོས་ལུགས་ཁོ་ནས་སྒྲུབ་ཐུབ་པ་ཞིག་མ་རེད། སློབ་གསོ་ནི་ང་ཚོ་ཐུན་མོང་གི་ལས་དོན་ཞིག་ཡིན།
ཁོང་གིས་མུ་མཐུད། ནང་པ་ཞིག་ལ་ཆ་མཚོན་ནའང་། རང་ཉིད་ཀྱི་ལས་ལ་བརྟེན་ནས་འབྲས་བུ་སྨིན་པར་བྱེད་ཀྱི་ཡོད་སྟབས། ཆོས་སྐྱོར་བ་དང་སྨོན་ལམ་རྒྱག་པ་ནི། མི་སྒེར་གྱི་ངོས་ནས་དོན་སྙིང་ཞིག་ཡོད་མོད། འོན་ཀྱང་། སྤྱི་ཚོགས་ཁྱོན་ཡོངས་ལ་ཆ་མཚོན་ནས་བཤད་ན། དེ་ཁོ་ནས་འགྲིག་གི་མེད། སྨོན་ལམ་དང་ཆོས་སྐྱོར་བ་ཙམ་ལས་ལས་སུ་མ་ཞུགས་ཚེ། དཀའ་ངལ་སེལ་མི་ཐུབ། ཅེས་དགོངས་འཆར་འདི་ཧ་ཅང་ནན་ཏན་གྱིས་གསུངས་སོང་།དེ་རིང་གི་ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་གཉིས་པ་ནི། མ་ཐེའུ-རི་ཁ་ཊི(Matthieu Ricard)ལགས་རེད། ཁོང་རང་ཚན་རིག་སློབ་སྦྱོང་དང་ཞིབ་འཇུག་གི་ལས་སུ་ཞུགས་ཡོད་པར་མ་ཟད། ཧྥ་རན་སིའི་རབ་བྱུང་བ་ཞིག་ཀྱང་རེད། ཁོར་ནང་ཆོས་དང་ལྟ་གྲུབ་རིག་པའི་སྐོར་ནས་བརྩམས་ཆོས་མང་ཞིང་། ཉེ་ཆར་གཞན་ཕན་རིང་ལུགས་ཀྱི་ལྟ་གྲུབ་དང་འབྲེལ་བའི་བརྩམས་ཆོས་ཤིག་དཔར་དུ་བསྐྲུན་འདུག དེ་རིང་གི་ཁོའི་བརྗོད་གཞི་ནི། གཞན་ཕན་རིང་ལུགས་དང་འཇིག་རྟེན་མི་ཆོས་དང་འབྲེལ་བའི་སྙིང་རྗེའི་བློ་ཡི་སྐོར་རེད།
ཁོང་གིས་སློབ་གྲྭའི་ནང་གི་སློབ་མ་ཕན་ཚུན་གྱི་བར་ལ་བརྙས་བཅོས་བྱེད་ཀྱི་ཡོད་པའི་སྣང་ཚུལ་དེའི་སྐོར་གླེང་། སློབ་མ་ ༧༡༩ ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། ཐུབ་ཚོད་གཏོང་མཁན་དང་། ཐུབ་ཚོད་མྱོང་མཁན། སྲུང་སྐྱོབ་བྱེད་མཁན་བཅས་ཀྱི་སློབ་མ་ཚོས་གང་ཞིག་འགྲིག་པ་དང་། གང་ཞིག་ནོར་བ་ནི་ཤེས་ཀྱི་མེད་པ་མིན་ཞིང་། ཁོ་ཚོའི་བར་གྱི་ཁྱད་པར་ནི། ཐུབ་ཚོད་གཏོང་མཁན་ལ་སྙིང་རྗེའི་བསམ་བློ་མེད་པ་དང་། སྲུང་སྐྱོབ་བྱེད་མཁན་ལ་སྙིང་རྗེའི་བསམ་བློ་ལྡན་པ་དེ་རེད། དེར་བརྟེན། སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་སྤེལ་བ་ནི། གང་ཞིག་འགྲིག་པ་དང་ནོར་བ་ནི་གཙོ་གནད་དུ་མ་བཟུང་བར། རང་ཉིད་ཀྱི་སྤྱོད་པས་གཞན་གྱི་བདེ་སྡུག་གི་ཕྱོགས་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་ཀྱི་ཡོད་པ་དེ་ངོས་ཟིན་པར་བྱེད་དགོས་པར་བརྗོད།
མ་ཐེའུ-རི་ཁ་ཊི་གི་གསུང་བཤད་ལ་གཏན་ཚིགས་ཀྱི་རང་བཞིན་ཤུགས་ཆེ་ཞིང་། མཇུག་མཐར་ཁོང་རང་གིས་ནན་ཏན་གྱི་སྒོ་ནས་འདི་ལྟར་མཇུག་སྡོམ་གནང་། རིན་ཐང་བར་གནས་ཀྱི་སློབ་གསོ་ཞེས་པ་ནི་སློབ་གསོའི་གདམ་ཀ་ཞིག་ཡིན་མི་འོས་ཤིང་། རིན་ཐང་ནི་སློབ་གསོ་ལས་བྱུང་བ་ཞིག་ཡིན།
དེ་རིང་གི་ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་གསུམ་པ་ནི། ལྕམ་སོ་ན-ཊི་མི་ཇིན(Sona Dimidjian)ལགས་རེད། མོས་སློབ་གྲྭའི་ནང་ནས་སློབ་མ་ཚོར་སྙིང་རྗེའི་བསམ་བློར་སྦྱོང་བརྡར་དང་ཚོད་ལྟ་བྱས་པའི་སྐོར་ནས་ངོ་སྤྲོད་གནང་། ཚོད་ལྟ་དེ་ཡང་དེང་གི་ཚན་རིག་གི་སྒྲོམ་གཞི་ལྟར། སློབ་མ་རུ་ཁག་གཉིས་ལ་བགོས་ཏེ། མཇུག་འབྲས་ལ་ཞིབ་བསྡུར་གནང་འདུག རུ་ཁག་གཅིག་ལ་ཞིབ་ཚགས་པོའི་སྒོ་ནས་ངོས་འཛིན་དང་ཤེས་རྟོགས་བྱེད་པའི་སྦྱོང་བརྡར་སྤྲོད་པ་དང་། དེར་སྒོམ་རྒྱག་པའང་འདུས་ཤིང་། དེའི་དམིགས་ཡུལ་ནི་སྙིང་རྗེའི་བློ་བསྐྱེད་རྒྱུ་དེ་ཡིན། རུ་ཁག་གཞན་དེར་ཁ་པར་སོགས་ཀྱི་ཅ་ལག་ལ་བརྟེན་ནས་བྱུང་བའི་དོན་དངོས་རང་བཞིན་གྱི་ཡིད་སྐྱོ་བའི་དོན་རྐྱེན་དག་ལ་རྒྱུས་ལོན་བྱེད་དུ་འཇུག་གི་ཡོད། དེ་ནས་རུ་ཁག་གཉིས་ཀྱི་སློབ་མ་ཚོར་དཀའ་ངལ་འཕྲད་སའི་ཡུལ་གཅིག་ཏུ་དངུལ་སྒོར་གྱིས་ཞལ་འདེབས་ཕུལ་ཏེ་རོགས་བྱེད་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད། དེའི་རྗེས་ནས་རུ་ཁག་གཉིས་ཀྱི་སློབ་མ་ཚོས་ཞལ་འདེབས་ཕུལ་བའི་གནས་སྟངས་དེ་ཕན་ཚུན་ལ་བསྡུར་ཞིང་། ཞིབ་བསྡུར་བྱས་པའི་མཇུག་འབྲས་ནི། སྙིང་རྗེའི་བསམ་བློ་སྦྱོང་བརྡར་སྤྲད་པའི་སློབ་མ་རྣམས་ཀྱི་ནང་སེམས་ཀྱི་སྙིང་རྗེའི་བློ་དེ་གོང་འཕེལ་དུ་སོང་ཡོད་པར་མ་ཟད། དེ་ཉམས་ལེན་ཡང་གནང་ཡོད་ཅིང་། ཡིད་སྐྱོ་བའི་དོན་རྐྱེན་སྐོར་གྱི་གནས་ཚུལ་གྱིས་བཟོས་པའི་སེམས་ཀྱི་དཀའ་ངལ་དེའང་མངོན་གསལ་དོད་པོས་ཉུང་དུ་སོང་འདུག ཡིན་ནའང་། ཡིད་སྐྱོ་བའི་དོན་རྐྱེན་ལ་རྒྱུས་ལོན་ཁོ་ན་བྱེད་དུ་བཅུག་པ་དེས་རིམ་གྱིས་སློབ་མའི་ཡ་ལན་གྱི་ཤུགས་ཚད་དེ་དམའ་རུ་གྱུར་ཏེ། སེམས་ཁམས་ཀྱི་སྟེང་དུ་གེགས་དང་བར་ཆད་སྐྲུན་གྱི་ཡོད་པར་མ་ཟད། སེམས་སུ་གནོན་ཤུགས་ཀྱང་ཆེན་པོ་སྤྲོད་ཀྱི་འདུག
༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། རང་ཉིད་མི་དགའ་ས་དང་ཞེ་སུན་པའི་མི་རྣམས་ལ་སྡུག་བསྔལ་དང་གོད་ཆག་བྱུང་སྐབས། མི་དེར་གནས་ཚུལ་ག་རེ་འབྱུང་གི་འདུག་གམ། ཁྱོད་ཚོས་དེའི་ཐད་ལ་ཞིབ་འཇུག་བྱས་ཡོད་དམ་ཞེས་བཀའ་འདྲི་གནང་སོང་།
ལྕམ་སོ་ན-ཊི་མི་ཇིན་གྱིས། ང་ཚོས་ཆེད་དུ་དེའི་སྐོར་ལ་ཞིབ་འཇུག་གནང་མེད་ནའང་། ང་ཚོའི་ཞིབ་འཇུག་ཁ་ཤས་དྲི་བ་དེ་དང་འབྲེལ་བ་ཡོད་པ་ཞིག་རེད། ཞིབ་འཇུག་ལྟར་ན། རང་ཉིད་ལ་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་མཁན་གྱི་མི་ཞིག་ཡིན་ཚེ། མི་དེའི་ཡ་ལན་ནི་ཧ་ཅང་ཤུགས་ཆེན་པོ་ཞིག་རེད། ཅེས་བཀའ་ལན་ཕུལ།
ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། ལྷད་མེད་པའི་སྙིང་རྗེ་ནི་རང་ཉིད་མི་དགའ་སའི་མིའི་ཕྱོགས་ལའང་བསྐྱེད་དགོས་པ་ཞིག་ཡིན། ཞེས་གསུངས་བ་དང་འབྲེལ་དབང་རྩའི་ཚན་རིག་པ་ཏ་ཝེ་ཏ་སིན་ལགས་ལ། རང་གཅེས་འཛིན་གྱི་བློ་དང་། སྙིང་རྗེའི་བློ་གཉིས་ནི་ཀླད་པ་ནས་ཤེས་རྟོགས་བྱེད་ཐུབ་བམ་ཞེས་བཀའ་འདྲི་གནང་།
ཏ་ཝེ་ཏ་སིན་གྱིས་གསལ་ཐག་ཆོད་པོས། བློ་དང་མྱོང་ཚོར་ཁ་ཤས་ཤིག་ནི་ཀླད་པའི་ནང་ནས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་། སྙིང་རྗེའི་བློ་ཉམས་ལེན་བྱེད་པའི་ཐད་ནས། ཀླད་པའི་དབང་རྩ་ཚན་རིག་གི་ཁྲོད་དུ་མཇུག་འབྲས་ཅི་ཞིག་བྱུང་ཡོད་པ་ནི། ད་རུང་ཞིབ་འཇུག་བྱེད་བཞིན་ཡོད་པའི་ལས་གཞི་ཞིག་ཡིན་ཞེས་བཤད།
དེ་རིང་སྔ་དྲོའི་བགྲོ་གླེང་གི་སྐབས་སུ། གནམ་གཤིས་གློ་བུར་དུ་འགྱུར་ཏེ། ཐག་ཉེའི་རི་རྣམས་སྨུག་པས་གཡོགས་ཤིང་། ཆར་བའང་ཆེན་པོ་ཞིག་བབས་སོང་བས། གནམ་གཤིས་གློ་བུར་དུ་ཇེ་འཁྱགས་སུ་གྱུར། ཁ་སྔོན་ཉི་མ་གསུམ་གྱི་རིང་ལ་གུང་ཟས་ནི་ཕྱི་ལོགས་ཀྱི་གུར་འོག་ནས་ཟས་པ་དང་། ཧི་མ་ལ་ཡའི་དྲོད་འཇམ་གྱི་ཉི་ཟེར་གྱི་འོག་ནས་ཧ་ཅང་བདེ་ཞིང་སྐྱིད་པ་ཞིག་རེད། དགེ་འདུན་པ་ཆུང་ཆུང་ཁ་ཤས་ཀྱིས་ཞབས་ཞུ་བསྒྲུབས་སོང་། ཡིན་ནའང་། དེ་རིང་ཚན་རིག་པ་དང་ཟུར་ཉན་པ་ཚང་མ་རྒྱལ་བའི་ཕོ་བྲང་གི་ཚོགས་ཁང་དུ་བོས་པ་ན། ང་ཚོ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་གུང་ཟས་ལ་རོལ་བའི་སྐལ་བཟང་ལྡན་བྱུང་།
ཚོགས་ཁང་དུ་ཅོག་ཙེ་རིང་པོ་གཉིས་བསྒྲིགས་འདུག་ཅིང་། ཅོག་ཙེ་སྟེང་དུ་རས་གཞི་དཀར་པོ་ཞིག་བཏིངས་འདུག འཐུང་ཆུ་དང་སྡེར་མ། ཐུར་མ་སོགས་སྔ་མོ་ནས་གྲ་སྒྲིག་གནང་ཟིན་འདུག བཞེས་ལག་ནི་དཀར་ཟས་རེད་ལ། རང་ངོས་ནས་ལེན་དགོས་ཀྱི་འདུག བགྲོ་གླེང་དུ་ཞུགས་མཁན་ཚང་མ་གོ་རིམ་ལྟར་བསྡད་རྗེས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཅོག་ཙེའི་དབུས་དཀྱིལ་ནས་བཞུགས་ཤིང་། གཡས་གཡོན་དུ་ཚན་རིག་པ་རྣམས་བསྡད། སྐབས་འདིར། ང་ཚོས་ཐག་ཉེ་ས་ནས༸སྐུ་མདུན་མཇལ་ཐུབ་བྱུང་། དགུང་ལོ་གྱ་གསུམ་ལ་ཕེབས་པའི་ཁོང་གི་བཞིན་མདངས་གསལ་ལ་དྭངས་ཤིང་། སྔ་དྲོར་དུས་ཚོད་གསུམ་གྱི་རིང་དུ་བགྲོ་གླེང་གནང་ཡོད་ནའང་། སྐུ་ཐད་ཆད་པའི་རྣམ་པ་ཞིག་མི་འདུག་ཅིང་། སྔར་བཞིན་མཐའ་འཁོར་གྱི་མི་རྣམས་ལ་ཁ་བརྡ་དང་ཞལ་རྩེད་གནང་གིན་འདུག ཁོང་ཡར་བཞེངས་ཏེ། ག་ལེར་བཞེས་ལག་ལེན་དུ་ཕེབས་ཤིང་། དགེ་འདུན་པ་ཆུང་ཆུང་ཞིག་གིས་ཁོང་ལ་སྡེར་མ་ཞིག་ཕུལ་བ་དང་། བཞེས་ལག་བསྣམས་ཏེ་འཛུམ་དམུལ་དམུལ་གྱིས་ཕྱིར་ཕེབས་ཏེ་བཞུགས་རྗེས། ཚོགས་ཞུགས་པ་ཚང་མ་གཞི་ནས་བཞེས་ལག་ལེན་པར་ཆས།
ང་ཚོར་ཆ་མཚོན་ནས་བཤད་ན། ༸སྐུ་མདུན་དང་ལྷན་དུ་ཟ་མ་ཟ་བ་ནི་འཐོབ་པར་དཀའ་བའི་གོ་སྐབས་ཤིག་རེད། ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་ནི། ང་ཚོ་ཚོགས་ཞུགས་གནང་མྱོང་བའི་བགྲོ་གླེང་བ་ཁ་ཤས་དང་ཅུང་མི་འདྲ་ཞིང་། ཕྱི་དྲོའི་བགྲོ་གླེང་མ་འཚོགས་པའི་སྔོན་དུ། གཙོ་སྐྱོང་བས་ཚོགས་པ་གཅིག་གམ་གཉིས་ཤིག་གདན་དྲངས་ཏེ། ཁོང་ཚོར་རང་ཉིད་ཀྱི་ལས་གཞིའི་སྐོར་ངོ་སྤྲོད་གནང་གི་འཇུག་ཅིང་། དེ་ཡང་། ལས་གཞི་དེའི་མིང་ལ། “སྙིང་རྗེའི་ལས་སུ་འཇུག་པ།”(Compassion in action)ཞེས་བརྗོད་ཅིང་། ཡང་ན་ཁ་གསལ་བོར་བཤད་ན། སྙིང་རྗེ་ནི་ལག་ལེན་གྱི་བྱ་བའི་སྟེང་ནས་སྒྲུབ་དགོས་པ་ཞིག་ཡིན་པ་ལས། ཁ་ནས་བཤད་པ་དང་སྒེར་བ་རང་སྟེང་གི་ཉམས་ལེན་ཙམ་གྱིས་འདང་གི་མེད་པ་དེ་ཡིན། སྙིང་རྗེའི་བློ་དང་གཞན་ཕན་རིང་ལུགས་ནི་བྱ་བའི་སྟེང་ནས་སྒྲུབ་དགོས་པ་ཞིག་ཡིན། དེ་ཡང་། སྤྱི་ཚོགས་ཡོངས་ལ་དོ་ཁུར་གནང་བ་ཡིན་ན། ད་གཟོད་མིའི་སྤྱི་ཚོགས་ལ་འགྱུར་བ་ཐེབས་ཏེ། སྔར་ལས་ལེགས་པའི་འཇིག་རྟེན་ཞིག་བསྐྲུན་ཐུབ། ཕྱི་དྲོར་ཚོགས་པ་གཉིས་ཀྱིས་རང་ཉིད་ཀྱི་ལས་གཞི་ངོ་སྤྲོད་གནང་སོང་།
ཚོགས་པ་གཅིག་གི་མིང་ལ། བོད་པའི་བྱིས་པར་གློ་ནད་ཊི་བི་ཀླད་ཀོར(Zero TB in Tibetan Children)ཟེར་ཞིང་། འདི་ནི་ཨ་རིའི་སྨན་པ་ཁ་ཤས་དང་ངྷ་སར་ཡོད་པའི་བདེ་ལེགས་སྨན་ཁང་གཉིས་མཉམ་འབྲེལ་གྱིས་བཙུགས་པའི་ཚོགས་པ་ཞིག་རེད། དམིགས་ཡུལ་ནི། བཙན་བྱོལ་སྤྱི་ཚོགས་སུ་གློད་ནད་ཊི་བི་མེད་པ་བཟོ་རྒྱུ་དེ་རེད། ལོ་ངོ་བཅུའི་རིང་དུ། ང་ཚོ་ཐེངས་ཁ་ཤས་སུ་ངྷ་སར་ཡོང་ནས་བགྲོ་གླེང་དུ་ཞུགས་པ་དང་། བཙན་བྱོལ་བོད་མིའི་ངག་རྒྱུན་ལོ་རྒྱུས་སྐོར་ལ་བཅར་འདྲི་གནང་ཡོད་ཀྱང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བྱིས་པ་གློ་ནད་ཊི་བི་ན་མཁན་གྱི་གྲངས་ཐོ་ནི། འཛམ་གླིང་གི་ནང་ནས་ཆེས་མཐོ་ཤོས་དེ་ཡིན་པ་མ་ཤེས། “བོད་པའི་བྱིས་པར་གློ་ནད་ཊི་བི་ཀླད་ཀོར”ལས་གཞིའི་སྐོར་ལ་ངོ་སྤྲོད་གནང་མཁན། སྨན་པ་རྫོར་བྷ-པ་སི་ཊིས(Zorba paster)ཀྱིས། ང་ཚོས་སྔོན་ཐོན་གྱི་ཅ་ལག་དང་གསོ་ཐབས་ལ་བརྟེན་ནས། བཙན་བྱོལ་བོད་མིའི་གློ་ནད་ཊི་བི་མེད་པ་བཟོ་རྒྱུ་ཡིན། ད་དུང་། ང་ཚོས་བདེ་ལེགས་སྨན་ཁང་ལ་གློག་གསོག་འཕྲུལ་འཁོར་ཞིག་ཀྱང་ཉོས་ཡོད་པས། གློག་མེད་པ་དང་མ་འདང་བའི་སྐབས་སུ་དེ་བེད་སྤྱོད་བྱེད་ན་ཆོག་གི་ཡོད། ཅེས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་བདེ་ཐང་ལས་འགོ་རྩོམ་དགོས། ཞེས་པའི༸སྐུ་མདུན་གྱི་གསུང་དེ་བཤད་ཞོར་མཇུག་བསྡུས།
དེའི་རྗེས། ཏ་ཏ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང(Tata Institute Of Social Sciences)གི་ན་གཞོན་དགེ་རྒན་གཉིས་ཀྱིས་མི་ཆོས་བཟང་སྤྱོད་ཀྱི་སློབ་ཚན་སྐོར་ནས་ངོ་སྤྲོད་གནང་། སློབ་ཚན་དེར་རིགས་གསུམ་འདུས་ཤིང་། དང་པོ་ནི་རང་ཉིད་ངོས་ཟིན་བྱེད་པ་དང་། གཉིས་པ་ནི་རྣམ་དཔྱོད་དང་ལྡན་པའི་བསམ་གཞིག་བྱེད་སྟངས། གསུམ་པ་ནི་ཡོངས་ཁྱབ་རིན་ཐང་གི་སྐོར་བཅས་རེད།
ཚན་རིག་པ་དང་དགེ་རྒན་རྣམས་ཀྱིས་བགྲོ་གླེང་གནང་སྐབས། བྷི་ཊེ་ཤི་ཁོན་ལོན་བྷི་ཡ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕམ་ཀིམ་བྷེར་ལེ-སི་ཁོ་ནེར་ཊི-རེ་ཆལ(Kimberly Schonert-Reichl)གྱིས་སྤྲོ་སྣང་ལྡན་པའི་དོན་དག་ཅིག་བཤད། དེ་ཡང་། ལོ་མང་པོ་ཞིག་གི་སྔོན་དུ། མོའི་བུ་ནི་ལོ་གསུམ་ལ་སོན་པའི་བྱིས་པ་ཞིག་ཡིན་ཞིང་། ཉིན་ཞིག་བྱིས་གཉེར་ཁང་དུ་བུ་ལེན་དུ་འགྲོ་སྐབས། དེ་གའི་དགེ་རྒན་ཞིག་གིས་མོ་རང་ཚུར་བོས་ཏེ། ཉི་མ་དེར“བྱིས་པར་གནས་ཚུལ་ཞིག་བྱུང་སོང་།’’ ཁོ་དང་བྱིས་པ་གཞན་ཞིག་གིས་རྩེད་ཆས་འཕྲོག་རེས་བྱས་ཏེ། ཁོས་བྱིས་པ་དེའི་གདོང་ལ་སེན་འབྲད་བྱས་སོང་། ཞེས་བཤད། དེ་ནས་ཀིམ་བྷེར་ལེས་བྱིས་པར་ཁ་བརྡ་བྱེད་དུ་འགྲོ་རྩིས་བྱེད་སྐབས། དགེ་རྒན་དེས་དོན་དག་ཐག་གཅོད་བྱས་ཟིན་ཡིན་ཞེས་བཤད། ཐག་གཅོད་ཇི་ལྟར་གནང་བ་ཡིན་ནམ། སེན་འབྲད་ཐེབས་པའི་བྱིས་པ་སྐད་ཆེན་པོས་ངུ་བཞིན་འདུག་ཅིང་། དགེ་རྒན་གྱིས་སེན་འབྲད་བྱེད་མཁན་གྱི་བྱིས་པ་དེ། ངུ་བཞིན་པའི་བྱིས་པའི་གམ་དུ་ཁྲིད་ཡོང་ནས་མར་འདུག་ཏུ་བཅུག་སྟེ། ཁོ་ལ་བྱིས་པ་དེ་ངུ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲིས་པ་ན། སེན་འབྲད་བྱེད་མཁན་བྱིས་པ་དེས་ཁོ་རང་ཁོང་ཁྲོ་ལངས་ཀྱི་ཡོད་པ་རེད་ཅེས་བཤད། དེ་ནས་དགེ་རྒན་གྱིས་ཡང་བསྐྱར་ཁོར་འདི་ལྟར་དྲིས། ཁོ་རང་ཅིའི་ཕྱིར་ཁོང་ཁྲོ་ལངས་ཀྱི་ཡོད་དམ། སེན་འབྲད་བྱེད་མཁན་གྱིས་ཁོ་རང་གིས་བྱིས་པ་དེར་མ་སྐྱིད་པ་བཟོས་པ་ངོས་ལེན་གནང་། དེ་ནས་དགེ་རྒན་གྱིས་ཁོ་རང་དགའ་རུ་འཇུག་ཆེད། ཁྱོད་ཀྱིས་ཅི་ཞིག་སྒྲུབ་ཐུབ་བམ་ཞེས་དྲིས། མཇུག་མཐར། སེན་འབྲད་བྱེད་མཁན་དང་དགེ་རྒན་གཉིས་ཀྱིས་ཐབས་ཤེས་ཤིག་རྙེད། སེན་འབྲད་བྱེད་མཁན་གྱི་བྱིས་པ་དེས་ངུ་བཞིན་པའི་བྱིས་པ་དེ་ལ་མ་ངུ་ཞེས་བྱིལ་བྱིལ་བྱས། ཀིམ་བྷེར་ལེ་འཛིན་ཁང་དུ་འགྲོ་དུས། རང་ཉིད་ཀྱི་བྱིས་པ་དང་བྱིས་པ་དེ་གཉིས་ལྷན་དུ་རྩེད་མོ་རྩེ་ནས་བསྡད་ཡོད་པ་མཐོང་།
དགེ་རྒན་དེའི་གནད་དོན་སེལ་ཐབས་དེ་ནི། ནོར་འཁྲུལ་བཟོ་མཁན་གྱི་བྱིས་པར་ཉེས་ཆད་གཅོད་པ་དང་། གནོད་འཚེ་ཕོག་མཁན་གྱི་བྱིས་པར་རྩེད་ཆས་སོགས་སྤྲད་དེ་ཁ་གསབ་བྱེད་པའི་ནམ་རྒྱུན་གྱི“ཉེས་ཆད་དང་ཁ་གསབ”ཀྱི་བྱེད་ཐབས་དེ་དང་མི་འདྲ་བར། གནས་སྟངས་དེ་ནི་སློབ་སྦྱོང་གི་གོ་སྐབས་ཤིག་ཏུ་བསྒྱུར་ཏེ། བྱིས་པར་རང་ཉིད་ཀྱི་སྤྱོད་པ་ནི་གཞན་གྱི་བདེ་སྡུག་ལ་འབྲེལ་བ་ཡོད་པ་དང་། དཀའ་ངལ་རྣམས་བྱེ་བྲག་ཏུ་བབས་ཏེ་ཇི་ལྟར་སེལ་དགོས་པའི་སྐོར་ངོས་ཟིན་ཐོབ་པར་བྱས་ཡོད། ཆུང་བྱིས་པའི་དུས་ནས་བཟུང་། བྱིས་པའི་བློ་སྒོ་འབྱེད་པ་དང་། སྙིང་རྗེ་དང་གནས་ལུགས་དང་ལྡན་པའི་བསམ་བློ་སྐྱེད་སྲིང་བྱེད་པ་བཅས་ནི། བྱིས་པའི་འཚར་ལོངས་ལ་ཧ་ཅང་གལ་ཆེན་ཞིག་ཡིན་པ་དེ་ཚང་མས་ངོས་ལེན་ཡོད་ཀྱི་རེད། ཅེས་བཤད།
འཚེ་བ་དང་དྲག་པོ་རང་བཞིན་གྱི་གློག་ཆས་རྩེད་མོ་དེ་དག་གིས་བྱིས་པར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པའི་ཐད་ནས། དབང་རྩའི་ཚན་རིག་པ་ཏ་ཝི་ཏ་སིན་གྱིས་སྔོན་མར་ཚོགས་འདུ་ཞིག་ཏུ་ཞུགས་ཏེ། ཕྱིས་སུ་འཚེ་བ་དང་དྲག་སྤྱོད་ཅན་གྱི་གློག་ཆས་རྩེད་མོ་མི་བཟོ་བའི་སྐོར་གླེང་བར་བཤད། ཁོ་རང་གིས་གློག་ཆས་རྩེད་མོ་བཟོ་གྲྭས་ཀྱང་སྤྱི་ཚོགས་ལ་འགན་ཁུར་ཏེ་མི་གསོད་ཁྲག་སྦྱོར་དང་འབྲེལ་བའི་རྩེད་མོ་མི་བཟོ་བའི་རེ་བ་བྱེད་ཀྱི་འདུག
བོད་འགྱུར།
བགྲོ་གླེང་ཉིན་དང་པོ། https://tibettimes.net/2018/03/17/167874/
ཉིན་གཉིས་པའི་ཚན་པ་དང་པོ། https://tibettimes.net/2018/03/22/167987
ཉིན་གཉིས་པའི་ཚན་པ་གཉིས་པ། https://tibettimes.net/2018/03/23/168018/
ཉིན་གསུམ་པའི་ཚན་པ་དང་པོ། https://tibettimes.net/2018/03/28/168129/
ཉིན་གསུམ་པའི་ཚན་པ་གཉིས་པ། https://tibettimes.net/2018/03/30/168209/
ཉིན་བཞི་པའི་ཚན་པ་དང་པོ། https://tibettimes.net/2018/04/03/168331/