༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་དྲུག་པའི་ནང་ཨུ་རུ་སུའི་ནང་ཕེབས་རྒྱུ་དང་ཕྱི་ཟླ་ ༩ པའི་ནང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་འཆར་ཡོད་འདུག
སྐུ་སྒེར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ལ་ཊི་ཝེ་ཡ་བོད་སྐྱོབ་ཚོགས་པ་དང་མོ་སུ་ཁོ་བོད་སྐྱོབ་ཐེབས་རྩ་ཁང་། རུ་སོག་སྐུ་ཚབ་དོན་ཁང་བཅས་ནས་གསོལ་འདེབས་ཞུས་པ་ལྟར། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༦ དང་ ༡༧ ཉིན་། ཡུ་རོབ་བྱང་བརྒྱུད་ལ་ཊི་ཝེ་ཡའི་རྒྱལ་ས་ Riga ནང་རྟེན་གཞི་བྱས་པའི་ Skonto ཚོགས་ཁང་ཆེན་མོའི་ནང་། ༧གོང་ས་མཆོོག་ནས་ལམ་རིམ་བསྡུས་དོན་དང་རྟེན་འབྲེལ་བསྟོད་པ་སོགས་ཆོས་འབྲེལ་གནང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པར་མི་མང་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
དེ་བཞིན། འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡༦ ཉིན། ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)གྱི་྄ཨ་ཧོ་རོ་ཊིར་ཌམ་( Ahoy Rotterdam) ཚོགས་ཁང་དུ། ང་ཚོའི་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་ཕེབས་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་གནང་འཆར་ཡོད་འདུག
དེའི་རྗེས་འཇར་མན་ནང་ཆིབས་བསྒྱུར་གྱིས་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་གྲོང་ཁྱེར་ཌར་མཱ་སི་ཊཱ་ཊི་( Darmstadt )ནང་། དཔལ་ལྡན་དགའ་ལྡན་ཕོ་བྲང་དང་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་གོ་སྒྲིག་ཞུས་པའི་འཚེ་མེད་ཞི་བདེ་ཞེས་པའིི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཕེབས་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་ཡུལ་དེའི་གྲོང་ཁྱེར་ཧེ་ཌིལ་བྷར་(Heidelburg) དང་ཧེ་ཌིལ་བྷར་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག བདེ་སྐྱིད་དང་གུས་བརྩིིའི་གལ་གནད་སྐོར་གྱི་བགྲོ་གླེང་ཞིག་ལ་དབུ་བཞུགས་མཛད་རྒྱུ་ཡིན་འདུག
འཇར་མན་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་སུད་སིའི་ནང་ཆིབས་བསྒྱུར་བསྐྱངས་ཏེ། ཕྱི་ཚེས་ ༢༡ དང་ ༢༢ ཉིན་ཡུལ་དེར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་རྒྱུ་དང་། ཕྱི་ཚེས་ ༢༣ ཉིན་ཛི་རིག་གྲོང་ཁྱེར་ནང་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་བར་བ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་ཆོས་འབྲེལ་གནང་གཏན་འཁེལ་ཡོད་འདུག