ཁ་སང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བསྟུན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པས་ཉིན་དེ་ནས་བཟུང་ལ་དྭགས་གཞུང་འབྲེལ་ཡིག་ཆ་དང་ཡིག་འབྲེལ་སོགས་བོད་ཡིག་(བྷི་ཊའི)སྐད་ཡིག་ནང་རྒྱ་ཁྱབ་ཏུ་བཀོལ་སྤྱོད་ཆོག་པའི་བརྡ་བཏང་འདུག
རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྟེ་ཁ་སང་ཕྱི་ཚེས་ ༢༡ ཉིན། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པས་རང་སྐད་བེད་སྤྱོད་ཐད་བརྡ་ཁྱབ་ཡི་གེ་ཞིག་བཏང་འི་ནང་། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༡ ཉིན་ལ་དྭགས་ཤེས་རིག་སློབ་སྡེའི་ལོ་ཙྭ་ཚོགས་ཁང་དུ་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་བརྩི་སྲུང་མཛད་སྐབས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གླེའི་སྡེ་དཔོན་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་རང་སྐད་བྷོ་ཊིའི་ཡར་རྒྱས་དང་སྲུང་སྐྱོབ་མཛད་བྱས་ཁག་ཆེན་དུ་རྩིས་ཏེ། ད་ནས་བཟུང་མི་མང་ཀུན་གྱིས་རང་རང་གི་སྙན་ཞུ་ཀུན་རང་གི་སྐད་ཡིག་བྷོ་ཊིའི་ནང་དུ་ཕུལ་ཆོག་པའི་བཀའ་ཁྱབ་ཏུ་སྤེལ། ཞེས་བཀོད་འདུག
ཕྱི་ལོ་ ༢༠༡༨ ལོར་འདི་ག་གསར་ཁང་གི”ང་ཡི་བཙན་བྱོལ་བ”ཞེས་པའི་བཙན་བྱོལ་བོད་མི་གནས་སྡོད་ཁུལ་དུ་སྐོར་སྐྱོད་ཀྱི་ལས་གཞིའི་འོག གསར་འགོད་པས་ལ་དྭགས་ཁུལ་དུ་སྐོར་སྐྱོད་བྱེད་སྐབས་ལ་དྭགས་ས་ཕུད་དགོན་པའི་དགེ་རྒན་དང་ལ་དྭགས་ལོ་རྒྱུས་རྩོམ་པ་པོ་རྒན་ཐུབ་བསྟན་དཔལ་ལྡན་ལགས་སུ་ལ་དྭགས་ཁུལ་དུ་བྷོ་ཊིའི་སྐད་ཡིག་བཀོལ་སྤྱོད་དང་གནས་བབ་སོགས་ག་འདྲ་ཡོད་མེད་བཅར་འདྲི་བྱས་པར་ཁོང་གིས། ལ་དྭགས་ཁུལ་དུ་དེ་སྔོན་ནས་གཞུང་འབྲེལ་སྐད་ཡིག་བྷོ་ཊི་ཡིན་ཁུལ་བྱས་ཡོད་ན་ཡང་། ལ་དྭགས་དེ་རྒྱ་གར་གྱི་ཇམ་མུ་དང་ཀཱ་ཤི་མུར་མངའ་སྡེའི་འོག་ལ་ཡོད་སྟབས་གཞུང་འབྲེལ་ཐོག་བེད་སྤྱོད་བྱེད་རྒྱུ་དཀའ་ཁག་ཆེན་པོ་ཡོད་པ་དང་། དེ་བཞིན་ལ་དྭགས་ཁུལ་དུ་ཚོང་ཁང་དང་ཟ་ཁང་གི་སྒོ་བྱང་སོགས་བྷོ་ཊིའི་ནང་འབྲི་དགོས་པའི་ཁྲིམས་བཟོས་ཡོད་ན་ཡང་། གནས་སྐབས་ཙམ་ལས་ཡུན་རིང་འདུག་མི་ཐུབ་པར་སྐད་ཡིག་གཞན་སོགས་བེད་སྤྱོད་བཏང་ཡོང་གི་འདུག ཅེས་བརྗོད་བྱུང་།
ཡང་ཁོང་ལ་ལ་དྭགས་ཁུལ་དུ་སྤྱི་མང་བྷོ་ཊི་སྐད་ཡིག་གི་ཤེས་ཚད་ག་འདྲ་ཡོད་པ་དང་བྷོ་ཊིའི་སྐད་ཡིག་བདག་གཅེས་ཐད་གཞུང་ངོས་ནས་ལས་གཞི་ག་འདྲ་ཡོད་མེད་དྲིས་པར། སྤྱིར་གཞུང་ངོས་ནས་བྷོ་ཊི་དེ་ལ་དྭགས་རང་གི་སྐད་ཡིག་ཡིན་པས་བེད་སྤྱོད་གཏོང་དགོས་སྐོར་བརྗོད་བཞིན་ཡོད་པ་དང་། ལ་དྭགས་གླེ་ཤེས་རིག་ལས་ཁུངས་ཀྱིས་བྷོ་ཊིའི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཐད་ཤུགས་རྒྱག་གི་ཡོད་པ་རེད། ཡིན་ན་ཡང་། དེང་སང་ལ་དྭགས་ཁུལ་དུ་བྷོ་ཊི་སྐད་སྦྱོང་མཁན་ན་གཞོན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། གཅིག་ནས་རྒྱ་གར་གྱི་ཤེས་ཡོན་སློབ་གསོའི་འོག་ཏུ་མ་སོང་ན་རྗེས་ཕྱོགས་ལས་གནས་ཆེན་པོ་ཞིག་གཉེར་ས་མེད་པ་དང་། གཉིས་ནས་ལ་དྭགས་དེ་རང་མགོ་རང་སྐྱོང་གི་མངའ་སྡེ་ཤིག་མིན་པས་གཞུང་ངོས་ནས་བྷོ་ཊི་སྐད་ཡིག་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།
ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པས་དེ་སྔོན་ནས་ལ་དྭགས་ཁུལ་དུ་བྷོ་ཊིའི་སྐད་ཡིག་བེད་སྤྱོད་དགོས་པ་དང་། རྒྱ་གར་དབུས་གཞུང་ལ་བྷོ་ཊིའི་སྐད་ཡིག་དེ་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་དགོས་པའི་སྙན་ཞུ་ཡུན་རིང་ནས་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལ་དྭགས་དགོན་པ་ཚོགས་པ་དང་གླེ་ཡེ་ཤུ་ཚོགས་པ་སོགས་ཀྱིས་སྣེ་ཁྲིད་དེ། མི་མང་བརྒྱ་ཕྲག་མང་པོས་བྷོ་ཊི་སྐད་ཡིག་ནི་ང་ཚོའི་ངོ་རྟགས་ཡིན་པས། ལ་དྭགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་གིས་དུས་ཡུན་རིང་པོ་ནས་བྷོ་ཊིའི་སྐད་ཡིག་རྒྱ་གར་གཞུང་གི་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་བཅུག་དགོས་པའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་རེད།ཐེངས་འདིའི་ལ་དྭགས་བྷོ་ཏིའི་སྐད་ཡིག་གཞུང་འབྲེལ་ཐོག་བེད་སྤྱོད་ཆོག་པའི་བརྡ་ཁྱབ་དེ་ནི་ལ་དྭགས་རང་སྐྱོང་མངའ་སྡེ་ཐོབ་ནས་བདུན་ཕྲག་གཉིས་ཙམ་གྱི་རྗེས་སུ་སྤེལ་བ་ཞིག་ཡིན་པ་དང་། ལ་དྭགས་ཁུལ་དེ་ད་བར་ཇམ་མུ་དང་ཀཱ་ཤི་མུར་མངའ་སྡེའི་འོག་གནས་ཡོད་པ་དང་། ཀཱ་ཤི་མུར་ནི་རྒྱ་གར་གྱི་ཁ་ཆེའི་མི་འབོར་མང་ཤོས་ཀྱི་མངའ་སྡེ་ཞིག་ཆགས་ཀྱི་ཡོད་པས་ལ་དྭགས་ཡུལ་མི་ཚོར་བྷོ་ཊིའི་སྐད་ཡིག་བེད་སྤྱོད་གཏོང་བར་དཀའ་ཁག་ཆེན་པོ་བྱུང་གི་ཡོད་འདུག ཉེ་སྔོན་ལ་དྭགས་རང་སྐྱོང་སྤྲོད་གཏན་ཁེལ་བའི་དགའ་སྤྲོའི་མཛད་སྒོའི་སྟེང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས། ལ་དྭགས་ལ་རང་སྐྱོང་ཐོབ་པ་དེས་ཀཱ་ཤི་མུར་གྱི་སྟངས་འཛིན་འོག་ནས་ལ་དྭགས་ལ་རང་དབང་ཐོབ་སོང་བ་ཡིན་ལ། ཀཱ་ཤི་མུར་གྱིས་ལ་དྭགས་ལ་དབང་ཐོབ་དང་ལས་རིགས་སྣ་ཚོགས་ཀྱི་ངོས་ནས་དབྱེ་འབྱེད་ཆེན་པོ་བྱས་ཡོད་ན་ཡང་། དེ་རིང་ནས་ལ་དྭགས་རང་སྐྱོང་ཐོབ་སོང་བས་སོ་སོར་དབང་བའི་ཐོབ་ཐང་ཡོད་སྐོར་སོགས་བརྗོད་འདུག
ལ་དྭགས་ནི་རྒྱ་གར་བྱང་ཕྱོགས་ཀྱི་བོད་ཀྱི་ས་མཚམས་སུ་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོའི་རྒྱ་གར་མི་འབོར་ཞིབ་བཤེར་གྲངས་ཐོ་ལྟར་ན། ལ་དྭགས་ཁུལ་དུ་མི་འབོར་འབུམ་ ༢ ལྷག(༢༧༤.༢༨༦)ཡོད་པ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་མངའ་ཁུངས་སུ་ཡོད་པའི་ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ ༢༢.༨༥༦ ཡོད་པ་དང་། ས་གནས་མི་མང་གི་སྐད་ཡིག་གཙོ་བོ་ནི་བྷོ་ཊི་དང་། ཧིན་རྡུ་དང་འུར་རྡུ་སོགས་སྤྱོད་ཀྱི་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག