མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྲོས་ཚོགས་ཀྱི་ཐག་གཅོད་ཁྲིམས་དང་འགལ་ཡོད་པའི་ཐག་གཅོད་གསལ་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་གྲོས་ཚོགས་ནས་བཀའ་བློན་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་གནང་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མཐུན་གྱི་མེད་པར་ངོས་འཛིན་ཐག་གཅོད་གནང་སྟེ་གཙང་མ་མ་ཆགས་བར་དུ་ངོས་བཞེས་གནང་རྒྱུ་མིན་པའི་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། ཉེ་སྔོན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་བཞི་པར་ཐག་གཅོད་གསལ་བསྒྲགས་གནང་བའི་བཀའ་བློན་འོས་འདེམས་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཕྱི་ཟླ་ ༣ ཚེས་ ༢༧ ཉིན་བཀའ་དྲུང་ཡིག་ཚང་ནས་བཅའ་ཁྲིམས་དོན་ཚན་ ༢༥ པའི་དགོངས་དོན་བཞིན། གསར་དུ་འདེམས་ཐོན་བྱུང་བའི་བཀའ་བློན་མཆོག་ལ་ཕྱི་ཟླ་ ༤ ཚེས་ ༡ ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་ ༢།༡༥ ཐོག་དམ་འབུལ་མཛད་སྒོ་ཐུགས་གཏན་འཁེལ་བ་ཞིག་མཛད་ཕྱོགས་གནང་སྐྱོང་ཡོང་བའི་ཡི་གེ་འབྱོར་ཡོད་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མ་མཐུན་པར་ངོས་འཛིན་ཐག་གཅོད་གནང་ཞིང་། འོས་ཐོན་མ་བྱུང་བའི་འོས་གཞི་དེར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཡོང་བའི་ཞུ་སྐུལ་བྱུང་བ་ཡང་རང་བཞིན་གྱིས་ངོས་བཞེས་གནང་ཐབས་མེད་པའི་ཐག་གཅོད་བྱུང་བ་གསལ་བསྒྲགས་གནང་སོང་།

གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས། ཉེ་སྔོན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༧ པའི་སྟེང་། བཀའ་བློན་གྱི་འོས་གཞི་དེ་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་བྱས་པ་དང་། ལམ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ཚོགས་གཙོ་སྦྲེལ་བོ་མཆོག་ལ་བཅའ་ཁྲིམས་དང་མཐུན་པ་བྱུང་ཡོད་མེད་ཀྱི་གསལ་འདེབས་ཞུས་ཡོད་པ་དང་། གསལ་འདེབས་དེ་ལ་ལན་བསླེབས་པ་དང་ཁྲིམས་ཞིབ་ཁང་ནས་ལན་ལ་དཔག་པའི་ངོས་འཛིན་ཐག་གཅོད་གནང་ཟིན་པ་དང་། དེའི་རྗེས་ལ་སྤྱི་འཐུས་ཚོགས་གཙོས་རེ་འདུན་ཞུས་པ་བཞིན་སྤྱི་འཐུས་ཚོགས་གཙོ་དང་ཁྲིམས་ཞིབ་པ་ཆེ་བ། སྲིད་སྐྱོང་བཅས་ཁོང་རྣམ་པས་ཁྲིམས་ཞིབ་ཁང་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་དང་། དེ་བཞིན་བཀའ་ཤག་ཁྲིམས་ཞིབ་ཁང་དུ་བཅར་ནས་བཀའ་བསྡུར་དང་བཀའ་དྲུང་ཡིག་ཚང་ནས་དམ་འབུལ་ཞུ་སྐུལ་འབྱོར་ཡོད་ཀྱང་། ང་ཚོའི་ངོས་ནས་དམ་འབུལ་ངོས་འཛིན་ཞུ་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་རེད། སྤྱིར་ན་གནད་དོན་འདི་ལྟ་བུ་སོགས་ཁྲིམས་དོན་གྱི་རིགས་ཡིན་སྟབས། གསལ་བསྒྲགས་སོགས་བྱེད་པའི་ལུགས་སྲོལ་མེད་ན་ཡང་ཐག་གཅོད་གནང་ཚར་ཡོད་པ་དང་། ཐག་གཅོད་དེ་གནང་རྗེས། སྤྱི་ཚོགས་ནང་ལ་སྐད་ཆ་མང་པོ་ཞིག་འགྲོ་བཞིན་ཡོད་དུས་གསལ་ཁ་ཡོང་ཆེད་གསར་འགོད་གསལ་བསྒྲགས་འདི་གནང་བ་ཡིན། ཞེས་གསུངས་སོང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་བློན་གྱི་འོས་གཞིར་བཅའ་ཁྲིམས་དོན་ཚན་ ༢༢ ལྟར་གྱི་བརྒྱ་ཆ་མ་ལོན་པའི་ཐག་གཅོད་ཡོངས་ཁྱབ་གསལ་བསྒྲགས་ཞེས་པ་སྒྲོག་སྦྱང་གནང་བའི་ནང་། བཀའ་བློན་གྱི་འོས་འདེམས་སྐོར་བཅའ་ཁྲིམས་དོན་ཚན་ ༢༢ པར་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དང་། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་དུ་དོན་ཚན་ ༤༩(༡) ནང་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་ཆ་རྐྱེན་དེ་དག་དོན་གནད་ཐ་དད་དང་། མཚམས་འཛིན་ཐ་དད་ཀྱི་ཚད་བཀག་ཆ་རྐྱེན་ཡིན་སྟབས། གཅིག་གིས་གཅིག་ཤོས་དེར་དཔེ་འགེབས་དང་རིགས་བསྒྲེ་བྱེད་ས་མི་འགྲོ། བཅའ་ཁྲིམས་དོན་ཚན་ ༢༢ པའི་རྩིས་གཞི་བརྒྱ་ཆ་ (༥༠) ཡིན་པ་དང༌། དོན་ཚན་ ༤༩(༡) ཡི་རྩིས་གཞི་ནི་ གྲངས་ཆ་(གསུམ་ཆ་གཉིས་)ཡིན་ལ། དམའ་མཐའ་འམ་ཉུང་མཐའི་གྲངས་ཚད་རྩིས་བསྐོར་གྱི་ཆ་རྐྱེན་དུ་བཞག་པའི་གྲངས་ཆ་དང་། བརྒྱ་ཆ་གཉིས་ཨང་རྩིས་ཀྱི་འགྲོ་ལུགས་དང་། སྐབས་བབ་ལས་དོན་གང་གི་ཆ་ནས་ཀྱང་ཐ་དད་ཡིན། གལ་སྲིད་དོན་ཚན་འདི་གཉིས་ཕན་ཚུན་རིགས་བསྒྲེས་ཏེ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་ཉུང་བ་ཐོབ་ནའང་འགྲིག་པའི་ཐག་གཅོད་གནང་ཚེ། བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལ་རྡོག་རོལ་ཚབས་ཆེན་འགྲོ་ངེས་པ་མ་ཟད། འདེམས་ཐོན་གང་ཟག་དེར་གྲོས་ཚོགས་ནས་མང་མོས་ཙམ་ཡང་ཐོབ་དགོས་དོན་མེད་པའི་ཁྲིམས་ཀྱི་ཆ་རྐྱེན་བསྐྲུན་པ་ལྟ་བུར་འགྱུར་རྒྱུ། གྲངས་ཆ་རྩིས་བསྐོར་གྱི་གནས་སྐབས་སུའང་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་དོན་ཚན་ ༤༩(༡) ཡི་ཆ་རྐྱེན་དང་། བཅའ་ཁྲིམས་ཀྱི་དོན་ཚན་གཞན་དག་ཏུ་གསུམ་ཆ་གཉིས་ཡན་ཞེས་བཞག་ཡོད་པའི་ཆ་རྐྱེན་ གཉིས་མཉམ་བསྲེ་དང་རིགས་བསྒྲེ་བྱེད་ཐབས་མེད། ཅེས་གསུངས་སོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དང་དེའི་རྒྱུ་མཚན་ཞེས་པའི་ནང་། ཐེངས་འདིའི་བཀའ་བློན་གྱི་འོས་བསྡུ་དེ། ངོ་ཡོད་སྤྱི་འཐུས་གྲངས་ ༤༣ ཡོད་ཁོངས་ཀྱི་འོས་ཐོབ་གྲངས་ ༢༡ དེ་བརྒྱ་ཆ་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༤༨་༨༤ (21×100÷43=48.84%)ལས་ལོན་མེད་པས། བཅའ་ཁྲིམས་ལེའུ་བཞི་པ་སྒྲིག་འཛུགས་ཀྱི་འགན་འཛིན་ཞེས་པའི་དོན་ཚན་ ༢༢ བཀའ་བློན་གྱི་འོས་འདེམས་ནང་། འདེམས་ཐོན་ཐོག་དམ་འབུལ་ཟིན་པའི་སྲིད་སྐྱོང་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ ༢༡ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང་། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ། གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་སྲིད་སྐྱོང་གིས་བཀའ་བློན་དུ་བསྐོ་གཞག་བྱ་རྒྱུ། སྲིད་སྐྱོང་གིས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་འོས་གཞི་གསར་པ་སྲིད་སྐྱོང་གིས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ་ཞེས་གསལ་ཡོད་པའི་དགོངས་དོན་ལ་མངོན་གསལ་གྱི་གནོད་འགལ་བྱས་ཡོད། ཅེས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རྣམས་གསལ་སྟོན་བྱས་ཟིན་རྗེས། ད་དུང་མུ་མཐུད་དེ། སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་ལ་ཡོད་མ་རེད་ཅེས་གསུངས་པ་ནི། བཅའ་ཁྲིམས་དོན་ཚན་ ༤༦ དང༌ ༥༨ གཉིས་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་གནང་བ་ཞིག་ཡིན། ཞེས་གསུངས་སོང་།

ཡང་གསལ་བསྒྲགས་ནང་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༨(༢) ནང༌། ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་ཅེས་པ་འདི་ནི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ཀྱི་ཁྲིམས་བཟོའི་དབང་ཚད་ལོངས་སུ་སྤྱོད་པའི་གནས་སྐབས་ཁོ་ན་ཡིན་པ་ལས།  སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་རུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གནོད་ཚབས་བཟོ་བའི་གནས་སྐབས་སམ། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་གནོད་འགལ་བྱེད་པའི་སྐབས་སུའང་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་སུ་མེད་པའི་གོ་དོན་མིན།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་བྱ་རྒྱུ་དེ་ཁྲིམས་ཞིབ་ཁང་གི་འདོར་དུ་མེད་པའི་ལས་འགན་ཡིན་སྟབས། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་བཞི་པར་བཀའ་བློན་གྱི་འོས་གཞི་དེ་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་བྱས་པ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མ་མཐུན་པར་ངོས་འཛིན་ཐག་གཅོད་བྱས་པ་ཡིན་ཞིང་། འོས་ཐོན་མ་བྱུང་བའི་འོས་གཞི་དེར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཡོང་བའི་ཞུ་སྐུལ་བྱུང་བ་ཡང་རང་བཞིན་གྱིས་ངོས་བཞེས་གནང་ཐབས་མེད་པའི་ཐག་གཅོད་བྱས་པ་ཡིན། ཞེས་གསུངས་སོང་།གསར་འགོད་གསལ་བསྒྲགས་གྲུབ་རྗེས་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐེངས་འདིའི་བཀའ་བློན་འོས་འདེམས་དེ་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མ་མཐུན་པར་ངོས་འཛིན་ཐག་གཅོད་དང་། འོས་གཞི་དེར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཡོང་བའི་ཞུ་སྐུལ་བྱུང་བ་ཡང་རང་བཞིན་གྱིས་ངོས་བཞེས་གནང་ཐབས་མེད་པའི་ཐག་གཅོད་གནང་བ་དེར་དགོངས་ཚུལ་ཅི་ཡོད་སོགས་དྲིས་པར་ཁོང་གིས། སྤྱི་འཐུས་ལྷན་ཚོགས་ངོས་ནས་བརྒྱ་ཆ་བླངས་ཡོད་པར་ངོས་འཛིན་གྱིས་བཀའ་བློན་དུ་འོས་འདེམས་བྱུང་སྟེ་གཏན་འབེབ་གནང་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་བསྡུའི་སྒྲིག་གཞིའི་ནང་ག་རེ་གསལ་བ་བཞིན་བྱ་དགོས་པ་དེ་བྱས་ཡོད་ལ། དམ་འབུལ་གནང་མིན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ཡིན་དུས་ག་རེ་བྱེད་མིན་ཁྲིམས་ཞིབ་ཁང་གི་ལག་ན་ཡོད་སྐོར་དང་། འོས་ཤོག་གི་བརྒྱ་ཆ་ལོངས་སྟངས་དེ་གྷོ་གྷུལ་ནས་ ༤༣ ནས་བརྒྱ་ཆ་ ༥༠ རྩིས་པ་ཡིན་ན་ ༢༡།༥ ཆགས་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ ༥༨ པའི་ནང་རྩད་གཅོད་མི་ཆོག་ཞེས་གསལ་ཡོད་ན་ཡང་ད་དུང་དེ་མཉམ་དུ་འགྲོ་རྒྱུ་མིན་ཞེས་ན་ག་འདྲ་ཞིག་ལབ་པ་ཡིན་ནམ། མི་ཞིག་ཁང་པའི་ནང་འཛུལ་མི་ཆོག་ཞེས་ལབ་ན་མི་དེ་ཁང་པའི་ནང་འཛུལ་སོང་ནས་ང་ཁང་པའི་ནང་དུ་འཛུལ་མེད་ཅེས་ལབ་སར་འགྲོ་བ་མ་རེད། དོན་དག་དེ་ལྟ་བུ་ཞིག་ཆགས་ཡོད་པ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ལ་ཁྲིམས་ཞིབ་ཁང་གིས་རྩད་གཅོད་མི་ཆོག་ཅེས་གསལ་ཡོད་དུས། ཐེངས་འདིར་སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་གནང་ཚར་བ་ཞིག་ཡིན་པ་དང་། བཅའ་ཁྲིམས་དོན་ཚན་ ༥༨ པའི་ནང་གསེས་དོན་ཚན་དང་པོའི་ནང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་ལ་བཀའ་མོལ་གནང་སྟངས་འགྲིག་མ་འགྲིག་དང་འོས་འཕེན་སྟངས་འགྲིག་མིན་སོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩད་གཅོད་མི་ཆོག་ཅེས་འཁོད་ཡོད་པ་དང་། མི་ཆོག་པ་དེ་མི་ཆོག་པ་ཡིན་པ་ལས་མི་ཆོག་ལབ་ཡོད་ན་ཡང་ད་དུང་ཡང་རྩད་གཅོད་བྱེད་ཀྱི་ཡིན་ལབ་ན་ཏག་ཏག་བསྡད་ཡོད་པ་མ་རེད།  ཅེས་གསུངས་བྱུང་།

ཡང་ཐེངས་འདིའི་རྙོག་གླེང་དེ་བཅའ་ཁྲིམས་གཅིག་གི་སྒང་ནས་བྱུང་གི་ཡོད་པ་ལྟར། རྙོག་གླེང་དེ་ཞི་འགྲིག་ཡོང་བར་ཐབས་ལམ་ག་འདྲ་ཡོད་མེད་སོགས་དྲིས་པར་ཁོང་གིས། གཙོ་བོ་བརྒྱ་ཆ་རྩི་སྟངས་མི་འདྲ་བའི་ཐད་ནས་བྱུང་གི་ཡོད་པ་དང་། ང་ཚོ་ཕན་ཚུན་བར་བགྲོ་གླེང་བྱུང་ཡོད་ན་ཡང་སོ་སོའི་རང་ཚུགས་མཁྲེགས་པོ་བཟུང་སྟེ་བསྡད་པ་རེད། སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐག་གཅོད་བྱས་ཟིན་པ་དང་། སྤྱི་འཐུས་ལྷན་ཚོགས་བཅའ་ཁྲིམས་དང་འགལ་མེད་ལ། བཅའ་ཁྲིམས་དང་འགལ་ཡོད་མེད་ཟེར་བ་དེ་གང་ཟག་ཅིག་གིས་ཀ་དེ་ཁ་རེད་ཁ་དེ་ཀ་རེད་ལྟ་བུའི་རྩོད་རྙོག་བྱུང་ན། སུ་ཞིག་བདེན་པ་ཡིན་མིན་ཐག་གཅོད་བྱེད་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་ལས། གནད་དོན་འདིར་སུ་གང་གིས་རྩོད་པ་རྒྱག་གི་མེད་ན་ཡང་ཁྲིམས་ཞིབ་ཁང་གིས་དྭང་དུ་བླངས་ནས་བཟོས་པ་མ་གཏོགས་གང་ཡང་མ་རེད། ཅེས་གསུངས་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༡༠ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 12

  1. གཞུང་པ་ཚེ་དབང་བསོད་ནམའ་ says:
    ལོ་ 6 སྔོན།

    བཀའ་སྤྱི་ལྷན་དུ་བཚོགས་པ་གྲོས་ཚོགས་ཟེར།
    ཁ་མང་བརྡར་བའི་སྟོངས་བཤད་འགན་འཁུར་མང།
    ག་ནས་བལྟས་ཀྱང་བཅའ་སྒྲིགས་འགལ་འཛོལ་མང།
    ང་ཚོ་མི་མང་རྒྱང་ནས་ཉན་བལྟ་ཡོད།

    ཅ་ཅོ་ཉུང་ན་གྲོས་ཚོགས་གཟི་བརྗིད་ཆེ།
    ཆ་ཤས་ལེན་ལ་ཐོག་མའི་དམ་བཅའ་སྲུང།
    ཇི་ལྟར་བསམ་ཀྱང་བཅའ་སྒྲིག་འགན་འཁུར་ལ།
    ཉི་མ་རིང་ཀྱང་བཟང་སྤྱོད་དོར་མི་ཉན།

    Reply
  2. ABHARU JIGWANG says:
    ལོ་ 6 སྔོན།

    ༄༅། སྤྱི་འཐུས་ནས་བརྒྱ་ཆ་བརྩི་སྟངས་དང་ཁྲིམས་ཞིབ་ཁང་ནས་བརྒྱ་ཆ་བརྕི་སྟངས་སྐོར་ལ་དོགས་
    གཞི་བྱུང་སྐབས་འར་འུར་མ་གནང་བར་ལས་ཁུངས་ཁྲི་ལ་རེད་ཆེ་འདོད་མ་བྱས་པར་ཁ་པར་བཏང་ནས་
    ཕན་ཚུན་བཀའ་བསྡུར་གནང་ནས་ཐག་གཅོད་གནང་དགོས་པ་ཡིན།
    ཡིན་ནམ་མིན་ནམ་ཐོག་ཐག་གཅོད་གནང་བར་བརྟེན་སྤྱི་ཚོགས་ནང་ལབ་གླེང་ངན་པ་ག་འདྲའི་བྱེད་ཀྱི་འདུག།
    བོད་ཀྱི་གཏམ་དཔེར་ཡང།
    མ་ཤེས་ན་ཤེས་མཁན་ལ་དྲིས། མ་མཐོང་ན་མཐོང་ས་ནས་ལྟོས།
    འར་འུར་ལས་བྱེད་གཡང་ལ་ལྷུང་། གཞན་གྱི་ཆ་འཇོགས་བྱེད་པ་དཀའ་། ཞེས་པ་ལྟར།
    མི་སུ་དང་སུ་ཡིན་ཡང་བཀའ་བློན་ལ་དམིགས་འཛུགས་པའི་མི་དེ་ག་ཚོད་བློ་ཕམས་ངོ་ཚ་ཡོང་གི་རེད།
    འབྲེལ་ཡོད་ལས ཀྱི་ལས་དོན་ཡག་པོ་བྱེད་ཀྱི་མེད་པའི་གྲུབ་འབྲས་འདི་རེད་ཟེར་གྱི་འདུག་པ་མ་ཚད།
    ཁྲིམས་ཞིབ་ཁང་ལ་ལོ་གཅིག་ནང་་་ལས་ཀ་ཐེངས་གཅིག་རག་པ་དེ་ཡང་དུས་ཐོག་ཁ་གསལ་མ་བྱུང་བ་རྙོག་གླེང་བྱུང་
    བ་དཔེ་རེད་ཟེར་གྱི་འདུག་ སྲིད་སྐྱོང་ཡང་་འར་འུར་ཚ་དྲག་འདུག་ སྟོབས་ཚེ་ལགས་བཀའ་བློན་མ་ཆགས་གོང་ནས་
    བཀའ་དྲུང་གཞན་པ་ཞིག་བསྐོས་པ་་་་འདི་འདྲ་ག་འདྲ་རེད། ཨ་་་རྩི་ཨ་་་རྩི་་་་འདི་བསམས་ན་བློ་རེ་མ་བདེ།

    Reply
  3. ཚེ་རིང་དབང་འདུས says:
    ལོ་ 6 སྔོན།

    ང་རང་ཚོའི་སྤྱི་ཚོགས་ནང་རྙོག་ཁྲ་མ་ཐུད་ནས་མ་བཟོ་རོགས་གནང་། ང་ཚོ་མི་མང་བློ་ཕམ་གྱི་འདུག་ཁྲིམས་ཁང་གིས་དེ་སྔ་གྲོས་ཚོགས་འགྲོ་བཞིན་པའི་སྐབས་ངོ་ལེན་མེད་པའི་གསལ་གྲགས་ག་རེ་བྱས་མ་གནང་ཡིན་ནམ་། དེ་དུས་གནང་ཡོད་ན་གྲོགས་ཚོགས་དེ་གའི་ནང་ཐག་ཆོད་འགྲོ་གི་རེད་། ཨ་ཙི་ སེམས་སྐྱོ་བ་ལ་། ཁ་ནང་གི་རྨ་དེ་ཁ་ནང་དུ་གསོས་ཐབས་མ་གནང་པར་། ད་དགྲ་བོ་ལ་ཆེད་དུ་གོ་སྐབས་གནང་བ་དང་། རང་གི་མི་མང་རྣམས་ངོ་ཚ་དགོས་པ་མ་བཟོ་རོགས་གནང་།
    ཐུགས་རྗེ་གཟིགས་། ད་སྤྱི་འཐུས་ནས་འོས་བདམས་བཀའ་བློན་གསལ་གྲགས་ཟིན་པ་དེ་ལས་མེད་འཇོག་རྒྱུ་རེད་དམ་།།
    བསམ་ཤེས་ཡག་པོ་གནང་རོགས་གནང་།་

    Reply
  4. གཞུང་པ་ཚེ་དབང་བསོད་ནམའ་ says:
    ལོ་ 6 སྔོན།

    སྤྱི་འཐུས་གྲོས་ཚོགས་ཀྱི་བརྒྱ་ཆ་རྩི་སྟངས་དང་ཆེས་མཐོའི་ཁྲིམས་ཞིབ་
    ཁང་གི་བརྒྱ་ཆ་རྩི་སྟངས་ལ་ཁྱད་པར་འདུག་ན་བཙན་བྱོལ་སྤྱི་ཚོགས་
    ནང་ ( C A ) འཐོན་པ་ཚོར་བརྒྱ་ཆ་ལོན་ཡོད་མེད་བཀའ་འདྲི་ཞུ་
    དགོས་པ་དེ་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་གཡོལ་
    ཐབས་མེད་པའི་ཐུགས་འགན་མ་རེད་དམ།

    Reply
  5. གཞུང་པ་ཚེ་དབང་བསོད་ནམའ་ says:
    ལོ་ 6 སྔོན།

    མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་བཅའ་ཁྲིམས་
    དོན་ཚན་ང་བརྒྱད་ལ་གོ་བ་ལེན་སྟངས་དང་འབྲེལ་བཤད་རྒྱག་སྟངས་མ་
    འདྲ་བ་ནས་རང་གི་བསམ་ཚུལ་དང་གོ་བ་ལེན་སྟངས་ངོས་འཛིན་ཞུ་སྟངས་
    དེ་འདིར་གསལ་བཤད་ཞུ་འདོད་བྱུང་ལ་དང་པོ་བརྒྱ་ཆ་ལོན་ཡོད་མེད་ཐོག་
    རྩིས་ལ་མཁས་པའི་མི་སྣ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པ་ ( C A ) འཐོན་པ་
    ཚོར་བཀའ་འདྲི་ཞུ་དགོས་པ་དེ་གལ་ཆེན་ཞིག་ཡིན་པ་དང་གཉིས་པ་བཅའ་
    ཁྲིམས་དོན་ཚན་ང་བརྒྱད་པ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་
    ཞིབ་རྩད་གཅོད་མི་ཆོག་པ་ཟེར་བའི་ནང་གསེས་
    ༡ ༽ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་
    ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་
    དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག།
    ༢ ༽ ལྷན་ཚོགས་ཀྱི་འགྲོ་ལུགས་དང་སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་
    བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བལྟར་བྱེད་ཕྱོགས་
    ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གི་འང་
    ཁྱབ་ཁོངས་སུ་མེད་་།
    དོན་ཚན་དང་པོའི་ནང་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་གསལ་བ་ལས་
    བཅའ་ཁྲིམས་དང་མཐུན་མིན་གསལ་མེད་པ་དང་དོན་ཚན་གཉིས་པའི་ནང་ལྷན་
    ཚོགས་ཀྱི་འགྲོ་ལུགས་དང་སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་
    ཐོག་ནས་སྤྲད་པའི་དབང་ཚད་གསལ་བ་ནས་དོན་ཚན་ང་བརྒྱད་དེ་སྤྱི་འཐུས་ལྷན་ཚོགས་
    ཀྱི་ལས་དོན་བྱེད་ཕྱོགས་དང་སྒྲིག་གཞི་བཟོ་འགོད་བཅས་ལ་གོ་བ་ལས་བཅའ་ཁྲིམས་ལ་
    གོ་མི་ཐུབ་པ་ལ་ངོས་འཛིན་ཞུ་གི་ཡོད་ན་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་
    བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཅའ་ཁྲིམས་དོན་ཚན་ང་བརྒྱད་ཐོག་
    འབྲེལ་བཤད་གནང་དགོས་པའི་འབོད་བསྐུལ་སྙན་སེང་ཞུ་དགོས་པ་དེ་བཙན་བྱོལ་བོད་མིའི་
    མང་གཙོའི་ཀ་གསུམ་གྱི་གཡོལ་ཐབས་མེད་པའི་ཐུགས་འགན་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

    Reply
  6. Lhatse says:
    ལོ་ 6 སྔོན།

    43 x 50/100 = 21.5

    Reply
    • Tselha says:
      ལོ་ 6 སྔོན།

      21/43 x 100= 48.84%

      Reply
      • Lhatse says:
        ལོ་ 6 སྔོན།

        སྤྱི་འཐུས་གྲངས་ ༤༣ གྱི་བརྒྱ་ཆ་ ༥༠ ཟེར་ན་ (50% of 43 = 21.5) མ་རེད་པས། 21/43 x 100 = 48.84% འདི་སྒྲིག་པ་དང་། (50% of 43 = 21.5) ཡང་ན། 43×50/100 = 21.5 མ་སྒྲིག་པ་གང་ཡིན་ནམ།

        Reply
  7. ཚེ་རིང་དབང་འདུས says:
    ལོ་ 6 སྔོན།

    ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་ནས་ཀ་བ་གཉིས་དེ་འགལ་ཟླ་སྤྲད་ནས་བསྡད་ཀྱི་འདུག་
    གཅིག་གི་གཅིག་ལ་ཐེ་ཇུས་མི་ཆོག་ཟེར་ནའང་ཐེ་ཇུས་བྱས་ནས་བསྡད་ཀྱི་འདུག་། བཅའ་ཁྲིམས་རིན་པོ་ཆེ་ལ་རྡོག་རོལ་
    གཏོང་གི་ཡོད་པ་མ་རེད་པས་ལྷན་རྒྱས་དགོང་པ་བཞེས་རོག་གནང་། དེ་འདྲ་ཡིན་ཙང་ཡག་པོ་ཞིག་མཐོང་མ་སོང་ངེས་པར་དུ་བསམ་ཤེས་གནང་རོགས། ཁྲིམས་ཞིབ་ཁང་གི་རྩིས་བསྐོར་བཏང་དང་བརྒྱ་ཆ་བསྐོར་འདི་སྤྱིར་བཏང་ཨང་རྩིས་(mathematical formula) ཞིག་ཡིན་པ་འདྲ་ཡིན་ནའང་མི་ལ་རྩིས་ན་བརྒྱ་ཆ་ཟེར་བ་འདི་མི་གྲངས་འདི་ཆ་བགོས་ཪྒྱག་དགོས་པ་ཞིག་རེད་སྙམ་། ཁྲིམས་ཞིབ་རྣམ་པས་བསམ་ཤེས་ཡག་པོ་ཞིག་གནང་པའི་ངང་ནས་འགྲིག་དགོས་པ་ཤིན་ཏུ་འགལ་ཆེ་། ནང་ཁུལ་ལ་སྒྲིག་འཐབ་ཞིག་མེད་པ་ཡིན་ན་རྒྱ་མིའི་མཉམ་དུ་གྲོས་མོལ་ཞི་སྒྲིག་བྱ་རྒྱུའི་ལངས་ཕྱོགས་འཛིན་ཐུབ་བམ་། ནང་ཁུལ་སྒྲིག་ཐབས་མི་བྱེད་པར་ཁྲགས་པོ་དེ་གནང་དགོས་པ་གང་ཡང་མ་མཐོང་། སྐུ་ངོ་རྣམས་པ་ངོ་མ་ཚ་ན་། ང་ཚོ་མི་མང་ངོ་ཚ་གི་འདུག་གོ་། སྒྲིག་ཐབས་གནང་རོགས་གནང་ཐུགས་རྗེ་གཟིགས།།

    Reply
  8. གཞུང་པ་ཚེ་དབང་བསོད་ནམའ་ says:
    ལོ་ 6 སྔོན།

    བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གཅིག་པའི་ཀ་པ་ནང་གསལ་བའི་ཁྲིམས་དོན་ལས་
    ཁུངས་བཙུགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་གྲོས་ཚོགས་སུ་བདེན་
    ཐག་གཅོད་དགོས་པ་མ་རེད་དམ།

    Reply
  9. གཞུང་པ་ཚེ་དབང་བསོད་ནམའ་ says:
    ལོ་ 6 སྔོན།

    དེ་སྔོན་བཀའ་བློན་ཞིག་ལོ་ཚད་མ་ལོན་
    ཟེར་ནས་མི་མང་མདུན་ཁྲོམས་བསྟན་པ་
    དང་ད་ལམ་བཀའ་བློན་གསར་བསྐོ་འོས་
    གྲངས་མ་ལོན་ཟེར་བ་སོགས་བཙན་བྱོལ་
    བོད་མིའི་མང་གཙོའི་ཀ་བ་གསུམ་མི་མང་
    མདུན་ཁྲོམས་བསྟོན་རྒྱུ་དེ་ང་ཚོ་མི་མང་ངོ་ཚ་གི་
    འདུག་ག།

    Reply
  10. བྲ་གཡོག says:
    ལོ་ 6 སྔོན།

    དོན་ཚན་ཉེར་གཉིས་པ། བཀའ་བློན་གྱི་འོས་འདེམས།

    འདེམས་ཐོན་ཐོག་དམ་འབུལ་ཟིན་པའི་སྲིད་སྐྱོང་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ ༢༡ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང༌། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་༼ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ།༽ གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་སྲིད་སྐྱོང་གིས་བཀའ་བློན་དུ་བསྐོ་གཞག་བྱ་རྒྱུ། སྲིད་སྐྱོང་གིས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་འོས་གཞི་གསར་པ་སྲིད་སྐྱོང་གིས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ།
    ངོ་ཡོད་ཀྱི་གྲངས་ཚད་ནང་ཚོགས་གཙོ་འཚུད་ན་བརྒྱ་ཆ་ ༤༨།༨༨ རེད་འདུག་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese