བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༠ ནས་དྷ་སྟེང་བོད་ཁྱིམ་དུ་ཉིན་གྲངས་ ༡༠ རིང་གི་རིགས་ལམ་འདུ་འཛོམས་མགོ་འཛུགས་གནང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ། མ་སུ་རི་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྲི་གཅོད་ལགས། དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་གཙོ་བོར་གྱུར་བའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༠ ནས་སློབ་ཕྲུག་གྲངས་ ༡༤༢ བཅས་ཁྱོན་མི་གྲངས་ ༡༥༠ ལྷག་འཛོམས་འདུག
མཛད་སྒོའི་ཐོག་མར་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རིགས་ལམ་འདུ་འཛོམས་རིང་གི་ལས་རིམ་ཁག་ངོ་སྤྲོད་གྲུབ་རྗེས། སློབ་གྲྭ་ཁག་དྲུག་ནས་སྐར་མ་བཞི་ཙམ་རིང་རྟགས་གསལ་བཏངསོང་བ་དང་། དེའི་རྗེས་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རིགས་ལམ་གྱི་གལ་གནད་དང་། སློབ་གྲྭའི་ནང་རིགས་ལམ་གྱི་ཤེས་ཚད་གོང་མཐོར་གཏོང་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་དོན།
ཚད་མ་རིག་པ་ཞེས་ང་ཚོས་བེད་སྤྱོད་གཏོང་བཞིན་པ་དེ་དག་འཛམ་གླིང་སྤྱི་ཡོངས་ནང་གལ་ཆེན་པོ་རྩི་ཡི་ཡོད་པ་དང་། བོད་པའི་ཁ་དཔེར། རྒྱུ་མཚན་མེད་ན་སྨྱོན་པའི་ཚིག་ལྟར་མཚུངས། ཞེས་བཤད་སྲོལ་ཡོད། ལས་དོན་རིགས་བྱེད་སྐབས་ཉིན་རེ་བཞིན་རྒྱུ་མཚན་ཡོད་པ་དང་དཔྱད་པའི་ཐོག་ནས་བྱེད་དགོས། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ནང་ནས་ཀླད་པ་ཆེ་ཤོས་མི་ལ་ཡོད། ཀླད་པ་དེ་བེད་སྤྱོད་ཡག་པོ་གཏོང་དགོས། བཟང་ངན་དབྱེ་འབྱེད་དང་། འཕྲལ་ཕུགས་རྒྱང་གསུམ་གྱི་གནས་སྟངས་ལ་དཔྱད་པའི་ཐོག་ནས་ལས་དོན་རིགས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་རིགས་ལམ་དགོས་གལ་ཆེན་པོ་ཡོད་པའི་དགོངས་བཞེད་ཕེབས་པ་ལྟར། ད་ཆ་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་ཁྲིད་གནང་བཞིན་ཡོད་པ་ཡག་པོ་ཡིན་སྐོར་གསུངས་སོང་།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའི་སྐོར་ལ་ཁོང་གིས། ༧གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞི་པ་ནི། རྒྱ་གར་གྱི་གནའ་བོའི་རིག་གཞུང་རྣམས་རྒྱ་གར་རང་གི་ནང་བསྐྱར་གསོ་མཛད་རྒྱུ་དེ་ཡིན་པ་དང་། བོད་ལ་ཚད་མ་རིག་པ་དར་ནས་ལོ་ངོ་སྟོང་ཕྲག་མང་པོ་ཕྱིན་ཡོད། རྒྱུ་མཚན་དང་མངོན་སུམ་གྱི་མྱོང་བའི་ཐོག་ནས་བཤད་དགོས་ཀྱི་ཡོད། རིགས་ལམ་དེ་བཞིན་ནང་ཆོས་གཅིག་པུ་ཙམ་མ་ཟད། རིག་པའི་གནས་སྤྱི་ཡོངས་ལ་བེད་སྤྱོད་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཡོང་ཐུབ། བོད་པའི་སྤྱི་ཚོགས་ནང་རིགས་ལམ་དེ་དག་སློབ་གྲྭའི་ནང་འགྲིམ་བཞིན་པའི་སློབ་ཕྲུག་ཙམ་མ་ཟད། བོད་མི་སྤྱི་ཡོངས་ནས་དེར་ངེས་པར་དུ་དོ་སྣང་གནང་ནས་སྦྱང་བརྩོན་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
དེའི་རྗེས་ཤེས་རིག་བཀའ་བློན་མཆོག་གིས། ཤེས་རིག་ལས་ཁུངས་ཀྱི་ལས་ཀྱི་སྣེ་མོ་བ་ཞིག་ཡིན་པའི་ཐོག་ནས་དེ་རིང་འདིར་བཅར་བ་དང་། རིགས་ལམ་གྱི་ཐོག་ལ་ལམ་སྟོན་གང་ཡང་འབུལ་རྒྱུ་མེད། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་བསླབ་གཞི་རྩ་འཛིན་ཐོག་ནས་གཞི་རིམ་འོག་མ་ནས་བར་མའི་ནང་རིགས་ལམ་ཀྱི་བསླབ་གཞི་ཞིག་ལག་ལེན་བསྟར་ཐུབ་པ་བྱུང་ཡོད། སློབ་མ་ཁྱེད་རང་ཚོའི་ངོས་ནས་གོ་སྐབས་བཟང་པོ་ཐོབ་པར་བསོད་ནམས་ཆེན་པོ་ཞིག་ཡིན་པ་ཚོར་དགོས་པ་དང་། དེ་སྔ་རིགས་ལམ་ཟེར་དུས་དགོན་པ་གྲྭ་ཚང་ཁོ་ནའི་ནང་མ་གཏོགས་སྦྱང་སྲོལ་མེད། ད་ཆ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལྟར་དགོན་པ་ཙམ་མ་ཟད། སློབ་གྲྭ་ཁག་གི་ནང་དུའང་རིགས་ལམ་འཛིན་གྲྭ་ཟུར་འཛུགས་ཐུབ་པ་བྱུང་ཡོད་པ་དང་། རིགས་ལམ་ཐོག་ནས་རྩོད་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་སོང་།
ཐེངས་འདིའི་རིགས་ལམ་འདུ་འཛོམས་སྟེང་བསླེབས་པའི་སློབ་གྲྭ་ ༢༠ ནི་དྷ་སྟེང་བོད་ཁྱིམ་དང་། དྷ་ཤོད། གྷོ་པལ་པུར། སུ་ཇཱ། ཅོན་ཏ་ར་བོད་ཁྱིམ། དཔེ་སྟོན་སློན་གྲྭ། ཅོན་ཏ་ར་སཾ་བྷོཊ། ཌོ་ལན་ཇི་སཾ་བྷོཊ། སིམ་ལ་གཏན་སློབ་བཅས་དང་། མ་སུ་རི་ཁུལ་གྱི་སློབ་གྲྭ་སི་ལ་ཀུ་བོད་ཁྱིམ་སློབ་གྲྭ་དང་། སྤོན་ཊ་སཾ་བྷོཊ། མ་སུ་རི་བོད་ཁྱིམ། རཱཇ་པུར་བོད་ཁྱིམ། གྷོ་རི་མ་ཕཱི་བོད་ཁྱིམ། བདེ་སྐྱིད་གླིང་བོད་ཁྱིམ། མ་སུ་རི་གཏན་སློབ། ཧར་སྤུར་ཉིན་སློབ། དོན་གྲུབ་གླིང་སློབ་གྲྭ་བཅས་དང་། སྦེལ་ཀོབ་བོད་ཁྱིམ་དང་། བསུ་ན་མདའ་སམ་བྷོཊ་སློབ་གྲྭ་བཅས་རེད་འདུག
རིགས་ལམ་འདུ་འཛོམས་དེ་ཉིན་གྲངས་ ༡༠ རིང་ཚོགས་ཀྱི་ཡོད་པ་དང་། རིགས་ལམ་འདུ་འཛོམས་ཀྱི་དམིགས་ཡུལ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་དང་མཐུན་པར་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་འགྲོ་སྟངས་ལེགས་པར་ཤེས་ཐབས་དང་། ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་གི་གྲུབ་འབྲས་ལ་ཆ་འཇོག་ཡོང་སླད་སྡེ་ཁག་སོ་སོའི་རིགས་ལམ་རྩེ་ཕུད་སློབ་གྲྭ་རེ་ལ་གཟེངས་བསྟོད་ཀྱིས་སེམས་ཤུགས་སྤར་ཐབས་དང་། གོ་སྒྲིག་ཞུ་ཡུལ་སློབ་གྲྭ་དང་སློབ་ཁག་ནང་ཁུལ་བར་རིགས་ལམ་སློབ་ཁྲིད་ཀྱི་ཉམས་མྱོང་སྤེལ་ཐབས། སློབ་ཚན་གཞན་རྣམས་རིགས་ལམ་བརྒྱུད་ནས་སློབ་ཁྲིད་ཐུབ་ཐབས་སུ་དམིགས་པ་ཞིག་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག