རྒྱ་ནག་དང་ཧོང་ཀོང་གཞུང་གི་མགོ་འཁྲིད་ཚོར་དུས་རྒྱུན་སྐྱོན་བརྗོད་མང་པོ་བྱེད་མཁན་ཀུ་ཤུ་ཉིན་རེའི་གསར་ཁང་འཛུགས་མཁན་ཇི་མི་ལའེ་ལགས་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུགལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པར་ཧོང་ཀོང་གཞུང་གི་ཉེན་རྟོག་པས་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་ (Apple Daily) གསར་འཛུགས་བྱེད་མཁན་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ཁྲི་དབྱིང་(Jimmy Lai Chee-ying) ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ལ་ཞུགས་པ་དང་། གསར་འགོད་པ་ཞིག་ལ་སྡིགས་ར་བསྐུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག
ཕྱི་ལོ་ ༡༩༩༥ ལོར་ཇི་མི་ལའེ་ཡིས་གསར་འཛུགས་བྱས་པའི་ཀུ་ཤུ་ཉིན་རེའི་གསར་ཁང་གིས་བརྗོད་པ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༣༠ ཙམ་ལ་ཧོང་ཀོང་གི་ཉེན་རྟོག་མི་སྣ་འགའ་ཡིས་ཀོ་ལུན་གྲོང་ཁྱེར་གྱི་ཧོ་མན་ཐིན་ས་ཁུལ་དུ་ཡོད་པའི་རང་ཁྱིམ་ནས་སྐུ་ཞབས་ལའེ་ས་གནས་ཉེན་རྟོག་ཁང་དུ་ཁྲིད་ཕྱིན་ཡོད་པ་དང་། ཇི་མི་ལའེ་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་གྱི་དམངས་གཙོའི་གཞུང་རྒོལ་ཁྲོམ་སྐོར་ལས་འགུལ་ནང་ཞུགས་མྱོང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ལོའི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞི་དམར་གསོད་ཆེན་མོ་རྗེས་དྲན་གྱི་འདུ་འཛོམས་ཐོག རྒྱ་ནག་གཞུང་གི་ཕྱོགས་གཏོགས་སུ་ངོས་འཛིན་བྱེད་ཀྱིན་པའི་ཧོང་ཀོང་གི་ཨོ་རེན་ཊལ་ཉིན་རེའི་གསར་ཤོག་ (Oriental Daily) གི་གསར་འགོད་པ་ཞིག་ལ་ཚིག་ངན་སྤྱད་དེ་སྡིགས་ར་བསྐུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག
གཞན་ཡང་། དེ་རིང་ཧོང་ཀོང་ཉེན་རྟོག་པས་ཡུལ་དེའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་ཟུར་པ་དམངས་གཙོ་དོན་གཉེར་བ་ལི་ཁྲུག་ཡན་(Lee Cheuk-yan) དང་ཡུང་སམ་(Yeung Sum) གཉིས་ཀྱང་དྲུག་བཞི་དམར་གསོད་ཆེན་མོའི་རྗེས་དྲན་འདུ་འཛོམས་ནང་ཞུགས་པའི་དོགས་གཞི་འོག་འཛིན་བཟུང་བྱས་ཡོད་འདུག ཐེངས་འདིའི་འཛིན་བཟུང་དེ་ནི་ཧོང་ཀོང་ཉེན་རྟོག་པས་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་གྱི་གཞུང་རྒོལ་ལས་འགུལ་ནང་ཞུགས་མཁན་ཚོ་རྩད་གཅོད་འཛིན་བཟུང་བྱེད་པའི་ལས་གཞི་ཡི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག
སྤྱིར་ཀུ་ཤུ་ཉིན་རེའི་གསར་ཁང་ཅེས་པ་དེ་ནི་ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བའི་གསར་ཤོག་ཆེ་གྲས་ཤིག་ཡིན་པ་མ་ཟད། དུས་རྒྱུན་རྒྱ་ནག་དང་ཧོང་ཀོང་གི་མགོ་འཁྲིད་རྣམས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག སྐུ་ཞབས་ཇི་མི་ལའེ་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུགས་གསར་བརྗེའི་སྐབས་མངོན་གསལ་དོད་པོས་ལས་འགུལ་ནང་ཞུགས་ཏེ་གཞུང་ལ་ངོ་རྒོལ་གྱི་གཏམ་བཤད་སྤེལ་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༦ པའི་ནང་ནས་བཟུང་བྱུང་བའི་ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག དེ་སྔོན་ཁོང་གིས་ནེའུ་ཡོག་དུས་བབ་ཀྱི་བཅར་འདྲི་ཞིག་ནང་། གཞུང་གིས་ངའི་བློ་སྟོབས་ལ་དགའ་བོ་བྱེད་ཀྱི་ཡོད་པ་མ་རེད། ཁོ་ཚོས་ང་རྙོག་དྲ་བཟོ་མཁན་ཞིག་ཏུ་མཐོང་གི་ཡོད། ཅེས་བརྗོད་ཡོད་པ་རེད།
ད་ལྟའི་ཆར་ཧོང་ཀོང་གི་གཞུང་རྒོལ་ལས་འགུལ་དེ་རྒྱ་ནག་ཝུ་ཧན་ནས་འགོས་ཁྱབ་དུ་སོང་བའི་ཏོག་དབྱིབས་ནད་དུག་དེའི་རྐྱེན་པས་བར་མཚམས་བཞག་ཡོད་ཀྱང་། མང་ཚོགས་ཁྲོད་མུ་མཐུད་གཞུང་གི་འཛིན་སྐྱོང་ཐད་འདོད་བློ་མ་ཁེངས་བའི་རྣམ་འགྱུར་གསལ་པོ་ཐོན་བཞིན་ཡོད་པ་རེད། དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཧོང་ཀོང་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་གྲོང་ཁྱེར་གྱི་སྔོན་རྩིས་གསལ་བསྒྲགས་ནང་། ཧོང་ཀོང་གི་ཉེན་རྟོག་ཚན་པར་ཧོང་ཀོང་གི་ཌོ་ལར་ཐེར་འབུམ་ ༢༥།༨ སྤྲད་པ་དེ་སྔར་ལོ་དང་བསྡུར་ན་བརྒྱ་ཆ་ ༢༤།༧ ལྷག་གིས་མང་དུ་ཕྱིན་ཡོད་པ་མ་ཟད། ལྷག་པར་དུ་ཉེན་རྟོག་པ་༢༥༤༣ ལྷག་མང་དུ་གཏོང་འཆར་ཡོད་སྟབས། གྲོང་ཁྱེར་གྱི་དམངས་གཙོ་དོན་གཉེར་བ་མང་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།