རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་འདི་ལོའི་སྙན་ཐོ་བཏོན་ཏེ་རྒྱ་ནག་གཞུངགི་དབང་ཤུགས་ལ་རྟེན་ནས་འདས་པའི་ལོ་རབས་མང་པོ་ནས་ཡར་རྒྱས་བཏང་བའི་ང་ཚོའི་ཐོབ་ཐང་དང་མ་འོངས་པ་ཉེན་ཁའི་མཚམས་སུ་བསླེབས་འདུག་ཅེས་བསྒྲགས་འདུགདེ་རིང་སྔ་དྲོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (World Human Right Watch) གིས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་སུ་ཤོག་གྲངས་ ༦༥༢ ཅན་གྱི་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཡོད་པ་དང་། སྙན་ཐོའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོ་འདོན་གྱིས། རྒྱ་ནག་གཞུང་ནས་མི་མང་གིས་དམངས་གཙོ་ལ་དགའ་མོས་བྱེད་ཀྱིན་པ་དེར་ཞེད་སྣང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི་ད་ལྟ་འཛམ་གླིང་ལ་འཕྲད་བཞིན་པའི་ཉེན་ཁ་ཞིག་ཡིན་སྐོར་བརྗོད་འདུག་པ་མ་ཟད། ཨ་རི་དང་དབྱིན་ཡུལ། ཡུ་རོབ་མཐུན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་རྒྱ་ནག་གི་མི་ཚུལ་ལས་འདས་པའི་དྲག་གནོན་སྲིད་བྱུས་ལ་ཁ་གཅིག་གྲགས་ཀྱི་ཐོག་ནས་ཁ་གཏད་གཅོག་དགོས་སྐོར་བརྗོད་འདུག
གསར་འགོད་ལྷན་ཚོགས་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དེའི་ལག་བསྟར་འགན་འཛིན་སྐུ་ཞབས་ཁེ་ནེ་ཐི་རོ་ཐུ་ (Kenneth Roth) ཡིས། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྤྱི་ཡོངས་རྩ་འཛུགས་ལ་རྒོལ་རྡུང་གཏོང་གི་འདུག པེ་ཅིན་གཞུང་གིས་ཡུན་རིང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་དྲག་གནོན་བྱས་ཡོད། ད་ལྟ་རྒྱ་ནག་གཞུང་གིས་གོ་ལ་ཁྱོན་ཡོངས་ལ་དེ་ལྟར་བྱེད་རྒྱུའི་ཐབས་བྱུས་འཚོལ་གྱི་འདུག རྒྱལ་ཁབ་གཞན་གྱི་གཞུང་ཚང་མས་མ་འོངས་པ་སྲུང་སྐྱོབ་ཆེད་མཉམ་རུབ་ཀྱིས། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྩ་འཛུགས་ལ་རྒོལ་རྡུང་གཏོང་བཞིན་པར་ཕར་རྒོལ་བྱེད་དགོས། ཅེས་དང་། འདས་པའི་ལོ་རབས་མང་པོ་ནས་ཡར་རྒྱས་བཏང་བའི་ང་ཚོའི་ཐོབ་ཐང་དང་མ་འོངས་པ་ཉེན་ཁའི་མཚམས་སུ་བསླེབས་ཡོད། ཅེས་བརྗོད་འདུག
ཡང་ཁོང་གིས་མུ་མཐུད། པེ་ཅིན་གཞུང་ནས་སྙན་ཐོ་འདིས་ཧོང་ཀོང་མི་མང་གི་དམངས་གཙོའི་ལས་འགུལ་ལ་རྒྱུད་སྐུལ་བྱས་པར་བཤད་ཡོད། པེ་ཅིན་གྱི་བྱེད་ཐབས་འདིས་ཧོང་ཀོང་ལ་སྣང་ཆུང་གཏོང་གི་ཡོད། འདིས་ག་རེ་སྟོན་གྱི་ཡོད་ཟེར་ན། མི་མང་རྣམས་ཀྱིས་དམངས་གཙོར་མོས་པ་བྱེད་ཀྱིན་པ་དེར་རྒྱ་ནག་གཞུང་ཞེད་ཀྱི་ཡོད་པ་རེད། ཅེས་དང་། ཡང་ཁོང་གིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དེ་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད་པ་འདྲ་ཡང་། རྒྱ་ནག་གི་ལྟ་ཕྱོགས་དེ་ནི་འཛམ་གླིང་འདིར་མཚོན་ན་ཉེན་ཁ་ཞིག་རེད། ཅེས་བརྗོད་འདུག
འདི་ལོའི་སྙན་ཐོའི་ནང་ཁྱོན་རྒྱལ་ཁབ་དང་ས་ཁུལ་ ༩༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་དང་། ཡང་སྒོས་སུ་འདུ་འཛོམས་རང་དབང་དང་། སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་། ཡུལ་གྱར་བའི་གནས་སྟངས་། བུད་མེད་ཀྱི་རང་དབང་། གཞན་ཡང་གསར་འགོད་དང་འགྲོ་བ་མིའི་ཚོགས་སྡེ་ཁག་ལ་གཏད་པའི་སྲིད་བྱུས། རྒྱལ་སྤྱིའི་ཤུགས་རྐྱེན་དང་། སྐབས་དོན་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་བྱེ་བྲག་པ་བཅས་ཀྱི་གནས་སྟངས་སོགས་ཀྱི་ཐད་ལྟ་ཞིབ་བྱས་ཡོད་འདུག་དང་། འདི་ལོར་རྒྱ་ནག་གཙོ་འདོན་གྱིས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཙམ་དུ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ནང་འགྲོ་བ་མིའི་ཐོབ་ཐང་ལ་ཚད་བཀག་བཟོ་བཞིན་པ་དང་། རང་ཁོངས་ཀྱི་མི་མང་ཙམ་དུ་མ་ཟད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་མི་སྒེར་བཅས་ལ་དོ་དམ་བཀག་སྡོམ་བྱེད་བཞིན་ཡོད་སྐོར་ཞིབ་ཕྲ་བཀོད་འདུག
ཡང་སྙན་ཐོ་དེའི་ནང་ཤིན་ཅང་ནང་ཡུ་གུར་བ་ས་ཡ་མ་ཟིན་ཙམ་བཀག་སྐྱིལ་ཁང་ཏུ་བཅུག་སྟེ་དྲག་གནོན་བྱེད་བཞིན་པ་དང་། ཧོང་ཀོང་ནང་མི་མང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་དེར་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་ཏེ། མི་མང་ལ་རང་ཆས་སུ་ཡོད་པའི་འདུ་འཛོམས་རང་དབང་བཀག་སྐྱིལ་ལ་སོགས་པའི་ཧོང་ཀོང་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་སྐོར་དང་། དེ་ནས་བོད་ནང་ལ་མཚོན་ན་སྔར་མུས་བཞིན་གཞུང་གིས་ཆོས་དད་དང་། སྨྲ་བརྗོད། འགྲོ་སྐྱོད། འདུ་འཛོམས་རང་དབང་བཅས་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ས་གནས་སྲིད་གཞུང་དག་གིས་རང་གི་རིག་གཞུང་དང་དཔལ་འབྱོར་ཐོབ་ཐང་རྩོད་མཁན་གྱི་བོད་མི་རྣམས་ནག་ཚོགས་ཤེད་བཅོམ་གྱི་མིང་ཐོག་ནས་འཛིན་བཟུང་བྱས་པ། འདས་ལོའི་ཕྱི་ཟླ་ ༥ ནས་ ༧ བར་རྒྱ་ནག་སྲིད་གཞུང་གིས་ཡ་ཆེན་སྒར་ནས་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་གྱིས་ཕྱིར་འཕུད་དེ། ཁོང་ཚོའི་བཞུགས་ཤག་རྣམས་རྩ་མེད་བཏང་ཡོད་སྐོར་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཁུལ་གྱི་ཆོས་ལུགས་མགོ་འཁྲིད་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་སྲིད་བྱུས་གཏན་འབེབ་བྱེད་དུ་བཅུག་པ་དང་། ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༢ བར་བོད་མི་ ༡༥༥ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་སོགས་བཀོད་འདུགགཞན་ཡང་སྙན་ཐོ་དེའི་ནང་། སྲིད་འཛིན་ཞི་ཅིན་ཕིན་གྱི་མགོ་འཁྲིད་འོག་རྒྱ་ནག་གཞུང་གིས་དྲ་བ་དང་། བྱ་འགུལ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སོགས་རང་ཉིད་ལ་ཉེན་ཁར་མཐོང་བའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཁག་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། མཐོ་རིམ་སློབ་གཉེར་བ་དང་། ཆོས་ལུགས་རྗེས་འབྲང་བ། གྲངས་ཉུང་མི་རིགས། གནད་ཡོད་མགོ་འཁྲིད་མི་སྣ་ནང་ཁུལ་བཅས་ཀྱི་བསམ་བློར་སྟངས་འཛིན་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་དང་། མི་གྲངས་དུང་ཕྱུར་ ༡༤ ལྷག་གི་བསམ་སྤྱོད་ལ་དོ་དམ་བྱེད་ཆེད་དེང་རབས་ཚན་རྩལ་ཡར་རྒྱས་ལ་མི་རྒྱུའི་འགྲོ་སོང་ཚད་ལས་བརྒལ་བ་བཏང་སྟེ། སྤྱི་ཚོགས་ལྟ་སྲུང་མ་ལག་དང་། བཅོས་མའི་རིག་རྩལ་(Artificial Intelligence)སོགས་བརྒྱུད་སྤྱི་ཚོགས་ཁྱོན་ཡོངས་ལ་དོ་དམ་ལྟ་སྲུང་བྱེད་ཀྱི་ཡོད་པ་དང་། གཞུང་གི་བཀག་སྡོམ་སྲིད་བྱུས་དེ་རྒྱ་ནག་གི་ས་མཚམས་བརྒལ་ཏེ། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གཙོ་བོར་གྱུར་བའི་སྡེ་ཁག་ཀུན་ལ་ཁྱབ་ཡོད་སྐོར་བཀོད་འདུག
སྤྱིར་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་ཧོང་ཀོང་དུ་དབུ་འབྱེད་བྱེད་གཏན་ཁེལ་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སྐུ་ཞབས་ཁེན་ནེ་ཐུ་རོ་ཐུ་ཧོང་ཀོང་གི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཧོང་ཀོང་ཕྱི་མི་གནས་སྤོར་ལས་ཁུངས་ཀྱི་གཞུང་འབྲེལ་མི་སྣས་རྒྱུ་མཚན་གསལ་བཤད་མེད་པར་ཁོང་རང་ཕྱིར་སློག་བཏང་ཡོད་པ་རེད། དེ་ནི་རྒྱ་ནག་གིས་ཧོང་ཀོང་གཞུང་ལ་གནོན་ཤུགས་སྤྲད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག ཟླ་སྔོན་མའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་འདི་ཉིད་ཚུད་པའི་ཨ་རིར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཁེ་མེད་ཚོགས་པ་བཞི་ཡིས་ཧོང་ཀོང་ནང་འཁྲུག་རྐྱེན་བཟོ་བཞིན་པར་བརྗོད་དེ། ཚོགས་པ་བཞི་དེར་ཆབ་སྲིད་ཉེས་ཆད་འགེལ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་མ་ཟད། དེ་རིང་སྙན་ཐོ་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་ཐོག་ཏུའང་། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཤིན་ཅི་ཧྲིན་(Xing Jisheng) ཟེར་བ་ཞིག་གིས། ལྷན་ཚོགས་ཀྱི་ལས་རིམ་འགྲོ་བཞིན་པའི་སྐབས་བར་དུ་འཚང་སྟེ། སྙན་ཐོའི་ནང་བཀོད་པའི་གནས་ཚུལ་དག་རྫུན་བཟོ་ཡིན་སྐོར་དང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་སྐོར་སོགས་བརྗོད་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
བོད་ནང་རང་ལུས་མེ་བསྲེགས་གཏོང་ནས་རྒྱ་ནག་ལ་ཁ་གཏད་གཅོད་བཞིན་པ་ལ།རང་དབང་ལུང་པ་ཡོད་མཁན་བོད་པ་ཚོས་ནང་ཁུངས་ལ་འཐབ་རྩོད་བྱེད་པ་ལས་རྒྱ་ནག་ལ་ཁ་གཏད་བཅོད་མི་ཡོང།