མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་རུ་ཚོགས་དང་ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་བོད་མི་དག་ཕྱིར་ལོག་བྱ་ཐབས་གནད་དོན་སྐོར་དགོངས་སྐོར་སྙན་ཞུ།

བོད་ཀྱི་དུས་བབ།
༢༠༢༠/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

—-ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་འོག་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས<<ཏཱ་ལའི་རུ་ཚོགས་དང་ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་བོད་མི་དག་ཕྱིར་ལོག་བྱ་ཐབས་གནད་དོན་སྐོར་དགོངས་སྐོར་སྙན་ཞུ>>

                                              ལོ་ཙཱ་བ། སད་མི།

ཀྲུང་དབྱང་། 

ཏཱ་ལའི་རུ་ཚོགས་དང་ཕྱི་རྒྱལ་དུ་བྲོས་བྱོལ་ལ་སོང་བའི་བོད་མི་ཕྱིར་ལོག་བྱ་ཐབས་གནད་དོན་སྐོར་ལ། ཉེ་ཆར་ང་ཚོས་རྒྱལ་ཁབ་མི་རིགས་ཨུ་ལྷན་དང་། ཕྱི་འབྲེལ་ལས་ཁུངས། སྤྱི་བདེ་ལས་ཁུངས། ཀྲུང་དབྱང་ཞིབ་འཇུག་ལས་ཁུངས། དམག་སྤྱི་བཀོད་འདོམས་ལས་ཁུངས། ཆབ་སྲིད་འབྲེལ་མཐུད་ལས་ཁུངས་སོགས་ཀྱི་འགན་འཁུར་བློ་མཐུན་ཚོས་ཞིབ་འཇུག་ཐེངས་དུ་མ་བྱས་ཡོད། མ་ཟད། ཀྲུང་དབྱང་གི་ཚོགས་འདུ་དང་སྦྲགས་ཏེ། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཤིན་ཅང་། ཡུན་ནན་ཞིང་ཆེན། རང་སྐྱོང་ལྗོངས་དང་ལན་ཀྲུའུ། ཁྲིན་ཏུའུ་དམག་སྒར་འགན་གཙོ་བློ་མཐུན་བཅས་ཀྱི་བསམ་འཆར་གཤམ་དུ་འགོད་རྒྱུ་ཡིན།

དང་པོ། ཏཱ་ལའི་རུ་ཚོགས་ཀྱི་རྩ་བའི་གནས་སྟངས། 

ཏཱ་ལའི་རུ་ཚོགས ༡༩༥༩ ལོར་རྒྱ་གར་ལ་བྲོས་བྱོལ་སྐབས། དྲག་དམག་ངོ་ལོག་ཟིང་འཁྲུག་པ་ཕལ་ཆེར་ཉིས་ཁྲི་ཙམ་དང་། མགོ་སྐོར་བསླུ་བྲིད་བྱས་པ་དྲུག་ཁྲི་ཙམ་བཅས་རེད། དེ་དག་མང་ཆེ་བ་བོད་ལྗོངས་ནས་ཡིན་པ་དང། དེ་མིན་སི་ཁྲོན། མཚོ་སྔོན། ཀུན་སུའུ་བོད་མི་བཅས་ཡོད། ཡུན་ནན་བའང་ཡོད་མོད་ཧ་ཅང་ཉུང་ཉུང་རེད། ཤེས་གསལ་ལྟར་ན། ད་ལྟའང་ངོ་ལོག་པ་ཆིག་ཁྲི་སུམ་སྟོང་ལྷག་ཡོད་པ་དང་། བོད་དམངས་ཁྲི་བརྒྱད་ཙམ་ཡོད། (རང་བཞིན་འཕར་སྣོན་ཆིག་ཁྲི་ལྔ་སྟོང་ཙམ་རེད)རྒྱ་གར་དུ་གནས་སྡོད་ཁྱོན་བསྡོམས་ཁྲི་ལྔ་དང་ཉིས་སྟོང་ལྷག་རེད། དེ་འཕྲོས་བལ་ཡུལ་དང་། འབྲུག་ཡུལ། འབྲས་ལྗོངས་བཅས་སུ་ཡོད་ལ། ཕལ་ཆེར་བོད་མི་ལྔ་སྟོང་ཙམ་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁག་ཏུ་འཐོར་བསྡད་ཡོད་པ་རེད། རྒྱ་གར་དུ་ཡོད་པའི་ངོ་ལོག་པ་ཚོར ༡༩༦༢ ནས་རྒྱ་བོད་ས་མཚམས་དམིགས་བསལ་དམག་དཔུང་ལ་བསྒྱུར་བ་དེ། རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་བྲན་འཁོར་དུ་ཆགས་ཡོད། དོན་དུ། རྒྱ་གར་གྱི་རྒྱུག་ཁྱི་རེད། ཏཱ་ལའི་རུ་ཚོགས་མེས་རྒྱལ་དང་ཁ་བྲལ་རྗེས། དཀའ་སྡུག་མྱངས་ཚར་ཡོད་ལ། ནང་ཁུལ་འགལ་བ་ཆེ་བས་མིག་སྔར་དཀའ་ངལ་གྱི་གནས་སྟངས་ནང་ལྷུང་བསྡད་ཡོད། ཤེས་གསལ་ལྟར་ན། ཏཱ་ལའི་རུ་ཚོགས་ནང་རོལ་དུ་བོད་རང་བཙན་དང་མེས་རྒྱལ་དུ་ཕྱིར་ལོག་གནད་དོན་ཐད་ལ་རྣམ་པ་མི་འདྲ་བ་གསུམ་ཡོད་པ་སྟེ། གཅིག བོད་རང་བཙན་ལྟ་བ་མཚམས་བཞག་ནས་མེས་རྒྱལ་དུ་ལོག་རྒྱུ། གཉིས། མུ་མཐུད་ནས་བོད་རང་བཙན་ལངས་ཕྱོགས་འཛིན་རྒྱུ། གསུམ། ཅང་ཅེ་ཧྲི་ཚོགས་ཁག་དང་ངན་སྦྲེལ་བྱ་འདོད་པའམ། སུའུ་ལན་ལ་མགོ་བཅོལ་བྱ་འདོད་པ་བཅས་རེད། ཏཱ་ལ་སོགས་མི་ལ་ལ་ཐེ་ཚོམ་དང་ནེམ་ནུར་ངང་ལུས་ཡོད་ལ། རྒྱལ་ཁབ་ཏུ་ཕྱིར་ལོག་དྲན་མོད་དོགས་པ་རྣམ་རྟོག་ཀྱང་ཡོད་པ་རེད། ཏཱ་ལས་ཐེངས་དུ་མར་སྤྱི་བསྒྲགས་ཏེ་ནས་ང་ཚོར་ཉམས་ཚོད་བླངས་ཡོད། ངེད་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་ལས་ཁུངས་ནས་ངོ་ལོག་བཙོན་པ་གཙོ་གྲས་ཚང་མ་གློད་གྲོལ་བཏང་བས། ཁོང་ཚོར་གཡོ་འགུལ་ཆེན་པོ་བྱུང་བ་རེད། རྒྱ་གར་སྲིད་གཞུང་གིས་ཀྱང་རང་རྒྱལ་དང་འབྲེལ་བ་ཞི་འཇམ་ཡོང་ཆེད། ཏཱ་ལའི་རུ་ཚོགས་གནད་དོན་ཐད་ཀྱི་དཀའ་ངལ་ལས་གཡོལ་ཐབས་བྱེད་བཞིན་ཡོད། ཀྲུང་ཨ་ཕྱི་འབྲེལ་བཙུགས་ཚུན་རྒྱལ་སྤྱིའི་གནས་སྟངས་མྱུར་སྟབས་ཆེན་པོས་འགྱུར་བ་སོང་བས་ཀྱང་ཏཱ་ལའི་རུ་ཚོགས་ནང་ཁུལ་ཁ་འཐོར་འགྲོ་བའི་ཤུགས་རྐྱེན་སྔར་ལས་ཆེ་བ་ཐེབས་ཡོད་སྟབས། མེས་རྒྱལ་དུ་ལོག་འདོད་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུ་རེད།

གཉིས་པ། ཏཱ་ལའི་རུ་ཚོགས་ཀྱི་རྩ་བའི་ཁ་ཕྱོགས།

མིག་སྔའི་རྒྱལ་ཕྱི་ནང་གི་གནས་སྟངས་དང་འཐབ་རྩོད་ཀྱི་དགོས་མཁོ་ལ་གཞིགས་ཡོང་དུས། ཏཱ་ལའི་རུ་ཚོགས་མེས་རྒྱལ་དུ་ཕྱིར་ལོག་བྱ་ཐབས་འབད་བརྩོན་བྱ་དགོས། དེ་ནི་ང་ཚོར་ཁེ་ཕན་ཡོད་པ་རེད་ལ། འགྲུབ་སྲིད་པ་ཞིག་ཀྱང་རེད། རང་ཕྱོགས་ནས་ཁོང་ཚོར་འཛིན་པའི་རྩ་བའི་ཁ་ཕྱོགས་ནི་རྒྱལ་གཅེས་ཁྱིམ་ཚང་གཅིག རྒྱལ་གཅེས་ལ་སྔ་ཕྱི་མེད། ཧུར་བརྩོན་སྒོ་ནས་བརྩོན་ལེན་བྱེད། འདས་དོན་ལ་ཁག་འགེལ་མི་བྱ། གལ་ཏེ་སུ་ཞིག་ཕྱིར་ལོག་བྱ་འདོད་ཚེ། ཐམས་ཅད་ལ་དགའ་བསུ་ཞུ་རྒྱུ་ཡིན། ཚུར་ལོག་ཡོང་ནས་ཕྱིར་ཐོན་མིན་པ་དག་ལ་འོས་འཚམ་སྒོ་ནས་སྡོད་གནས་བཀོད་སྒྲིག་བྱ་དགོས། ཚུར་ལོག་ནས་ཕར་ཐོན་མཁན་ཚོར་གུས་པ་ལྡན་པའི་སྒོ་ནས་སྐྱེལ་མ་བྱ་དགོས། རྗེས་སུ་ཁོང་ཚོར་ཏཱ་ལའི་རྒྱལ་ཁབ་ངོ་ལོག་རུ་ཚོགས་ཟེར་འབོད་མི་རུང་། དེའི་ཚབ་ཏུ་ཏཱ་ལ་དང་ཕྱི་རྒྱལ་དུ་ཡོད་པའི་དེ་སྔའི་བོད་ལྗོངས་མཐོ་རིམ་མི་སྣ་འབོད་དགོས། ངོ་ལོག་ཟིང་འཁྲུག་ཟེར་འབོད་མི་ཉན། དེའི་ཚབ་ཏུ་བོད་རིགས་སྤུན་ཟླའམ་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཟེར་དགོས།

ང་ཚོས་ལས་ཀའི་གཙོ་གནད་འཛིན་དགོས་ས་ནི། ཏཱ་ལ་དང་རུ་ཚོགས་ཀྱི་མཐོ་རིམ་མི་སྣ། དེ་བཞིན་དྲག་སྤྲས་ངོ་ལོག་ཟིང་འཁྲུག་པ་ཁ་འཐོར་གཏོང་རྒྱུ་དེ་རེད་ལ། ཁོ་ཚོ་མང་ཆེ་བའམ་ཚང་མ་མེས་རྒྱལ་དུ་ལོག་ཐུབ་པ་བཟོ་རྒྱུ་དེ་རེད། མགོ་སྐོར་བསླུ་བྲིད་ཐེབས་པའི་བོད་འབངས་དེ་དག་ལ་ཡང་ལས་ཀ་བྱེད་དགོས། ཁོ་ཚོར་མེས་རྒྱལ་ལ་དགའ་ཞེན་བྱ་དགོས་པའི་སློབ་གསོ་སྤྲོད་དགོས། ཕྱིར་ལོག་བྱ་འདོད་པ་ཚོར་དགའ་བསུ་ཞུ་རྒྱུ་དང་། ལོག་འདོད་མེད་པ་ཚོའང་ཕྱི་རྒྱལ་དུ་གནས་སྡོད་ཆོག་ལ། གནས་ཡུལ་རྒྱལ་ཁབ་ཀྱི་ཆབ་འབངས་སུ་འཛུལ་ཞུགས་ཀྱང་བྱ་ཆོག རྒྱལ་ནང་དུ་ལོག་ནས་ཉེ་དུ་ཐུག་འཕྲད་བྱ་འདོད་པ་ཚོར་འགྲོ་འོང་རང་དབང་ཡོད་ལ། སྟབས་བདེའི་མཐུན་འགྱུར་བྱ་རྒྱུ།

ཏཱ་ལ་ཡི་ལས་ཀའི་ཐད་དུ། ང་ཚོས་དམིགས་བསལ་གཙིགས་འཛིན་བྱ་དགོས། ཅི་སྟེ་ཁོ་རང་རྒྱལ་ནང་དུ་ལོག་འདོད་པ་ཡིན་ན། ང་ཚོས་ཆོས་ལུགས་འགོ་ཁྲིད་ཅིག་ཏུ་བལྟ་དགོས་ལ། མུ་མཐུད་འོས་འཚམས་ཀྱི་ལས་ཀ་བཀོད་སྒྲིག་བྱ་དགོས། ལས་ཀའི་བརྒྱུད་རིམ་ཁྲོད་ལ་ངེས་པར་དུ་གསང་བ་དམ་པོ་བྱ་དགོས། ཏཱ་ལའི་བདེ་འཇགས་ལ་གཟབ་དགོས། རྒྱ་གར་གྱི་ལོག་སྤྱོད་སྟོབས་ཤུགས་དང་ཏཱ་ལའི་རུ་ཚོགས་ཀྱི་མཁྲེགས་འཛིན་ཤོག་ཁག་ལ་ཡིད་གཟབ་བྱ་དགོས། ལྷག་པར་དུ་སུའུ་ལན་གསང་མྱུལ་བས་གཏོར་བཤིག་གཏོང་བར་གཟབ་དགོས།

ཏཱ་ལ་ཡི་ལས་ཀའི་ཐད་ལ། ང་ཚོས་ཧ་ཅང་མཐོང་ཆེན་བྱ་དགོས། ཅི་སྟེ་ཁོ་རང་མེས་རྒྱལ་དུ་ཚུར་ལོག་འདོད་ཡོད་ཚེ། ང་ཚོས་ཆོས་ལུགས་དབུ་ཁྲིད་དུ་བཞག་ནས་སྣེ་ལེན་བྱ་རིགས། དེ་ལྟར་བྱས་པས། བོད་ལྗོངས་བརྟན་ལྷིང་དང་། ལྷོ་ནུབ་མཐའ་མཚམས་ས་ཁུལ་སྲ་བརྟན། མེས་རྒྱལ་གཅིག་གྱུར་སྲ་བརྟན་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། གནད་དོན་འདི་ཐག་གཅོད་བྱ་ཐུབ་ཚེ། རྒྱལ་སྤྱིའི་ཕྱོགས་འགལ་ཤོག་ཁག་གི་སྟོབས་ཤུགས་དང་། ལྷག་པར་དུ་སུའུ་ལན་བཙན་རྒྱལ་ཤོག་ཁག་གིས་བོད་ཀྱི་གནད་དོན་ཟེར་བ་འདིར་ཁ་གཡར་ནས་འུ་ཚོའི་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་སྟོང་བསམ་བཅས་ཕྱེ་མར་གཏགས་པ་རེད། དེས་ན། དོན་གནད་འདིས་ང་ཚོའི་རྒྱལ་ཁབ་ལྷིང་འཇགས་མཐུན་སྒྲིལ་ལ་ཕན་པ། དེས་མ་ཚད། ཅང་ཅིན་ཀོ་དང་ཐེ་ཝན་དབང་འཛིན་པ་ལའང་ཤུགས་རྐྱེན་ཏན་ཏན་ཐེབས་ངེས་རེད་ལ། ཐེ་ཝན་འདི་ཉིད་མེས་རྒྱལ་པང་དུ་ལོག་ནས་མེས་རྒྱལ་གཅིག་གྱུར་ཆེན་མོའི་རླབས་ཆེན་བྱ་བཞག་མངོན་འགྱུར་ཡོང་བར་ཕན་ཐོགས་ངེས་ཡིན། དེ་འདྲ་ཡིན་སྟབས། ང་ཚོས་ཏཱ་ལ་དང་ཕྱོགས་གཏོགས་རུ་ཚོགས། དྲག་སྤྲས་ངོ་ལོག་ཚོའི་ལས་ཀའི་ཐད་དུ་ཅི་བས་གལ་གནད་ཅན་དུ་བཟུང་སྟེ། རྣམ་འགྱུར་ལ་ཧུར་སེམས་ཡོད་པ། ལས་ཀར་ཟབ་བརླིང་འཐུས་སྒོ་ཚང་བ་མ་ཟད། ཡུན་རིང་རྩིས་གཞི་ཡོད་པ། ཁ་ཐུང་སྣ་ཐུང་རྩ་བ་ཉིད་ནས་བྱ་མི་རུང་།

གསུམ། བོད་མི་ཕྱིར་ལོག་གི་སྲིད་ཇུས་གནད་དོན་སྐོར།

( དང་པོ། ) ཕྱིར་ལོག་བོད་མི་ཚོར་སྣེ་ལེན་བྱ་ཕྱོགས་ཐད་དུ། ཏང་གི་སྤྱིའི་ལམ་ཐིག་དང་དུས་སྐབས་གསར་པའི་ལས་འགན་ལམ་སྟོན་འོག་ཏུ། ཕྱི་ལྟར་དུ་ལྷོད་ལ་ནང་དུ་དམ་པ། སྤྲོ་སེམས་འཁོལ་པོས་སྣེ་ལེན་པ། བདེ་འཇགས་ལ་འགན་སྲུང་བྱེད་པ། ཕྱིར་ལོག་མི་སྣའི་གནས་བབ་ལ་གཞིགས་ཏེ་འོས་ཤིང་འཚམ་པའི་བློ་མཐུན་བཀོད་མངགས་བྱས་ནས་ཐུག་འཕྲད་གླེང་མོལ་བྱེད་དགོས་ལ། ལྟ་སྐོར་འགྲོ་རྒྱུ་ལ་བཀོད་སྒྲིག་བྱ་དགོས། གལ་ཏེ། སྐམ་ས་དང་མཚོ་ངོགས་ས་ཚུགས་ཁག་བརྒྱུད་ནས་ཕྱིར་ལོག་ཡོང་བའི་བོད་མི་ཡིན་ན། ཐད་གཏོགས་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་ཡུལ་སྐོར་ལས་ཁུངས་ནས་འགན་འཁུར་སྣེ་ལེན་བྱ་དགོས། གལ་ཏེ། ཏཱ་ལ་དང་ཏཱ་ལའི་རུ་ཚོགས་ཀྱི་མི་སྣ་གཙོ་གྲས་ཕྱིར་ལོག་བྱས་ཡོང་ན། ཀྲུང་དབྱང་རིམ་པའི་ལས་ཁུངས་ནས་འགན་འཁུར་སྣེ་ལེན་བྱ་དགོས། བོད་ལྗོངས་ས་མཚམས་འགག་སྒོ་ནས་ཕྱིར་ལོག་ཡོང་བའི་བོད་མི་ཡིན་ཚེ་བོད་རང་སྐྱོང་ལྗོངས་ཀྱིས་སྣེ་ལེན་བྱ་དགོས། བཀོད་སྒྲིག་བྱ་དགོས་རིགས་ལ་འོས་འཚམ་སྒོ་ནས་བཀོད་སྒྲིག་བྱ་དགོས། བོད་ལྗོངས་ཁོངས་སུ་གཏོགས་པ་ཡིན་ན། བོད་ལྗོངས་ནས་འགན་འཁུར་དགོས། ཞིང་ཆེན་དང་ས་ཁུལ་གཞན་གྱི་ཁོངས་སུ་གཏོགས་པ་ཡིན་ན། ཞིང་ཆེན་དང་ས་ཁུལ་དེ་དང་དེས་འགན་འཁུར་དགོས། ཕྱི་རྒྱལ་དུ་བཙུགས་པའི་གཞུང་ཚབ་ལས་ཁུངས་མ་བརྒྱུད་པར་རང་མོས་སྒོོ་ནས་ས་མཚམས་བརྒྱུད་ཚུར་ལོག་ཡོང་མཁན་མང་ཚོགས་ཡིན་ནའང་བཀོད་སྒྲིག་བྱ་དགོས། དེ་དག་འཚོ་བ་བརྟེན་ས་ཡོད་པ་བྱ་དགོས།

ཀྲུང་དབྱང་ནས་ཚུར་ལོག་ཡོང་རྒྱུར་མོས་མཐུན་བྱས་ཚར་བའི་བོད་མི་ལྔ་པོ་ནི། ཏཱ་ལའི་རུ་ཚོགས་ཀྱིས་ཆེད་དུ་ཚུར་གློད་ཡོང་ནས་ཉམས་ཚོད་ལེན་པའི་ཆེད་དུ་རེད། ཁོང་ཚོས་གཅིག་ནས་བོད་ལྗོངས་ཀྱི་དངོས་ཡོད་གནས་སྟངས་བལྟ་འདོད་པ་རེད་ལ། གཉིས་ནས་ང་ཚོས་ཁོ་ཚོར་འཛིན་པའི་རྣམ་འགྱུར་དང་སྲིད་ཇུས་ཐད་ལག་ཉུལ་དྲ་མ་བྱ་དགོས་བསམ་ཡོད། རྒྱུ་མཚན་དེའི་ཕྱིར་ན། མི་འདི་ལྔ་པོའི་སྣེ་ལེན་དང་ལས་ཀའི་སྐོར་ལ། ང་ཚོས་ངེས་པར་དུ་ནན་ཏན་བྱ་དགོས།

( གཉིས་པ། )གལ་ཏེ་ཚུར་ལོག་བྱེད་མཁན་བོད་མི་དཀྱུས་མ་ཞིག་ཡིན་ན། རྒྱ་གར་དུ་ཡོད་པའི་གཞུང་ཚབ་ཁང་གི་ཆོག་མཆན་འོག་ལམ་ཡིག་དང་ཐོན་མཆན་ཡི་གེ་གང་རུང་སྤྲད་དགོས། གལ་ཏེ། ཏཱ་ལའི་རུ་ཚོགས་ཀྱི་སྲོག་ཤིང་མི་སྣ་དང་རྐང་འཛིན་ཤོག་ཁག དེ་བཞིན་དུ་ཏཱ་ལ་རང་ཉིད་བཅས་ཡིན་ན། ངེས་པར་དུ་རྒྱལ་ནང་ལ་ཆོག་མཆན་ཞུ་དགོས།

(གསུམ་པ།)ཆོག་མཆན་ཞུས་ནས་ཚུར་ལོག་བྱེད་མཁན་དག་ལས། རྒྱལ་ནང་དུ་ལོག་ནས་ཉེ་དུ་ཐུག་འཕྲད་དང་སྒེར་དོན་སོགས་ཡིན་ན། རྩ་བའི་ཆ་ནས་ལམ་རྒྱགས་སོ་སོས་གཏོང་དགོས། དཀའ་ངལ་ཡོད་མཁན་ལ་འོས་འཚམ་སྒོ་ནས་རོགས་པ་བྱ་དགོས། གལ་ཏེ། རྒྱལ་ནང་དུ་ལོག་སྟེ་འཛུགས་སྐྲུན་ལས་ཀར་ཞུགས་པར་འདོད་ན། ལམ་རྒྱགས་ང་ཚོས་གཏོང་དགོས།

(བཞི་པ།) རྒྱལ་ནང་གི་བོད་འབངས་དང་ཕྱི་རྒྱལ་ལ་བྲོས་བྱོལ་ལ་སོང་བའི་བོད་མིའི་དབར་གཉེན་ཉེའི་འབྲེལ་བ་ཡོད་ཚེ། ཕན་ཚུན་ཡིག་འབྲེལ་དང་ཅ་དངོས་གཏོང་ལེན་བྱ་ཆོག རྒྱ་གར་དུ་གཉེན་ཉེ་ཐུག་པར་འགྲོ་འདོད་ཡོད་རིགས་རྣམས་ལ། གལ་ཏེ་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་མེད་ན། ཕྱི་རྒྱལ་དུ་འགྲོ་རྒྱུར་ཆོག་མཆན་སྤྲད་ཆོག

(ལྔ་པ།) ཚུར་ལོག་བོད་མི་སྣེ་ལེན་དང་བཀོད་སྒྲིག་ཐད་ཀྱི་འགྲོ་སོང་སྐོར། བོད་ལྗོངས་དང་འབྲེལ་ཡོད་ཞིང་ལྗོངས་ནོར་སྲིད་ལས་ཁུངས་ནས་དངོས་དོན་ལ་གཞིགས་ནས་འགྲོ་སོང་གཏོང་དགོས།

 བཞི་པ། རྒྱལ་ནང་གི་ལས་ཀ་ཡག་པོ་བྱེད་དགོས་པ་དང་། ཏང་གི་སྲིད་ཇུས་ཁག་དོན་འཁྱོལ་བྱ་དགོས། 

ཕྱིར་བྲོས་བོད་མི་ཚུར་འགུག་བྱ་རྒྱུའི་ལས་དོན་ཡག་པོ་འགྲུབ་ཆེད། ཐོག་མར་རྒྱལ་ནང་གི་ལས་དོན་ཡག་པོ་བསྒྲུབ་དགོས། མིག་སྔར་གལ་འགངས་ཆེ་ཤོས་ཀྱི་ལས་དོན་ནི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དེ་རེད། དེ་སྔོན་ལིང་པེའོ་དང་མི་བཞི་ཤོག་ཁག་འཕྲེད་བསྐྱོད་བྱས་པའི་སྐབས་སུ། ཁ་བཤད་དང་ལག་བསྟར་མ་མཐུན་པའི་སྲིད་ཇུས་འགའ་ལག་ལེན་བྱས་པ་དེ་དག་ངེས་པར་དུ་ནོར་བཅོས་གཙང་སེལ་བྱ་དགོས།

(དང་པོ།) ས་མཚམས་འགོག་སྲུང་ལས་ཀ་ཁག་དོན་འཁྱོལ་བྱ་དགོས། ཞུ་དོན་ལྟར་ན། ས་མཚམས་ཁུལ་དུ་སྲིད་ཇུས་ལག་བསྟར་སྐོར་གནད་དོན་མང་པོ་ཡོད། དཔེར་ན། ཕྱིར་བྲོས་བོད་མི་ཡིན་ནོ་ཅོག་རྒྱལ་འཚོང་བ་བརྩིས་པ་དང་། ཕྱིར་བྲོས་བོད་མིའི་ཁྱིམ་ཚང་ངོ་ལོག་ཁྱིམ་ཚང་དུ་བརྩི་བ། ཚུར་ལོག་ཡོང་བའི་བོད་མི་མྱུལ་མ་རུ་བལྟ་བ་བཅས་རེད། ཅི་སྟེ་ལས་ཀ་འདི་རིགས་ནོར་བཅོས་མ་བྱས་ན་སྐབས་བབ་ལས་དོན་བསྒྲུབ་རྒྱུར་ཕན་ཐོགས་མེད་པ་ཡིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་འབྲེལ་ཡོད་ཞིང་ཆེན། དེ་བཞིན་ས་ཁུལ་ཁག་བཅས་ནས་ས་མཚམས་སྲིད་ཇུས་ལག་བསྟར་ཐད་ཕྱོགས་ཡོངས་ནས་ཞིབ་བཤེར་ཐེངས་གཅིག་བྱ་དགོས་པར་བསམ་འཆར་འདོན་གྱི་ཡོད། ལས་བྱེད་དང་མི་དམངས་ནས་ས་མཚམས་སྲིད་ཇུས་དང་། ཕྱི་འབྲེལ་སྲིད་ཇུས། མི་རིགས་སྲིད་ཇུས་སློབ་གསོའི་ཐད་ཁྲིམས་འགལ་བྱུང་རིགས་དག་ལ་དུས་ཐོག་ཏུ་ཡོ་བསྲང་བྱ་རྒྱུ་དང་། ཐག་གཅོད་ནན་པོ་བྱ་དགོས།

(གཉིས་པ།) ཕྱི་རྒྱལ་ལ་བྲོས་བྱོལ་སོང་བའི་ཁྱིམ་ཚང་དང་གཉེན་ཉེ་དག་ལ་ལས་དོན་ཡག་པོ་བསྒྲུབ་དགོས། ཁོང་ཚོར་མཐོང་ཆུང་གཏན་ནས་བྱ་མི་རུང་། ངོ་ལོག་ཁྱིམ་ཚང་དེ་བས་ཀྱང་འབོད་མི་རུང་། ཁོང་ཚོར་མ་ཉེས་ཁ་གཡོག་ཕོག་པ་དང་། གྱོད་གཞི་ནོར་བ། གྱོད་གཞི་རྫུན་བཟོ་བྱས་པ་བཅས་ལ་ནོར་བཅོས་བྱ་དགོས། རིག་གནས་གསར་བརྗེ་ཚུན་རྒྱུ་དངོས་གཞུང་བཞེས་ནོར་བ་ཐེབས་པ་རྣམས་ཕྱིར་སྤྲོད་བྱ་དགོས། འཚོ་བ་དཀའ་ངལ་ཡོད་པ་རྣམས་དབུལ་སྐྱོབ་བྱ་དགོས།

(གསུམ་པ།) མཐོ་རིམ་མི་རིགས་ཆོས་ལུགས་ལས་དོན་ཐད་ལས་ཀ་ཡག་པོ་བྱ་དགོས། ཞིང་ཆེན་དང་ས་ཁུལ་ཁག་སོ་སོས་དངོས་ཐོག་བདེན་འཚོལ་གྱི་སྙིང་དོན་གཞིར་བཟུང་སྟེ། མཐོ་རིམ་མི་རིགས་ཆོས་ལུགས་གནད་དོན་ཐད་གཙང་སེལ་བྱ་དགོས། མི་དམངས་ཁྲོད་དུ་ཤུགས་རྐྱེན་ཡོད་པའི་མཐོ་རིམ་མི་སྣར་འོས་འཚམ་སྒོ་ནས་བཀོད་སྒྲིག་བྱ་དགོས། འཚོ་བ་དཀའ་ངལ་ཡོད་པ་རྣམས་ལ་འོས་འཚམ་སྒོ་ནས་རོགས་པ་བྱ་དགོས། གནོད་སྐྱོན་ཐེབས་མཁན་ཞིག་ཡིན་ཚེ་ཞོད་འཇགས་དང་དཀར་འདོན་བྱ་དགོས་པར་བསམ་འཆར་འདོན་བཞིན་ཡོད། ( ཉེ་ཆར་བོད་རང་སྐྱོང་ལྗོངས་སུ་གཙོ་བདག་བཙོན་པ་ཚང་མ་གློད་བཀྲོལ་བཏང་བས། རྒྱལ་ཕྱི་ནང་ཀུན་ཏུ་གྲག་འགུལ་ཐེབས་ཡོད། རེ་བ་ལ་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་བཅས་ནས་འདི་ལྟར་བྱས་ཏེ། ཆབ་སྲིད་ཤུགས་རྐྱེན་རྒྱ་བསྐྱེད་དགོས། པཎ་ཆེན་སྐོར་གྱི་ལས་དོན་ཡག་པོ་བྱ་དགོས། དེས་ནུས་པ་རྩེ་མོར་ཐོན་པ་ཡོང་རྒྱུ་མ་ཟད། ཏཱ་ལ་དང་ཏཱ་ལའི་རུ་ཚོགས་ལའང་ནུས་པ་ཐོན་རྒྱུར་བརྩོན་ལེན་བྱ་དགོས། སྐབས་རྗེས་མ་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་སྐབས་སུ། པཎ་ཆེན་རྒྱལ་ཡོངས་སྲིད་གྲོས་གཙོ་འཛིན་དུ་བསྐོ་བཞག་བྱ་དགོས་པར་བསམ་འཆར་འདོན་གི་ཡོད།

(ལྔ་པ།) ཕྱི་ཕྱོགས་དྲིལ་བསྒྲགས་གནད་དོན་སྐོར། 

ཚགས་པར། རླུང་འཕྲིན་སོགས་ནས་ཕྱི་ལོགས་སུ་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་བརྒྱག་དགོས། དྲིལ་བསྒྲགས་བྱེད་པའི་ནང་དོན་ནི། ༡) ང་ཚོའི་མི་རིགས་འདྲ་མིན་གྱི་མཐུན་སྒྲིལ་ཆེན་མོ་དང་མིག་སྔའི་རྒྱལ་ནང་གི་དུས་བབ་བཟང་པོ།༢)བོད་ལྗོངས་ཀྱི་འཛུགས་སྐྲུན་གྲུབ་འབྲས། ཤུགས་ཆེའི་འགྱུར་བ་དང་སྲིད་ཇུས་དོན་འཁྱོལ་རྣམ་པ།༣) ཏང་གིས་ཏཱ་ལའི་བླ་མ་དང་ཕྱི་རྒྱལ་བྲོས་བྱོལ་བོད་མིའི་སྲིད་ཇུས། དྲིལ་བསྒྲགས་དངོས་ཐོག་བདེན་འཚོལ་ཡིན་དགོས་ལ། ཁ་གཏད་རང་བཞིན་ཡོད་དགོས། ཐབས་ཇུས་སྤྱད་དགོས། ཚད་གཞི་ཚོད་ཐིག་དགོས། བོད་རིགས་ནང་གི་སྐད་གྲགས་ཡོད་པའི་མི་སྣ་རྩ་འཛུགས་གང་མང་བྱས་ཏེ་རྩོམ་ཡིག་སྤེལ་རྒྱུ་དང་། གཏམ་བཤད་བྱར་འཇུག་དགོས། ལས་དོན་འདི་ཀྲུང་དབྱང་དྲིལ་བསྒྲགས་ལས་ཁུངས་དང་ཤིན་ཧྭ་ལས་ཁུངས་ནས་འོས་འཚམ་སྒོས་བཀོད་སྒྲིག་བྱ་དགོས།

( དྲུག་པ། ) འགོ་ཁྲིད་རྩ་འཛུགས་གནད་དོན་སྐོར། 

བོད་མི་རྒྱལ་ནང་དུ་ལོག་ཐབས་བྱ་རྒྱུའི་གནད་དོན་ཐད་ལ། ལས་ཁུངས་དང་ས་ཁུལ་ཁ་ཤས་ལ་འབྲེལ་བ་ཆགས་ཡོད། ཀྲུང་དབྱང་གི་ལས་ཁུངས་ཁག་སོ་སོ་དང་ས་ཁུལ་ཁག་སོ་སོའི་རྩ་འཛུགས་འགོ་ཁྲིད་ཚང་མས་ལས་དོན་འདིར་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་ནང་ཁོངས་སུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་དམངས་ལྷན། དེ་བཞིན་དུ་ཕྱི་འབྲེལ་ལས་ཁུངས་ཀྱིས་གཙོ་འཛིན་བྱས་ཐོག སྤྱི་བདེ་ལས་ཁུངས་དང་། ཀྲུང་དབྱང་ཞིབ་འཇུག་ལས་ཁུངས། ཀྲུང་དབྱང་དྲིལ་བསྒྲགས་ལས་ཁུངས། ཕྱི་སྡོད་རང་མིའི་ལས་ཁུངས། སྤྱི་ཁྱབ་ཆབ་སྲིད་འབྲེལ་མཐུད་ལས་ཁུངས། སྤྱི་ཁྲབ་དྲག་ཇུས་ལས་ཁུངས་གཉིས་པ་སོགས་མཉམ་ཞུགས་གནང་བ་མ་ཟད། རྟག་ཏུ་ཞིབ་འཇུག་དང་ལས་འགན་མཉམ་འཁུར་བྱས་ཡོད། ཞིང་ཆེན་དང་ས་ཁུལ་ཏང་ཨུད་ཁག་སོ་སོ་ནས་ལས་དོན་འདིར་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་དགོས། གནས་སྟངས་བབ་མཐུན་བྱུང་ན་ཆེད་དོན་ལས་ཁུངས་སམ་ལས་ཁུངས་གང་རུང་ཞིག་གིས་འདི་སྐོར་ཞིབ་ཕྲའི་ལས་དོན་འགན་འཁུར་རྒྱུ། འཆར་ལོའི་འོས་འཚམ་དུས་ཚོད་ཅིག་ཏུ་བོད་ལྗོངས་གཙོ་བོར་བཟུང་སྟེ། འབྲེལ་ཡོད་ཞིང་ལྗོངས་ས་ཁུལ་ཁག་ཚོགས་འདུ་བསྐངས་ནས་ཆེད་དུ་གནད་དོན་འདི་སྐོར་ཐག་གཅོད་བྱ་ཆེད་ཞིབ་འཇུག་བྱ་དགོས། དེས་སྲིད་ཇུས་གཅིག་གྱུར་དང་། ཉམས་མྱོང་སྤེལ་རེས་སོགས་བྱས་ཏེ་ལས་དོན་འདི་ཡག་པོ་བསྒྲུབ་དགོས།

 

མ་རྩོམ་དྲ་ཐག https://blog.boxun.com/hero/201210/xsj19/1_1.shtml?fbclid=IwAR3Dh-_u3Ok-IFi3u_21hCMv7MH2F1YhMyo8JYnt2VO0ZTtzEvmmXvsxhOg

སྒྱུར་བ་པོའི་སྐད་ཆ།

སྤྱིར་བཏང་བྱས་ན། རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་སྐོར་ཡིག་ཆ་འདི་ནི་རྙིང་པ་ཞིག་རེད་མོད། ད་ཕན་པར་གཞི་འདི་རྒྱ་མིའི་ཡི་གེ་ལས་མེད་སྟབས་བཙན་བྱོལ་བོད་མི་མང་ཆེ་བས་ཀློག་ཐུབ་ཀྱི་མེད། དེས་ན། དགྲ་ཕྱོགས་ནས་ང་ཚོ་ཕམ་ཉེས་གཏོང་ཐབས་སུ་ཇུས་ངན་ཅི་ཞིག་བཤམས་ཡོད་པ་དང་། བྱེད་སྟངས་ལས་སྟངས་ག་འདྲ་ཞིག་རེད་ཚང་མས་ཤེས་ན་བསམ་ནས་བོད་འགྱུར་བྱས་པ་ཡིན་ལ། བོད་པ་མང་པོ་ཞིག་ལ་བོད་རྒྱའི་གནད་དོན་སྐོར་དོ་སྣང་དང་རྒྱུས་ལོན་ཅི་ཆེ་བྱ་རྒྱུའི་འདོད་འདུན་ཡོད་པས། ཡིག་ཆ་འདི་བོད་ཡིག་ཏུ་བསྒྱུར་བས་དེ་དག་ལའང་དཔྱད་གཞི་ཚུན་དུ་ཕན་ངེས་པས་ཡིན།

རྣམ་པ་གཞན་ཞིག་ནི། བཙན་བྱོལ་བོད་མིའི་ཁྲོད་དུ་ལ་ལ་ཞིག་གིས་རྡ་རམ་ས་ལས་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་བས་བོད་ཕྱི་ནང་འགྲོ་འོང་ཅུང་ཟད་བྱུང་ཡོད་ཟེར། དེ་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ཟེར། ཁ་ཅིག་གིས་རྒྱལ་ལོ་དོན་འགྲུབ་ནས༡༩༧༩.༣.༡༢ ཉིན་རྒྱ་རྒན་ཏེང་ཐུག་པས་བྱས་རྗེས་བཞག་ཡོད་མདོག་མདོག་བྱེད་པ་བཅས་ནི་དྲང་བདེན་མིན་པ་མ་ཟད། སྡུག་ས་ནས་བཤད་ན་ངོ་ཚ་མ་ཤེས་པའི་བསམ་བློ་དང་སྐད་ཅ་ལས་མེད།

ཅིའི་ཕྱིར་དུ་ཞེ་ན། དོན་བརྒྱད་ལོར་བོད་ཕྱི་ནང་གི་འགྲོ་འོང་སྒོ་མོ་ཅུང་ཟད་ཕྱེས་པ་འདི་ནི། དགྲ་ཕྱོགས་ནས་དུས་ཡུན་རིང་པོར་གལ་གནད་ཆེ་བའི་ལས་ཁུངས་ཅི་འདྲའི་མང་པོ་དག་ལན་གྲངས་དུ་མ་འཚོགས་ཏེ་ཐག་གཅོད་བྱས་པའི་ཆབ་སྲིད་གཡོ་ཇུས་ཤིག་རེད། གཞན་ལྟ་ཅི། གཅིག་དགུ་བདུན་ཅུའི་ནང་པཎ་ཆེན་རིན་པོ་ཆེ་གཙོ་བྱས་པའི་བོད་ཀྱི་ཆབ་སྲིད་པ་གཙོ་གྲས་མང་པོ་གློད་གྲོལ་བཏང་དོན་ཡང་གཡོ་ནག་ཞིག་བསྒོམས་ཡོད་པ་ད་གཟོད་གཞི་ནས་ཤེས་རྒྱུ་ཡོད།

འདི་སྐོར་ཡིག་ཆ་རང་གི་སྐད་ཆ་ཁ་ཤས་ཟུར་འདོན་བྱས་ན། མིག་སྔའི་རྒྱལ་ཕྱི་ནང་གི་གནས་སྟངས་དང་འཐབ་རྩོད་ཀྱི་དགོས་མཁོ་ལ་གཞིགས་ཡོང་དུས། ཏཱ་ལའི་རུ་ཚོགས་མེས་རྒྱལ་དུ་ཕྱིར་ལོག་བྱ་ཐབས་འབད་བརྩོན་བྱ་དགོས། དེ་ནི་ང་ཚོར་ཁེ་ཕན་ཡོད་པ་རེད་ལ། འགྲུབ་སྲིད་པ་ཞིག་ཀྱང་རེད།

ང་ཚོས་ལས་ཀའི་གཙོ་གནད་འཛིན་དགོས་ས་ནི། ཏཱ་ལ་དང་རུ་ཚོགས་ཀྱི་མཐོ་རིམ་མི་སྣ། དེ་བཞིན་དྲག་སྤྲས་ངོ་ལོག་ཟིང་འཁྲུག་པ་ཁ་འཐོར་གཏོང་རྒྱུ་དེ་རེད་ལ། ཁོ་ཚོ་མང་ཆེ་བའམ་ཚང་མ་མེས་རྒྱལ་དུ་ལོག་ཐུབ་པ་བཟོ་རྒྱུ་དེ་རེད།

ཉེ་ཆར་བོད་རང་སྐྱོང་ལྗོངས་སུ་བཙོན་པ་གཙོ་བདག་ཚང་མ་གློད་བཀྲོལ་བཏང་བས། རྒྱལ་ཕྱི་ནང་ཀུན་ཏུ་གྲག་འགུལ་ཐེབས་ཡོད། རེ་བ་ལ་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་བཅས་ནས་འདི་ལྟར་དུ་བྱས་ཏེ། ཆབ་སྲིད་ཤུགས་རྐྱེན་རྒྱ་བསྐྱེད་དགོས་ཟེར་བ་སོགས་ནི་གོ་དོན་གཙོ་བོའི་གྲས་རེད།

དེ་མིན། ཐེ་ཝན ༡༩༨༧ ལོར་རྒྱ་ནག་དང་འགྲོ་འོང་སྒོ་མོ་ཕྱེས་པ་རེད། འོ་ནའང་ཐེ་ཝན་ལ་དབུ་མའི་ལམ་ཟེར་བ་ཞིག་མེད་པ་མ་ཟད། དབུ་ལམ་ཕྱོགས་མཚུངས་པའི་སྲིད་ཇུས་ཤིག་འཛིན་གྱི་མེད་པའི་སྒང་ལ་མུ་མཐུད་སོ་སོའི་བདག་དབང་དང་རང་དབང་དམངས་གཙོ་རྒྱུན་འཛིན་བྱེད་པར་ནུས་པ་འདོན་མུས་རེད། འོ་ན་ཅིའི་ཕྱིར་དུ་ཞེ་ན། དེ་ནི་རྒྱ་ནག་གིས་ཐེ་ཝན་ལ་རྣམ་པ་ཅི་རིགས་སྒོ་ནས་སིམ་འཛུལ་བྱ་འདོད་པ་དང་འཇམ་པོའི་སྟོབས་ཤུགས་བསྐྱེད་པའི་ཆེད་དུ་རེད། དེ་ལྟ་བས་ན། ཕྱོགས་སོ་སོ་ནས་འགྲོ་འོང་སྒོ་མོ་ཟུར་ཙམ་ཕྱེ་བ་དེ་ནི་རྒྱ་ནག་ཁོ་རང་གི་ཆབ་སྲིད་ཁེ་ཕན་ཁོ་ནར་གཞིགས་པ་ལས། ལ་ལ་ཞིག་གིས་ཤོད་ཀྱིན་པའི་གྲུབ་འབྲས་ཟེར་བ་དེ་མིན་པ་ཁ་ཚོན་གཅོད་ཕོད།

འབྲེལ་ཡོད་གསར་འགྱུར།

Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

སྐར་མ ༦ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

༢༠༢༥/༡༡/༠༤
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣

མཆན། 0

  1. ཟླ་བ says:
    ལོ་ 6 སྔོན།

    འདི་ཕྱི་ལོ་༡༩༧༨ལོའི་ཡིག་ཆ་རེད་འདུག་་་་་་་་རྒྱ་མིས་ལོ་༤༠སྔོན་གྱི་སྲིད་བྱུས་རེད།་་་་་་ད་ལྟ་མ་རེད་་་་་གསལ་བཤད་མ་བྱས་ན་འཁྲུག་སྲིད།

    Reply
  2. ལྷག་བསམ། says:
    ལོ་ 6 སྔོན།

    སྒྱུར་རྩོམ་འདིའི་དམིགས་ཡུལ་ཡག་པོ་མ་རེད། ཆེད་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་། དབུ་མའི་ལམ་སོགས་ལ་སྐྱོན་འཛུགས་བྱེད་པའི་ཆེད་དུ་བསྒྱུར་བ་ཞིག་རེད། མ་གཞི་རྩོམ་ཡིག་འདི་ལོ་རབས་བརྒྱད་ཅུའི་ནང་གི་རེད།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 6 སྔོན།

    སྒྱུར་བ་པོས། “རྣམ་པ་གཞན་ཞིག་ནི། བཙན་བྱོལ་བོད་མིའི་ཁྲོད་དུ་ལ་ལ་ཞིག་གིས་རྡ་རམ་ས་ལས་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་བས་བོད་ཕྱི་ནང་འགྲོ་འོང་ཅུང་ཟད་བྱུང་ཡོད་ཟེར། དེ་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ཟེར། ཁ་ཅིག་གིས་རྒྱལ་ལོ་དོན་འགྲུབ་ནས༡༩༧༩.༣.༡༢ ཉིན་རྒྱ་རྒན་ཏེང་ཐུག་པས་བྱས་རྗེས་བཞག་ཡོད་མདོག་མདོག་བྱེད་པ་བཅས་ནི་དྲང་བདེན་མིན་པ་མ་ཟད། སྡུག་ས་ནས་བཤད་ན་ངོ་ཚ་མ་ཤེས་པའི་བསམ་བློ་དང་སྐད་ཅ་ལས་མེད།” ཅེས་གསུངས་པ་དོན་ལ་གནས། གང་གི་ཞེ་ན། སྔར་ནས་ད་བར་ང་ཚོ་བོད་བཙན་བྱོལ་ནང་བྱས་ཅན་ཚང་མ་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་སྐུ་མཆེད་ལྷ་སྲས་རྒྱ་ལོ། མ་འཇོན་མཁན་ཚང་མ་སྔར་གྱི་སྐུ་དྲག་དང་མཐོ་རིམ་མི་སྣ་ཞེས་དོན་མེད་ཉེས་འཛུགས་ཞེ་གཅིག་ཕྱོགས་ཀུན་ཏུ་བཀྲམ་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཞིག་ཡིན་པ་དང་། མ་ཟད་དེའི་ནང་དུ་གུང་ཁྲན་གྱི་ལག་པའང་ཡོད་པར་ཤེས་དགོས། ད་དུང་བཙན་བྱོལ་གྱི་ཆབ་སྲིད་དེ་དམངས་གཙོ་ལམ་དུ་བསྒྱུར་ཟིན་པའི་གསལ་བསྒྲགས་འཛམ་གླིང་ཀུན་ཏུ་སྟོང་སྒྲོག་བྱས་དང་བྱེད་བཞིན་པ་ཡིན་ནའང་། ནང་ཁུལ་ཚིག་མཐོ་དམན་རེ་ཟུང་དང་། རྒྱལ་ཁབ་སླར་གསོའི་སྐད་འབོད་རེ་ཟུང་ལ་སྙིང་ནས་མ་བཟོད་པར་སྤྱི་སྒེར་རེ་ཟུང་ལ་བཀའ་བཀྱོན་དང་ཟུར་ཟ་གནང་དང་གནང་བཞིན་པ་འདིའི་ད་དུང་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་ཀྲུང་དབྱང་གི་སྨུ་འཁེབ་ནང་མི་ལོ་རེ་ཤས་སྡོད་འདོད་ཡོད་པ་གོར་མ་ཆགས། གོང་གི་རྒྱུ་མཚན་དེ་དག་ལ་མྱང་ཞིབ་ཡག་པོ་གནང་སྟེ་མ་འོངས་མདུན་བསྐྱོད་དེ་དམིགས་ཡུལ་ངེས་ཅན་ཡོད་པ་ཞིག་གི་སྟེང་དུ་གོམས་བསྐྱོད་གནང་རྒྱུའི་རེ་བ་ཙམ་ཞུ་བཞིན་ཡོད།།

    Reply
  4. བློ་བཟང་བསྟན་འཛིན། says:
    ལོ་ 6 སྔོན།

    དེང་སྐབས་བོད་ཀྱི་དུས་བབ་ཚར་འདུག གསར་འགྱུར་གྱི་ཁུངས་དང་རྩོམ་པ་པོ་སོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཡག་པོ་ཤེས་དགོས། སད་མི་ཟེར་བ་དེ་དོལ་རྒྱལ་བ་རེད། དེང་སྐབས་ནིའུ་ཡོག་ཏུ་ཡོད་རེད།
    རྩོམ་སྒྲིག་པ་པདྨ་མཚོ་ཟེར་བ་དེར་སློབ་སྦྱོང་དང་གསར་འགྱུར་གྱི་གནས་ཚད་གང་ཡང་མེད་པའི་མ་ཚད། མངོན་ལྐོག་གཉིས་སུ་བྱ་རྒྱུ་བྱེད་རྒྱུ་མང་པོ་ཡོད་རབས་འདུག ཁམས་རིགས་མང་པོར་ཚུལ་མིན་གྱི་ལྐོག་འབྲེལ་ཡོད་པའི་མ་ཚད། སྔོན་ཆད་ཡོ་རོབ་གནའ་རྫས་ཚོགས་པ་ཟེར་བ་དེར་ངན་འབྲེལ་བྱས་ཏེ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལ་ཉེས་འཛུགས་བྱེད་ཐབས་བྱས་པ་རེད་ཟེར། དེ་རྗེས་ལ་དུས་བབ་ཚང་གི་གསར་འགོད་པ་དང་ལས་བྱེད་གསར་པ་ཚོར་ལྐོག་ནས་ངན་སྐུལ་བྱས་ཏེ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལ་ངོ་རྒོལ་སྣ་ཚོགས་བྱས་པའི་སྐོར་རྡ་རམ་ས་ལའི་མདོ་སྨད་རྒྱུན་ལས་ཚོའི་ནང་ཁུལ་ན་ཤོད་བཞིན་འདུག ངོས་ནས་ཐབས་སྐྱོ་བོ་རེད།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    སྐྱར་བཤད་ཡང་བཤད་རྣ་བར་ཟན།
    གཡོ་ཇུས་རྫུན་གཏམ་རྣ་བར་ཟན།
    བསླུ་འཁྲིད་ཆབ་སྲིད་རྣ་བར་ཟན།
    མི་ལོ་དྲུག་བཅུའི་ཉམས་མྱོང་འོག།
    དགྲ་བོའི་གཡོ་ཇུས་བརྗེད་མི་ཉན།
    བོད་ཀྱི་རང་བཙན་སྐྱ་རེངས་ཤར།
    ཀི་ཀི་སཱོ་སཱོ་ལྷ་རྒྱལ་ལོ་་་བོད་རྒྱལ་ལོ།

    Reply
  6. འཇམ་དབྱངས། says:
    ལོ་ 6 སྔོན།

    ད་ལྟའི་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་ཡིད་ཆེས་བྱེད་དཀའ་བ་རེད།

    Reply
  7. ཨ་འབར་་་འཇིགས་དབང། says:
    ལོ་ 6 སྔོན།

    རྙིང་པ་རྙིང་རྐྱང་རུལ་པ་རེད། རྙིང་རུལ་བཤད་ནས་དྲུག་བཅུ་སོང།
    ནམ་ཡང་ཡིད་ཆེ་བྱེད་མཁན་དཀའ། རྫུན་གྱོ་མཐའ་མ་ལྕགས་རྡོལ་རེད།

    Reply
  8. ཁ་བའི་ཕོ་ཉ། says:
    ལོ་ 6 སྔོན།

    གང་ལྟར་ཡང་སྐབས་འཚོལ་རིང་ཕུགས་འདུན་ཇི་ཡོད་རུང་།
    འུད་ཅག་ཚོ་ལ་གོ་སྐབས་ཤིག་ཀྱང་རེད་སྙམ།

    Reply
  9. བསོད་ནམས་བཀྲ་ཤིས། says:
    ལོ་ 6 སྔོན།

    ཉེ་བའི་ཆར་གྱི་གནས་སྟངས་ལ་གཞིགས་ན་ཕྱི་སྡོད་བོད་མི་ཕྱིར་ལོག་བྱེད་རྒྱུའི་གནས་སྟངས་གང་འདྲ་ཡིན་མིན་ཧ་གོ་ཡི་ཨེ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese