རྒྱ་གར་རྒྱལ་ཡོངས་ནང་འགྲོ་སྐྱོད་དང་ལས་གཉེར་རིགས་བཀག་སྡོམ་བྱས་རྐྱེན་ལས་མེད་ཉམ་ཐག་མང་པོར་དཀའ་ངལ་འཕྲད་ཀྱི་ཡོད་པས་ས་གནས་བོད་མི་ཚོས་བཟའ་ཆས་དང་དངུལ་སོགས་ཀྱིས་རོགས་རམ་བྱེད་བཞིན་འདུགརྒྱ་གར་བྱར་ཤར་མེ་གྷ་ལ་ཡ་ (Meghalaya) མངའ་སྡེ་ཁུལ་གྱི་བོད་མི་ཚོས་ཤེས་ལོངས་བོད་མིའི་ས་གནས་མགོ་འཛིན་ལས་ཁུངས་བརྒྱུད། ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་དཀའ་ངལ་ཅན་གྱི་ཡུལ་མི་ཉམ་ཐག་ཚོར་སྨན་དང་བཟའ་ཆས་སོགས་ཀྱི་རོགས་སྐྱོར་ཆེད། ཉིན་གཉིས་ཀྱི་གོང་ཏེ་ཕྱི་ཚེས་ ༣༡ ཉིན་ཧིན་སྒོར་ཁྲི་ ༣ མངའ་སྡེའི་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩར་ཞལ་འདེབས་སུ་ཕུལ་ཡོད་འདུག་ལ། དེ་བཞིན་མངའ་སྡེ་གཞན་གྱི་བོད་མི་སྒེར་བ་ཚོས་ཀྱང་ཡུལ་མི་ཉམ་ཐག་ལ་སྡོད་གནས་དང་བཟའ་ཆས་སོགས་ཀྱི་རོགས་རམ་བྱེད་ཀྱི་ཡོད་འདུག
འདི་ག་དུས་བབ་ཀྱི་གསར་འགོད་པས་ཞལ་པར་བརྒྱུད་ཤེས་ལོངས་བོད་མིའི་ས་གནས་མགོ་འཛིན་པདྨ་དོན་འགྲུབ་ལགས་ལ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། རྩ་བའི་ཚང་མས་མཁྱེན་གསལ་རེད། རྒྱ་ནག་ནས་ཁྱབ་བརྡལ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་དེ་དང་འབྲེལ་ནས་དབུས་གཞུང་དང་ས་གནས་གཞུང་གཉིས་ཀྱིས་གདོང་ལེན་གནང་མུས་རེད་ལ། ང་ཚོ་ཤེས་ལོངས་མངའ་སྡེ་ཡིན་ནའང་མངའ་སྡེའི་བློན་ཆེན་མཆོག་གི་གཙོས་འབྲེལ་ཡོད་ཚང་མས་དེའི་ཐོག་ལ་གདོང་ལེན་དང་སྐུ་ལས་བསྐྱོན་གནང་གི་འདུག དེ་བས་ང་ཚོ་ཤེས་ལོངས་སེར་སྐྱ་མི་མང་ཡོངས་ས་གནས་འདིར་ཡུན་རིང་པོ་ཞིག་ལ་གནས་ཡོད་པར་བརྟེན། སོ་སོའི་ཚོར་བ་དང་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་མི་མང་གི་རང་དོན་རང་གཅེས་ཀྱིས་བློ་སྐྱེད་ཞལ་འདེབས་ལྟ་བུ་ཞིག་བློན་ཆེན་ཀྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་ཁྲི་ ༣ གནང་ཐུབ་པ་བྱུང་སོང་། གཙོ་བོ་མི་མང་རང་གིས་འགན་འཁུར་བ་རེད་ལ། ང་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱིས་གོ་བསྡུར་བྱས་ཏེ་མི་མང་ལ་ཞེན་སྐུལ་ཞུས་པ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་གིས། མངའ་སྡེའི་ནང་སྐྱབས་མེད་མགོན་མེད་ལྟ་བུའི་མི་མང་མང་པོ་ཡོད་པ་དང་། ཁ་ཤས་ཉིན་རེའི་ལས་ཀའི་གླ་ཆ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཡོད་པ་དང་ད་ལྟ་ལས་མེད་ཆགས་ཡོད་པས་ཁོང་ཚོ་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཀྱི་ཡོད་པ་རེད། གཙོ་བོ་ཁོང་ཚོར་དམིགས་ནས་སྨན་དང་བཟའ་ཆས་སོགས་ཀྱི་མཐུན་རྐྱེན་སྦྱོར་བར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཀྱི་ཞལ་འདེབས་དེ་ཕུལ་བ་རེད། ཅེས་བརྗོད་བྱུང་།དེ་ཡང་བཞུགས་སྒར་དྷ་སའི་ཉེ་འཁོར་བོད་མི་གང་འཚམ་འདུས་སྡོད་བྱེད་སའི་གྷམ་རུ་གྲོང་གསེབ་གྱི་བོད་མི་ནོར་བུ་ཁང་སར་ཚང་ནས་ཀྱང་ཉེ་འཁོར་ཀྱི་ཉིན་གླ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་པའི་ཡུལ་མི་ངལ་རྩོལ་བ་མང་པོ་ཞིག་ལ་ཉིན་རེའི་བཟའ་ཆས་སྦྱིན་པ་གཏོང་གི་འདུག་ལ། ཁོང་གིས་འདི་གའི་གསར་འགོད་པར། བཟའ་ཆས་སྦྱིན་གཏོང་ལ་རྒྱུ་མཚན་གཉིས་ཡོད་ལ། དང་པོ་ནི་རྒྱལ་ཡོངས་སུ་བཀག་སྡོམ་བྱས་རྗེས་གྷམ་རུའི་ཚོང་ཁང་ཞིག་གི་ནང་བོིད་མི་ཞིག་གིས་གནས་སྐབས་སུ་དངུལ་མེད་སྟབས་རང་ཉིད་ཀྱི་དཔྱ་ཁྲལ་ལག་དེབ་སྦྱིན་བདག་ལ་གཏའ་མར་བཞག་ཏེ་བཟའ་ཆས་ཉོ་ཡི་ཡོད་པ་གྲོགས་པོ་ཞིག་གིས་མཐོང་བ་བཤད་རྗེས་སེམས་པ་སྐྱོ་བོ་བྱུང་བ་དང་། ཕྱིས་སུ་རང་ཉིད་ཚོང་ཁང་དེའི་ནང་འགྲོ་སྐབས་རྒྱ་གར་ཡུལ་མི་རྒན་མོ་ཞིག་གིས་མེ་ཏོག་པད་ཚལ་ཆུང་ཆུང་གཅིག་ཉོས་ནས་འགྲོ་བཞིན་པ་ལམ་ཁ་ནས་མཐོང་བས་སེམས་པ་ལྷག་ཏུ་སྐྱོ་ནས་རང་ཉིད་ཀྱི་ངོ་དེབ་ཐོག་རོགས་རམ་དགོས་མཁན་ཚོས་འབྲེལ་གཏུག་ཡོང་བའི་རེ་སྐུལ་བྱས་ཡོད་པ་དང་། ཉེ་འཁོར་གྱི་གྲོང་གསེབ་དུ་ཕྱིན་ནས་ངལ་རྩོལ་བ་གྲངས་ ༡༠༠ ཙམ་ལ་བཟའ་ཆས་དགོས་པའི་ཐོ་འབྱོར་སོང་བས། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཟ་སྣུམ་དང་ཙོང་། གྲོ་ཕྱེ་དང་ཞོག་ཁོག་སོགས་ཁྱིམ་ཚང་ ༡༡༥ ལ་འདང་བ་ཞིག་གྲ་སྒྲིག་བྱས་ཡོད་ནའང་། སྐབས་ཐོག་ཏུ་མི་གྲངས་ ༢༠༠ ལྷག་བྱུང་བས་ཚང་མར་འདང་ངེས་ཀྱི་བཟའ་ཆས་སྦྱིན་ཡོད། དེ་བཞིན་དེ་རིང་ཡང་ཡུལ་མི་ངལ་རྩོལ་བའི་ཁྱིམ་ཚང་ ༡༥ ལྷག་གི་རེ་བ་ལྟར་བཟའ་ཆས་སྦྱིན་ཡོད་ལ། ཁོང་གིས་མུ་མཐུད་གང་ཐུབ་ཀྱི་རོགས་པ་བྱ་རྒྱུ་ཡིན་པ་དང་། བོད་མི་ཞལ་འདེབས་གནང་གི་ཡིན་ཟེར་མཁན་འགའ་བྱུང་ཡོད་ནའང་ད་ལྟ་བར་དུ་བླངས་མེད་སྐོར་བརྗོད་བྱུང་།
ཛ་དྲག་གི་དུས་སྐབས་འདིར་བོད་མིའི་དགོན་སྡེ་གྲྭ་ཚང་དང་མི་སྒེར་བ་མང་པོ་ཞིག་གིས་རྒྱལ་གར་གྱི་ཡུལ་མི་ཚོར་སྡོད་གནས་དང་ཟས་རིགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་སྤྱི་ཚོགས་དྲ་ཐོག་ནས་མཐོང་རྒྱུ་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་ནང་ཡོད་པའི་ཧི་མ་ལ་ཡ་མགྲོན་ཁང་གི་སྦྱིན་བདག་བཀྲ་ཤིས་དབང་འདུས་ལགས་ནས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་རྒྱ་གར་རྒྱལ་ཡོངས་སུ་འགྲོ་སྐྱོད་བཀག་སྡོམ་བྱས་པ་ནས་བཟུང་། ས་གནས་སུ་གནས་སྐབས་རིང་སྡོད་གནས་མེད་མཁན་ལ་རིན་མེད་ཞབས་ཞུ་སྒྲུབ་བཞིན་པའི་ཐད་ལ་འདི་ག་གསར་འགོད་པས་སྐད་ཆ་དྲིས་པར་ཁོང་གིས།འགྲིམ་འགྲུལ་ཚང་མ་མཚམས་བཞག་སྟབས་མི་མང་པོ་ཞིག་བྷང་ལོར་གྱི་ས་ཁུལ་འདྲ་མིན་ནང་ལྷག་སྟེ་ཚུར་ཡོང་ཐུབ་ཀྱི་མི་འདུག་ལབ་ཀྱི་འདུག དེ་བས་སྒེར་གྱི་རླངས་འཁོར་བཏང་ནས་ལེན་དུ་སོང་བ་དང་། ད་ལྟའི་ཆར་མགྲོན་ཁང་དུ་སློབ་ཕྲུག་དང་ནད་ཡམས་ཀྱིས་རྐྱེན་བྱས་ཏེ་ལས་ཀ་ཤོར་བ་སོགས་མི་གྲངས་ ༡༥ ཙམ་ཡོད། དེའི་ཁྲོད་བོད་མི་ ༡༣ དང་རྒྱ་གར་བ་གཅིག དེ་བཞིན་ཧིན་རྡུ་ནི་ཤི་ཡའི་བོད་ཡིག་སྦྱོིང་མཁན་གྱི་ནང་པ་མི་གཅིག་བཅས་ཡོད། ཅེས་བརྗོད་བྱུང་།ཡང་རྒྱ་གར་ཡུལ་མི་ཉམ་ཐག་རྣམས་ལ་ཟས་སྦྱིན་གནང་གི་ཡོད་པའི་སྐོར་ལ་ཁོང་གིས། རྒྱལ་ཡོངས་སུ་བཀག་སྡོམ་བྱས་ནས་ཉིན་གཅིག་གཉིས་ཀྱི་རྗེས་སུ་འཚོ་བ་ཉིན་གླ་ལ་བརྟེན་མཁན་ཀྱི་གད་སྙིགས་སྒྲུག་མཁན་དང་འཛུགས་སྐྲུན་ངལ་རྩོལ་བ་སོགས་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་གསར་འགྱུར་དང་སྤྱི་ཚོགས་དྲ་ལམ་ནས་གོ་རྒྱུ་འདུག་པས་ཟ་མ་སྤྲོད་རྒྱུའི་ལས་གཞི་ཞིག་མགོ་བཙུགས་པ་ཡིན། དེའི་ཆེད་དུ་ལས་ཀ་བྱེད་མཁན་མགྲོན་ཁང་གི་ལས་བྱེད་ཚོ་ཡོད་པ་རེད། ཁོང་ཚོས་ཟ་མ་བཟོས་ནས་འགྱིག་ཤོག་ནང་བཅུག་སྟེ་སྐྱེལ་དུ་འགྲོ་ཡི་ཡོད་པ་རེད། ཟ་མ་ཉིན་རེར་མི་གྲངས་བརྒྱ་ཙམ་ལ་སྤྲོད་ཀྱི་ཡོད་པ་རེད། དེའི་ཁྲོད་ཀྱི་མི་གྲངས་ ༢༠ ཙམ་ནི་དངོས་ཟོག་ཡར་མར་སྐྱེལ་འདྲེན་བྱེད་མཁན་དེ་འདྲ་རེད། དབྱིན་སྐད་དུ་ཁོང་ཚོར་ Delivery Man ཟེར་ཀྱི་འདུག ཁོང་ཚོས་ནམ་རྒྱུན་ཟ་ཁང་དུ་ཟ་མ་ཟ་བཞིན་ཡོད་པ་དང་། ད་ལྟ་ཟ་ཁང་ཚང་མ་སྒོ་བརྒྱབ་ཡོད་པས་ཁོང་ཚོར་ཟ་མ་མི་རག་པའི་དཀའ་ངལ་ཆེན་པོར་འཕྲད་བཞིན་པ་རེད། དེ་བཞིན་ཁ་རས་ཉོ་མི་ཐུབ་མཁན་མང་པོ་ཞིག་ལའང་ཁ་རས་བཀྲམས་པ་རེད། ཅེས་བརྗོད་བྱུང་ལ། ཁོང་གིས་བརྗོད་པ་ལྟར་ན། རླངས་འཁོར་ལ་ཡར་མར་འགྲོ་སྐྱོད་ཆོག་པའི་ཆོག་མཆན་ཞིག་སྐོར་སྲུང་བའི་ལག་ནས་རག་ཡོད་པས་ཛ་དྲག་ངང་བྷང་ལོར་ནས་མེ་སོར་དང་སྦེལ་ཀོབ་དུ་འགྲོ་དགོས་མཁན་དང་ཕྱིར་བྷང་ལོར་ལ་ཡོང་དགོས་མཁན་ཚོར་ཞབས་ཞུ་སྒྲུབ་བཞིན་ཡོད་ཀྱང་། བཀག་སྡོམ་ལ་བརྟེན་མུ་མཐུད་དུས་ཡུན་རིང་པོར་ཞབས་ཞུ་ཞུ་ཐུབ་རྒྱུ་ཁག་པོ་ཡིན་འདུག
གསར་འགོད་པ། ཀླུ་མགོན་ཐར།
ཁྱེད་རྣམས་པས་གཞན་ཕན་གྱི་སྦྱིན་གཏོང་དེ་ལྟར་གནང་བ་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།
? ཡག་པོ་རེད། ཐོ་ཆེ་གནང། ? ༄། །ཁྲེལ་མེད་རྣམས་ལ་ཕན་བཏགས་ཀྱང་། བྱ་བ་ཟིན་ན་བརྗེད་པར་འགྱུར། ཆུ་བོ་ཕ་རོལ་བརྒལ་བ་ན། གྲུ་གཟིངས་ལྟོད་པ་མེད་པར་འདོར།། ཨའུ་ཙི་རེད།།