མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས།

བོད་ཀྱི་དུས་བབ།
༢༠༢༠/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་བསྟན་འཛིན་རྣམ་དག

བཙན་བྱོལ་སྤྱི་ཚོགས་ནང་སྲིད་སྐྱོང་འོས་མི་གོ་འཕེར་རིགས་མང་དུ་བྱུང་ན་དེ་ནི་དགའ་འོས་པ་ཞིག་ཡིན། རང་དོན་ཁོག་བཅུག ཡང་ན་ཆོལ་ཞེན་སོགས་དང་མ་འབྲེལ་བའི་རྒྱུ་མཚན་ཡང་དག་པར་གཞི་བཅོལ་ཏེ་རྒྱབ་སྐྱོར་ཞུ་དགོས་པ་ནི་སྤྱི་དོན་ལ་ཕན་ཞིང་། བོད་དོན་བདེན་མཐའ་བསལ་བའི་མཐུན་རྐྱེན་ཡང་དག་པར་འགྱུར་བས། སྲིད་སྐྱོང་དུ་ལངས་འཆར་ཡོད་པ་ཚོའི་ཁྲོད་སྐུ་ངོ་བཀའ་ཟུར། ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཐུན་མོང་མིན་པ། གཞན་ལ་མེད་པའི་ཁྱད་ཆོས་འགའ་ཡོད་པར་མཐོང་བ་ཁྱོད་ལ་ཞུ་འདོད་པས། གཟིགས་དཔྱད་གནང་རོགས་ཞུ།

བརྗོད་དོན་གཙོ་བོ། ཉམས་མྱོང་ཕུན་སུམ་ཚོགས་པ། སྨྲ་བ་ཉུང་ལ་བཤད་པ་དག་ཐོན་པ། ཆོལ་གསུམ་ཆིག་སྒྲིལ་དང་གཞིས་བྱེས་མཉམ་རུབ་ཀྱི་དབུ་ཁྲིད་ཐུབ་པ། བསམ་བློ་གུ་ཡངས་ལ་ལྟ་བ་ཚང་མ་མཉམ་འཁྲིད་ཐུབ་པ། དབུ་མའི་ལམ་དང་འབྲེལ་མོལ་ལ་མཁས་པ། བོད་ཀྱི་རིག་གཞུང་གིས་བསྐྲུན་པའི་བོད་མིའི་ཞགས་རྩི་ཚད་ལོངས་པ་ཡོད་པ། གཞིས་ཆགས་དང་སློབ་གྲྭ་ཁག་ལ་ཐུགས་འཁུར་ཟབ་པ།

གཅིག ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་རེད།

ཉམས་མྱོང་ཕུན་སུམ་ཚོགས་པའི་དོན་ནི་ཉམས་མྱོང་བསགས་པའི་བརྒྱུད་རིམ་འཆལ་འཆོལ་མིན་པར། བར་དུ་མ་བཅད་པ། མཐར་ཕྱིན་པ། ཕུལ་དུ་བྱུང་བའི་གཞུང་ཞབས་ཤིག་གི་ཉམས་མྱོང་བསགས་པ་མ་ཟད། ཆབ་སྲིད་དང་སྤྱི་ཚོགས། གསང་བའི་གནས་ཚུལ། རྒྱ་གར་གཞུང་དང་། རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་དངོས་ཤུགས་བརྒྱུད་གསུམ་གྱི་འབྲེལ་ལམ། རང་གཞུང་བཀའ་ཤག་དང་སྐུ་ཚབ་དོན་གཅོད་བཅས་ཀྱི་ལས་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་ཤིང་། དམིགས་བསལ་ལྷ་སྲས་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་ལྷན་ ༡༩༩༡ ནས་ ༡༩༩༣ བར། ཆབ་སྲིད་མཁས་ཅན་བདེ་སྲུང་བཀའ་ཟུར་དྲུང་ཡིག་ལྷ་མོ་ཚེ་རིང་མཆོག་གི་ལྷན་ ༡༩༩༣ ནས་ ༡༩༩༦ བར་ཕྱག་ལས་གནང་བ། དེ་བཞིན་བདེ་སྲུང་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེའི་ལྷན་བཅས་ལོ་བཅུ་ཕྲག་གཉིས་ལྷག་ཕྱག་ལས་གནང་བ་བཅས་གང་ཅིར་ཉམས་མྱོང་ཕུན་སུམ་ཚོགས་པས། འོག་དྲུང་ཆེ་ནས་ལས་བྱེད་དཀྱུས་མའི་བར་སྐུ་ངོ་མཆོག་གི་མཁྱེན་དཔྱོད་དང་། འཛིན་སྐྱོང་རིགས་ལམ། ཕྱག་ལས་གནང་སྟངས་ཡོངས་ལ་ཡིད་ཆེས་བློ་གཏོད་ཞུ་ཞིང་། ལོ་མང་བཤིབས་པའི་ལས་བྱེད་ཚོས་སྐུ་ངོ་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་བརྩི་བཀུར་ཐོབ་སྟེ། ལས་དོན་ཐོག་ཕ་མ་བཞིན་གསོ་སྐྱོང་གནང་སོང་ཞེས་གསུངས་མཁན་ཧ་ཅང་མང་། དེ་བཞིན་ལས་རོགས་དང་གྲོགས་པོ་བཅས་ཀྱིས་ཀྱང་བཅོས་མིན་ཡིད་ཆེས་ཞུ་ཞིང་། བབ་བརླིང་བརྟན་གསུམ། མཁས་བཙུན་བཟང་གསུམ། ཉེ་རིང་ཕྱོགས་རིས་མེད་པར་ཉི་མ་གཅིག་ལྟར་འགྱུར་བ་མེད་པ་ཞིག་ཡིན་ཞེས་མགྲིན་གཅིག་གིས་གསུངས།

གཉིས། ཁ་ཉུང་ལ། བཤད་པ་དག་ཐོན་པ་ཞིག་རེད།

གཞུང་གི་དཔོན་རིགས་ཤིག་ལ་མཚོན་ན། ཁ་ཉུང་རྒྱུ་ནི་ཧ་ཅང་གལ་ཆེ། སྐུ་ངོ་མཆོག་གིས་གཞུང་དོན་གལ་ཆེ་དང་། ཡང་ན་གསང་གནས། དེ་བཞིན་རང་ཉིད་སྒེར་དང་འབྲེལ་བའི་གཞུང་གི་ལས་དོན་བཅས་དུས་ཚོད་ལ་མ་སླེབས་པ་ཞིག ལན་བརྒྱར་དྲི་བ་ཞུས་ཀྱང་མི་གསུངས་ལ། ནང་ཚགས་ཀྱི་རྣམ་པས་ཀྱང་གསུངས་པ་སྦྲང་སྐད་ཙམ་གོ་རྒྱུ་མེད། དེ་ནི་གཞུང་ཞབས་དཀྱུས་མ་ནས་རིམ་པར་བརྒྱུད་རིམ་ཚད་དང་ལྡན་པའི་གོམ་པ་སྤོས་ཏེ་རིགས་གཅིག་རྐང་འཛིན་ལྟར་གཞུང་དོན་སྒྲུབ་ཕྱོགས་ཀྱི་རྨང་གཞི་བརྟན་པོ་བརྩིགས་པ་ལས་བྱུང་བས། ཆབ་སྲིད་པ་ཚོའི་མི་དགོས་པའི་ངན་གཤིས་ཁ་མང་པའི་ནོར་འཁྲུལ་ནི། སྐུ་ངོ་མཆོག་ལ་དྲི་ཙམ་ཡང་མེད་ལ། གང་བཤད་པ་རྣམས་ཀྱང་དག་མ་ཐོན་པ། ནང་འགལ། ཟུར་ཟ། ལྗིད་ཁོག་མེད་པ། མང་ཉུང་རན་འཚམས་མིན་པ། བཤད་ཡུལ་རྒྱུས་མ་ལོན་པ། བཤད་ཐབས་ལ་མི་མཁས་པ། ཚིག་རྩུབ་པ། མདོར་ན་གཏམ་གང་བཤད་ཕྱོགས་རིས་པར་འགྱུར་ཉེན་བཅས་རྩ་ནས་མེད་པ་ཞིབ་འཇུག་བྱས་ན་མཁྱེན་ཅིང་། ད་བར་བྱུང་མྱོང་མེད། གཙོ་བོ་མི་ལོ་ ༣༠ རིང་བོད་གཞུང་གི་གསང་བ་ཐམས་ཅད་ཀྱི་ལྡེ་མིག་ཕྱག་ཏུ་བཟུང་ཡོད་ཀྱང་། གསང་བ་འདི་དང་གན་ཤོར་བཅུག་པ་རེད་ཅེས་མཛུབ་མོ་འཛུགས་ས་ཁྱོན་ནས་མེད། འཛིན་སྐྱོང་གི་ལས་དོན་གལ་ཆེའི་རིམ་པ་བཅས་པ་གང་ལ་ཐུག་ཀྱང་ཉར་དགོས་སར་ཏག་ཏག་ཉར། འཇོག་དགོས་སར་ཏག་ཏག་བཞག་ཡོད་པ་ལས། ཡར་གྱི་གནས་ཚུལ་མར་བཤད། ཕར་གྱི་གནས་ཚུལ་ཚུར་བཤད་པའི་གཏམ་ཞིག་གོ་རྒྱུ་མེད། བོད་ཀྱི་ཡབ་མེས་རྫ་དཔལ་སྤྲུལ་དང་རྗེ་གུང་བ་སོགས་མཁས་པ་ཚོས་ཀྱང་ཁ་ཉུང་ལ། བཤད་པ་དག་ཐོན་པ་ནི་ཕོ་རབ་དང་བོད་ཀྱི་མི་གཤིས་ལ་རྣལ་མ་ཡིན་ཚུལ་ལན་མང་གསུངས་ཤིང་། བོད་བཙན་པོའི་སྐབས་ནས་ཀྱང་། ཁོ་ཁྱོ་གར་ཕོ་རྩལ་སྣ་དགུ་དགོས་པ་བསྟན་ཅིང་། དེའི་ནང་ངག་གི་རྩལ་གསུམ་གྱི་ནང་དུའང་། སྨྲ་བ་ཉུང་ལ། སྨྲས་པ་དག་ཐོན་པ། སྨྲ་མཁས་པ་ཡིན་དགོས་ཚུལ་བཀོད་ཡོད།

གསུམ། ཆོལ་གསུམ་ཆིག་སྒྲིལ་དང་། གཞིས་བྱེས་མཉམ་རུབ་ཀྱི་དབུ་ཁྲིད་བྱེད་ཐུབ།

སྐུ་ངོ་དངོས་གྲུབ་ལགས་ལ་བཙན་བྱོལ་ནང་ཆོལ་གསུམ་རིས་མེད་ཀྱི་བྱས་ཅན་བཙོན་ཟུར་རྣམ་པ་དང་། ཤེས་ཡོན་ཅན། གཞུང་ཞབས་ལས་ཟུར། མི་མང་བཅས་ཀྱིས་དགའ་མོས་དང་ཡིད་ཆེས། ཐུགས་རེ་གནང་བའི་ཚད་ཤིན་ཏུ་མཐོ། རྒྱ་ཆེ་མི་མང་གི་སེམས་ལ་བབས་པའི་སྐུ་ངོ་དངོས་གྲུབ་ཀྱི་སྣང་བརྙན་ནི་སྤྱི་མི་ཞིག་ཡིན་པ་ལས། ཟུར་གཅིག་གམ་ཕྱོགས་གཅིག་ཏུ་གཅོད་མཁན་ད་བར་གོ་རྒྱུ་མེད་པས། ཆོལ་གསུམ་ཆིག་སྒྲིལ་གྱི་དབུ་ཁྲིད་བྱེད་ཐུབ་པའི་ཆ་རྐྱེན་དང་འཇོན་ཐང་། ཉམས་མྱོང་སུམ་འཛོམས་ཡིན། ཕྱོགས་གཞན་ཞིག་ནས་དཔྱད་ཚེ། གང་དུ་དོན་དམ་པའི་ཆིག་སྒྲིལ་ཡོང་དགོས་ཚེ་དེའི་འགལ་རྐྱེན་རྣམས་ཞིབ་ཏུ་ངེས་ཤིང་། རྒྱུ་མ་ཕུ་འདེད་ལྟར་ཐུགས་ངོར་ཧ་ཅང་གསལ་བ་ཞིག་དགོས། དེ་ཡོད་ན་ཕྱོགས་ལྷུང་དང་ཧོལ་རྒྱུགས་ཀྱང་ཡོང་ཤེས་མེད། བཙན་བྱོལ་ནང་ཁུལ་ལབ་གླེང་གི་གཞིར་གྱུར་པའི་རྙོག་གྲ་རིམ་པའི་གནས་ཚུལ་ཆ་ཚང་ལ་ཟེར་སྒྲོས་ཙམ་མིན་པར་གཏིང་ལོན་པའི་རྒྱུས་མངའ་ཡོད། རྒྱུས་མངའ་དེ་ཡང་ལས་འགན་བབ་འབྲེལ་གྱིས་ཞིབ་དཔྱོད་ཀྱི་ལམ་ནས་ཐོབ་པ་ཡིན་སྟབས། སྲང་བར་གྱི་གཏམ་ཙམ་ལ་གཞི་བྱས་ཏེ་གཏམ་བཤད་མཁན་དག་དང་མི་འདྲ། དཔེར་ན། སྨན་བཅོས་ཞུ་བ་ལ་ནད་ངོས་འཛིན་གསལ་བོ་དགོས་པ་ཇི་བཞིན། ཀུན་གྱིས་སྤྱི་མིར་ངོས་འཛིན་པའི་མི་ཞིག་གིས་གང་དུ་ཆིག་སྒྲིལ་མ་ཡོང་བའི་འགལ་རྐྱེན་རྣམས་མཁྱེན་པའི་ཐོག ཆིག་སྒྲིལ་ཡོང་ཐབས་གནང་ན་དོན་དམ་གྱི་ཆིག་སྒྲིལ་གོང་འཕེལ་འགྲོ་བའི་རེ་བ་ཤིན་ཏུ་ཆེ། དེ་མ་ཟད་གཞིས་བྱེས་མཉམ་རུབ་ཀྱི་དབུ་ཁྲིད་ཀྱང་བྱེད་ཐུབ། གང་ཡིན་ཞེ་ན། བོད་ནས་གསར་དུ་འབྱོར་བའི་བྱས་རྗེས་ཅན་གྱི་བཙོན་ཟུར་རྣམ་པ་གཙོས་མང་ཆེ་བས། སྐུ་ངོ་དངོས་གྲུབ་མཆོག་གི་བོད་ནང་འབྲེལ་བ་ཞུ་ཕྱོགས། གསར་དུ་འབྱོར་བ་ཚོར་འཚོ་བ་དང་ལས་ཀ མདུན་ལམ་བཀོད་སྒྲིག་བྱེད་སྟངས་ལ་ཧ་ཅང་ཡིད་ཆེས་ཐོབ་ཡོད། མ་གཞི་ནས་བོད་ནང་བྱས་རྗེས་ཆེ་བའི་ཆབ་སྲིད་བཙོན་ཟུར་ཚོས་གནད་དོན་འདི་རིགས་རིམ་བཞིན་གསལ་བཤད་ཞུ་ངེས་སྙམ་པ་བཅས། ཆོལ་གསུམ་ཆིག་སྒྲིལ་དང་གཞིས་བྱེས་མཉམ་རུབ་ཀྱི་དབུ་ཁྲིད་སྐུ་ངོ་དངོས་གྲུབ་ཀྱིས་ཚད་དང་ལྡན་པ་བྱེད་ཐུབ།

བཞི། བསམ་བློ་གུ་ཡངས་པས་ལྟ་བ་ཚང་མ་མཉམ་འཁྲིད་བྱེད་ཐུབ།

སྐུ་ངོ་མཆོག་ལ་གཞོན་སྐྱེས་ཚོས་དགའ་མོས་བྱེད་པ་བཞིན། སྐུ་ངོ་མཆོག་གཞོན་སྐྱེས་ཚོར་ཧ་ཅང་ཐུགས་སྣང་ཆེ། ཕྱི་རྒྱལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོར་རྟག་ཏུ་བོད་རང་གི་རིག་གཞུང་ཟུང་འབྲེལ་གྱི་འདབ་གཤོག་གཉིས་ལྡན་ཞིག་ཡོང་ཐབས་ལ་ཐུགས་འཁུར་རྒྱ་ཆེར་བཞེས་ཀྱི་ཡོད་པ། སྐུ་ངོ་མཆོག་དང་མཇལ་འཕྲད་ཞུས་མྱོང་མཁན་མང་ཆེ་བས་གླེང་། བཙན་བྱོལ་ནང་རང་བཙན་དང་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་ཁག་གཉིས་ཡོད་པ་རྣམས་ལའང་གཟིགས་ཚུལ་ཚད་དང་ལྡན་པ་ཡོད་པ་ཕྱོགས་གཉིས་ལ་ངོས་འཛིན་ཡོད་པས། མཚམས་རེར་ང་ཚོའི་སྤྱི་ཚོགས་ནང་འདི་དག་ལ་བརྟེན་ནས་མི་དགོས་ལབ་གླེང་ཡོང་བཞིན་པ་དག་ལ་ལམ་སྟོན་ནུས་མཁན། ལམ་སྟོན་གནང་ན་གསན་འཇོག་ཞུ་ཡུལ་སྐུ་ངོ་དངོས་གྲུབ་ལས་རྙེད་དཀའ། སྐུ་ངོ་དངོས་གྲུབ་མཆོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་གལ་གནད་རྣམས་དེ་སྔ་བདེ་སྲུང་ཉམས་ཞིབ་ཀྱི་འགོ་འདོམས་གནང་སྐབས་ཡོངས་སུ་མཁྱེན་ལ། བདེ་སྲུང་ཉམས་ཞིབ་ཀྱིས་བཏོན་པའི་རྒྱ་བོད་གཉིས་ལོ་རྒྱུས་ནང་ཐ་དད་ཡིན་པའི་གཏམ་དོན་ཚད་དྲུག་ཅུ་པ་ཞེས་པའི་དེབ་དེ་ནི་བཙན་བྱོལ་ནང་དག་ཐོན་པའི་དཔེ་དེབ་ཚད་འཛིན་སར་གྱུར་ཡོད་པས། དབུ་མའི་ལམ་དང་རང་བཙན་གྱི་རྒྱབ་ལྗོངས་དང་བཅས་པའི་གནས་ཚུལ་ཆ་ཚང་མཁྱེན་གྱི་ཡོད། དེ་བཞིན་གནད་དོན་གང་ཞིག་ཁ་ལ་འཁྱེར་ནས་༧གོང་ས་མཆོག་ལ་མཚད་སྨོད་ཞུས་ཚེ། སྐུ་ངོ་དངོས་གྲུབ་མཆོག་གིས་དེ་སྔ་ནས་མི་མང་གི་སྡིངས་ཆར་རྒོལ་ལན་མཐའ་གཅིག་ཏུ་སྤྲད་པ་ལྟར། མ་འོངས་པར་དེའི་ཐད་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་ལ་དཔྱད་ནས་ལན་འདེབས་གནང་ཚེ། རྒྱ་གཞུང་གི་བེད་སྤྱོད་འོག་ཡོད་པ་མང་པོ་ཞིག་རང་བཞིན་གྱིས་འགག་འགྲོ་གི་ཡོད་པས། གུ་ཡངས་སར་གུ་ཡངས། བཙན་དགོས་སར་བཙན་ཐུབ་པ། ཕྱི་ནང་གི་ས་མཚམས་གསལ་བོ་བཀར་ཐུབ་མཁན་ནི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལས་གཞན་མེད་ཅེས་ན་འུར་གཏམ་དུ་ནམ་ཡང་མི་འགྲོ།

ལྔ། དབུ་མའི་ལམ་དང་འབྲེལ་མོལ་ལ་ཤིན་ཏུ་མཁས་པ།

རྒྱ་ནག་གི་གནས་ཚུལ་ལ་མཁྱེན་རྒྱ་ཡངས་པའི་མདའ་དཔོན་ཟུར་པ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་། དབུ་མའི་ལམ་ལ་མཁྱེན་རྒྱ་ཡངས་པའི་བདེ་སྲུང་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས། རྒྱ་ནག་ལ་མཁས་པ། རྒྱལ་སྤྱིར་མཁས་པ། རྒྱ་གར་ལ་མཁས་པ། བོད་ལ་མཁས་པ། དབུ་མའི་ལམ་དང་འབྲེལ་མོལ་ལ་མཁས་པ་ཞེ་གཅིག་གི་མཉམ་དུ་ཉིན་མཚན་བསྟུད་དེ། ལོ་ནས་ལོར་ཕྱག་ལས་གནང་ཙང་། དབུ་མའི་ལམ་གྱི་སྔ་ཕྱིའི་འགངས་ཆེའི་གནད་དོན་ཡོངས་རྫོགས་དང་། རྒྱ་ནག་དང་འབྲེལ་བ་བྱུང་བ་ནས་འབྲེལ་མོལ་ཐེངས་བདུན་གནང་བའི་བར་གྱི་བརྒྱུད་རིམ་ཧྲིལ་བོར། དངོས་དང་ཐད་ཀར་གྱིས་འབྲེལ་བ་ཡོད་སྟབས། གཞན་ལས་མཁྱེན་རྒྱ་དང་དངོས་དོན་ཇི་བཞིན་གཟིགས་ཡོད་པའི་རྨང་གཞི་ཧ་ཅང་བརྟན་པ་བཅས་ཀྱིས། མ་འོངས་པར་འབྲེལ་མོལ་གནང་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཕྱོགས་ལ་གཞན་དྲིང་མི་དགོས་པ་ཡིན། ལྷག་པར་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱི་ཐུགས་འགན་བཞེས་རིང་གི་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་ཡོད་དོ་ཅོག་ལ། སྐབས་དེའི་བཀའ་བློན་ཁྲི་པ་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་རྣམ་གཉིས་རྒྱུས་ཡོད་ཆེ་ཤོས་ཡིན་སྟབས། ཕྱོགས་གང་ནས་བལྟས་ཀྱང་སྐུ་ངོ་དངོས་གྲུབ་ལས་འོས་པ་གཞན་མེད་ཚུལ་མི་བཤད་ག་མེད་རེད།

དྲུག བོད་ཀྱི་རིག་གཞུང་གིས་བསྐྲུན་པའི་བོད་མིའི་ཞགས་རྩི་ཚད་ལོངས་པ་ཡོད།

ད་ལྟ་དུས་ངན་ཞིང་། མིའི་ལུང་པར་གྱར་ནས་དུས་རབས་ཕྱེད་ལྷག་འགོར་བས། བོད་ནང་བོད་མི་རྒྱ་བསྒྱུར་གྱི་དངངས་འཚབ་ཉིན་རེ་བཞིན་ཡོད་མུར། བོད་ཕྱི་ལོག་ཏུ་བོད་ཀྱི་རིག་གཞུང་གི་ཞགས་རྩི་ཅན་གྱི་མི་རབས་འཚར་ལོངས་ཡོང་བར་དམིགས་བསལ་ཤུགས་རྒྱག་དགོས་པའི་དུས་ལ་བབས་ཡོད། རང་གི་རིག་གཞུང་བརླགས། གཞན་གྱི་རིག་གཞུང་ལ་ཡང་གཏིང་མ་ཚུགས་པར། མི་དགོས་པ་ཇི་སྙེད་ཅིག་ལ་ལད་མོ་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ལ་འགྱུར་བ་འགྲོ་བཞིན་པའི་སྐབས་འདིར། ངེས་པར་དུ་བོད་ཀྱི་རིག་གནས་ཀྱི་ཞགས་རྩི་ལྡན་ལ། བོད་ཀྱི་རིག་གནས་ལ་ངེས་པ་རྙེད་པའི་མི་ཞིག་གིས་དབུ་ཁྲིད་ཐུབ་ན་དགེ་མཚན་བླ་ལྷག་ཏུ་ཆེ། སྐུ་ངོ་དངོས་གྲུབ་ལགས་དེའི་ཐད་གཟེངས་སུ་ཐོན་ཅིང་ངེས་པ་རྙེད་པ་ཞིག་རེད། རྟག་ཏུ་ལས་འབྲས་རྩ་ཆེར་བརྩི་ཞིང་། ནང་ཆོས་ཀྱི་གཞི་རིམ་གྱི་གནས་ཚུལ་ཁག་ལ་ཐུགས་སྣང་ཟབ་པོ་གནང་མུས་མ་ཟད། གོ་ཐོས་བྱས་ན། ལོང་ནམ་ཡོད་ལ་བརྙན་འཕྲིན་ནང་༧གོང་ས་མཆོག་གི་གསུང་ཆོས་གསན་བཞིན་བཞུགས་ཀྱི་ཡོད་འདུག ཉིན་རེའི་ཁ་བཏོན་དགེ་སྦྱོར་གྱི་རིམ་པའང་རྒྱུས་ཡོད་གྲོགས་པོ་ཚོས་བཤད་ན། ཐུན་མང་དུ་བཅད་དེ། རྟེན་དགེ་བསྙེན་ཡིན་སྟབས་སྲུང་བྱ་མཐའ་དག་ལ་དྲན་ཤེས་ཚུལ་བཞིན་བསྟེན་ཏེ་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་ནི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད་སྙམ། འགོ་ཁྲིད་ཚོས་ཅི་ཙམ་ནང་ཆོས་ཀྱི་རྒྱུ་འབྲས་རྣམ་བཞག་དང་། ལྟ་གྲུབ་ཁག་ལ་ངེས་པ་རྙེད་པ་དེའི་ཚོད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་བྱེད་ཕྱོགས་ཐད་ནུས་ཤུགས་གཅིག་ཏུ་སྤུངས་ངེས་སྟབས། ང་ཚོ་བོད་མི་ཚོར་དགོས་པའི་དོན་གྱི་སྙིང་བོ་ནི་འདི་རེད། ཆབ་སྲིད་ནི་འཕར་འབབ་དང་འགྱུར་བ་ཆེ་ཞིང་། མང་ཆེ་བ་གཞན་ལ་ལྟོས་དགོས་པ་རེད། འོན་ཀྱང་རང་གི་ཆོས་རིག་འཛིན་སྐྱོང་ནི་རང་གིས་ག་ཚོད་འཇོན་ན་དེ་ལྟར་དུ་གནང་ཆོག་སྟབས། བོད་ཀྱི་རིག་གནས་ཀྱི་ཞགས་རྩི་ལྡན་པའི་དབུ་ཁྲིད་ཚད་ལྡན་ཞིག་དགོས་པ་སྨྲས་མེད་ལ་སོང་། སྲིད་སྐྱོང་འོས་མིའི་ཁྲོད་སྐུ་ངོ་དངོས་གྲུབ་ལས་ལྷག་མེད་པ་ཚང་མས་མཁྱེན་གསལ་ལྟར་ལགས།

བདུན། གཞིས་ཆགས་དང་སློབ་གྲྭ་ཁག་ཟླ་སྒྲིལ་ལ་ཐུགས་འཁུར་ཆེ་བ།

གཞིས་ཆགས་དང་སློབ་གྲྭ་ཁག་གི་ཁྱོན་ཡོངས་ཀྱི་གནས་བབ་ལ་ལོ་བཅུ་ལྷག་བཀའ་ཤག་ནང་མཁྱེན་རྟོགས་གནང་ཡོད་པ་མ་ཟད། བོད་ནང་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་སྐོར་བཏོན་པའི་དགོངས་ཚུལ་ཞིག་ཡིན་ན་ཐོག་མར་དགའ་ལྡན་ཕོ་བྲང་དང་སྐུ་ངོ་དངོས་གྲུབ་གང་རུང་ལ་འབྱོར་གྱི་ཡོད། རྟག་ཏུ་ཤེས་ཡོན་གཙོས་གལ་གནད་ཅན་གྱི་ལས་དོན་མཐའ་དག་ལ་ཐུགས་རྒྱུས་ཞིབ་ཚགས་མངའ་སྟབས། ཁོང་ལ་ལམ་སྟོན་ཞུ་མི་དང་། མཇལ་འཕྲད་ཞུ་མི་དོ་སྣང་ཅན་དང་། དགེ་རྒན། ཤེས་ཡོན་ཅན་མང་པོའི་འདོད་བློ་ཡོངས་སུ་ཚིམ་ཡོད། གཞིས་ཆགས་དང་སློབ་གྲྭ་ཟླ་སྒྲིལ། སློབ་གྲྭ་ཁག་ཏུ་ནང་དོན་རིག་པ་ཆེད་སྦྱོང་སྡེ་ཚན་གསར་འཛུགས་བཅས་ལ་རྒྱ་གར་གཞུང་དང་འབྲེལ་བ་དམིགས་བསལ་ཆེ་སྟབས། ལས་དོན་ལམ་ལྷོང་གི་གོམ་བསྐྱོད་ཆེ་ཞིང་། བོད་མིའི་སྤྱི་ཚོགས་ནང་མཐོ་དམའ་ཤེས་ལྡན་མང་པོས་ཡིད་ཆེས་གཅིག་ཏུ་ཞུ་པས། གང་སར་ལས་དོན་ལེགས་འགྲུབ་ཡོང་ངེས་ཀྱི་རྟགས་མཚན་མཐོང་རྒྱུ་ཡོད་པ་ལྟ་བུ་ནི་སྐུ་ངོ་འབྲོང་ཆུང་ལགས་ཕུད། གཞན་ལ་འཛོམས་དཀའ་བར་སྙམ་པ་བཅས། གཙོ་བོར་མི་སོ་སོའི་རྣམ་དཔྱོད་གཞན་བྲན་དུ་མ་བཏང་བར། སྤྱི་སེམས་ཀྱི་བློ་རྒྱ་སྐྱེད་དེ་དགོངས་བཞེས་གནོང་དང་། ཏན་ཏན་སྐུ་ངོ་དངོས་གྲུབ་ནི་གཞན་དང་མ་འདྲ་བ་ཞིག་ཡིན་ནོ།།  །།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣
Mobile App

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

༢༠༢༥/༠༦/༡༢
༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

༢༠༢༥/༠༦/༡༢
Mobile App

སྐུ་པར་རྙིང་བ་ཞིག

༢༠༢༥/༠༦/༡༢
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

༢༠༢༥/༠༦/༡༢

མཆན། 7

  1. བདེན་པའི་རྒྱབ་ལངས། says:
    ལོ་ 5 སྔོན།

    ཁྲིམས་མཐུན་དང་ཁྲིམས་རྒལ་གང་ཡང་ཡིན་བཟོ་མི་འདུག་མང་གཙོ་ཟེར་ན་དེ་འདྲ་ཞིག་ལ་གོ་དགོས་ཀྱི་ཡོད་པ་འདྲ། དངོས་གནས་རང་དབང་ལོངས་སྤྱོད་ཤེས་ན་ག་རེ་ཡིན་ནའང་ཆོག་པ་ཤ་སྟགས་རེད་གདའ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    དབུས་འོས་བསྡུ་ལས་ཁང་ནས་སྲིད་སྤྱིའི་འོས་བསྡུའི་སྐོར་གསལ་བསྒྲགས་མ་གནང་གོང་ནས་སྲིད་སྐྱོང་དང་འབྲེལ་བའི་སྐོར་གསར་ཤོག་སྟེང་གསལ་བསྒྲགས་གནང་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་དང་མཐུན་པ་ལ་ངོས་འཛིན་དགོས་པ་རེད་དམ་ཁྲིམས་འགལ་དང་སྒྲིག་འགལ་ལ་ངོས་འཛིན་དགོས་པ་རེད?

    Reply
  3. ཇ་མ། says:
    ལོ་ 5 སྔོན།

    སྐུ་ངོ་ལགས་ནས་སྤེན་པ་ཚེ་རིང་ལ་བར་ཆད་བཟོ་བ་ལས་གཞན་གང་ཡང་མ་མཐོང་།

    Reply
    • ཚེ་བརྟན་འགྱུར་མེད། says:
      ལོ་ 5 སྔོན།

      བཀའ་ཟུར་འབྲོང་ཆུང་དངོས་འགྲུབ་ལགས་སྲིད་སྐྱོང་འོས་མིར་ཕེབས་ན་དེ་སྤེན་པ་ཚེ་རིང་ལགས་ལ་བར་ཆད་བཟོ་བ་ལས་གཞན་གང་ཡང་མི་མཐོང་། ཅེས་ན་ཅི་གོ། སྤེན་པ་ཚེ་རིང་གི་བྱས་རྗེས་དེ་སྔ་བོད་མིའི་སྤྱི་ཚོགས་ནང་གསལ་པོ་བསྟན་མ་རེད་དམ། ག་ཚོད་དཀྲུགས་སོང་། གཞུང་གི་ཡིག་ཆ་སྒེར་དོན་ཆེད་ཇི་ལྟར་བེད་ལོག་བྱས་མ་སོང་ངས། བརྗེད་འདུག་གམ། ཞུ་འདོད་མིན་འདུག་ཀྱང་ང་ཚོའི་དབུ་འཁྲིད་ཉིད་ཀྱི་ཐུགས་དགོངས་ག་ཚོད་དཀྲུགས་སོང་། བཀའ་ཇི་ཕེབས་ཡོད་མེད་ང་ངོ་དེབ་བེད་སྤྱོད་མི་ཞུ་བས་ཐད་ཀར་ཤེས་མ་སོང་ཡང་ཁྱེད་ཀྱི་ཤེས་གཤའ་ལ། དཔེ་ཤིག་ཞུས་ན་གྲོས་ཚོགས་ནང་སྐད་ཆ་གོ་མི་ཉན་པའི་མི་གསད་པའི་སྐོར་ག་ཚོད་བྱུང་སོང། བདེན་མིན་ངས་གཅད་དགོས་མིན་འདུག་ལ་དེ་ལྟར་བཤོད་མཁན་ལ་དགའ་མགུར་ཡང་ཅི་ནས་མེད། དེ་སང་གོ་རྒྱུ་མིན་འདུག་པས་གྲོས་ཚོགས་མཇལ་བདེ། རྙོག་ཁྲའི་སྒམ་ཆུང་རེད་མིན་འདུག་གས།

      མདོ་སྨད་པ་སོགས་ནས་དགོངས་བཞེས་གནང་གལ། གཞི་ནས་མདོ་སྨད་ཙོང་ཁའི་ཡུལ་ན་འོས་མི་གཞན་མེད་པ་ག་ལ་སྲིད།

      Reply
  4. བསྟན་འཛིན། says:
    ལོ་ 5 སྔོན།

    སྐུ་ངོ་འབྲོང་ཆུང ལགས། བར་སྐབས་ཤིག་ནས་དཀྲིག་རྒན་འགའི་རླུག་པའི་སྤུ་འགྱུར་གྱིན་ཡོད་པ་གོ་ཐོས་བྱུང་། ཉིད་ཀྱིས་གཟབ་ཙམ་གནང་རོགས་ཞུ། བར་ནས་སླེ་ཐག་ཆད་ངེས་ཡིན་པ་མཁྱེན་པ་གནང་རོགས། སྐུ་ཉིད་ལམ་འདི་ལ་བཞེས་གཏེན་འཁེལ་ཉིན་ནས་སྐྱོད་བརྗོད་མང་པོ་ཞིག་གི་མགོ་སླངས་ཡོང་ངེས་རེད། ལྷག་ཏུ་སྐུ་ངོ་སྤན་པ་ཚེ་རིང་ཕྱོགས་གཏོག་དང་བཅས་པ་ཆེད་དུ་རྡོག་རྫིས་བཏངས་པ་རང་ཡིན་ཙང་། ༧གོང་ས་མཆོག་ལ་དད་དམ་གཙང་མ་ཅན་ཚོ་ཡང་དུམ་བུ་གསུམ་བཞི་རུ་གྱེས་ངེས་རེད། མ་ཟད་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་དུམ་བུ་གང་མང་དུ་གཏོང་གཏེ་བོ་ཞིག་ཆགས་རྒྱུ་ཡིན་པ་སྨྲས་མེད་རེད།
    བོད་པ་ནས་རེ་བསྐུལ་ཙམ་དུ།

    Reply
  5. Sonam Gyaltsen says:
    ལོ་ 5 སྔོན།

    2021 འབྲོང་ཆུང་དངོས་གྲུབ་ལགས་ སྲིད་སྐྱོང་ ཤུག་བརྒྱབ། victory ✌️?✊

    Reply
  6. Dolma says:
    ལོ་ 5 སྔོན།

    སྐུ་ངོ་ཁོང་ནི་ཁྱད་དུ་འཕགས་པའི་ཆབ་སྲིད་པ་གཡོ་སྒྱུར་ཅནགྱི་རེད་ཟེར་རྩོམ་པ་པོས་གང་བྱས་ན་མ་ལབ་པ་རེད།དེ་ཡང་ཆོལ་གསུམ་ཆིག་སྒྲིལ་ཟེར་་བཤད་པ་ཙམ་མ་ཡིན་པ་དོན་དངོས་ཐོག་གྲུབ་འབྲས་ག་ཚད་ཀྱི་ཐོནཡོག་རེད།བཀའ་བློན་འགན་མ་ཁུར་ནས་དགོངས་པ་ཞུ་མཁན་དེ་སྐུ་ངོ་འདི་རེད་དམ།བོད་ཀྱི་སྲིད་སྐྱོང་དེར་ཐོབ་པ་ཡིན་ན་ཁོང་གི་འགན་དེ་ཁུར་ཐུབ་མཁན་མི་དེ་རེད་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese