མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ ༨ སྤྱི་མོས་གཏན་འབེབ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་པེ་ཅིན་ཏུ་འཚོག་གཏན་འཁེལ་བ་དང་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་བདུན་བཅུ་འཁོར་ཡོད་ཟེར་བའི་དུས་དྲན་འཚོག་འཆར་ཡོད་པས་བོད་མི་རྣམས་ནས་ངོ་རྒོལ་དང་གདོང་ལེན་གྱི་རྣམ་འགྱུར་སྟོན་ཕྱིར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ནས་འཛམ་གླིང་ཡོངས་ཁྱབ་ཏུ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་གལ་ཆེ་བའི་སྤྱི་མོས་གྲོས་ཆོད་བཞག་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་བཞི་པའི་སྔ་དྲོའི་ཚོགས་ཐུན་ནང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་༣ པའི་ཐོག་བཟོ་བཅོས་གྲོས་འཆར་ཞིག་ཁྱེར་ཡོང་བའི་ཐོག སྤྱི་འཐུས་ ༡༢ ལྷག་གིས་བགྲོ་གླེང་གནང་བ་བརྒྱུད། མཐར་བཟོ་བཅོས་གྲོས་འཆར་དེར་བཟོ་བཅོས་བྱས་པའི་གྲོས་འཆར་གཞན་དེར་མང་མོས་ཐོབ་རྗེས། སྤྱི་མོས་ཀྱི་ཐོག་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཡོངས་རྫོགས་གཏན་ལ་ཕབ་ཐུབ་པ་བྱུང་སོང་།

དེ་ཡང་ཁ་སང་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་ཐུན་སྟེང། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། བོད་དོན་འཐབ་རྩོད་ཀྱི་ཚད་མཐོ་རུ་གཏོང་ཐབས་དང་། གྲོས་ཚོགས་ངོས་ནས་རྒྱ་ནག་ལ་བརྡ་ལན་སྤྲོད་ཆེད། སྤྱི་འཐུས་རྒྱུན་ལས་ནས་བསྣམས་པའི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་གསུམ་པ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་བར་མ་ཆད་པར་གནང་བཞིན་པ་ལྟར། རྒྱ་གཞུང་གི་འགོ་ཁྲིད་རྣམས་ཀྱིས་གུ་དོག་མཁྲེགས་འཛིན་གྱི་ལྟ་བ་དོར་ནས། གཉིས་ཕན་མཉམ་གནས་གུ་ཡངས་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས། བོད་རྒྱའི་འབྲེལ་མོལ་མྱུར་དུ་འགོ་འཛུགས་གནང་ཐབས་དགོས་རྒྱུ། ཅེས་པ་དེར་བཟོ་བཅོས་དགོས་པའི་གྲོས་འཆར་ཞིག་བསྣམས་ཡོད་པ་རེད།

སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱི་རྒྱབ་སྐྱོར་འོག་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བཏོན་པའི་བཟོ་བཅོས་ཁྲིམས་འཆར་དེའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་བོད་ས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་བར་མ་ཆད་པར་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨད་དང་བོད་ནང་དམ་དྲག་ཆེ་རུ་བཏང་ནས་གྲོས་མོལ་ལམ་ལྷོང་མ་བྱུང་བ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་མ་ཟད། ངོ་རྒོལ་མཐའ་གཅིག་ཏུ་ཡོད། རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུར་ང་ཚོས་འཐབ་རྩོད་མ་བྱས་ཚེ་ད་ལྟའི་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོའི་མཉམ་དུ་གྲོས་མོལ་དོན་ཕན་ལྡན་པའི་གྲུབ་འབྲས་ཡོང་རྒྱུར་ཡིད་ཆེས་རྩ་བ་ཉིད་ནས་མེད། ཅེས་འཁོད་ཡོད་པ་དང་། བཟོ་བཅོས་གྲོས་འཆར་དེར་སྤྱི་འཐུས་ ༡༧ གྱིས་དགག་བྱ་དང་། སྤྱི་འཐུས་ ༡༩ ཡིས་རྒྱབ་སྐྱོར་གནང་འདུག

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བཟོ་བཅོས་གྲོས་འཆར་དེས་གཞི་རྩའི་དབུ་མའི་ལམ་གྱི་ལྟ་གྲུབ་ལ་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་ཏེ་དགག་པ་གནང་རྗེས། གྲོས་འཆར་འདོན་མཁན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ད་ལན་གྱི་བཟོ་བཅོས་གྲོས་འཆར་འདི་དུས་རྒྱུན་གྱི་རེ་སྐུལ་གྱི་རྣམ་པ་ལས་བརྒལ་ཏེ་དམིགས་བསལ་གྱི་ཚོར་བ་སྟོན་དགོས་པ་དང་། གྲོས་འཆར་འདིས་ཐབས་བྱུས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ཚད་མཐོ་རུ་གཏོང་བ་ལས། དབུ་མའི་ལམ་བརྩི་མེད་གཏོང་ཐབས་བྱས་མེད་སྐོར་དང་། རྒྱ་ནག་གཞུང་གི་མགོ་འཁྲིད་ལ་ཡིད་ཆེས་མེད་པ་དེ་ཁ་གཅིག་གྲགས་ཡིན་སྟབས། གྲོས་འཆར་དེས་རྒྱ་ནག་གཞུང་ལ་རྣམ་འགྱུར་ཤུགས་ཆེན་པོ་སྟོན་ཐབས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་ལ། བཟོ་བཅོས་གྲོས་འཆར་ཡིག་ཆའི་ཚིག་ཕྲེང་མཐའ་མར་འཁོད་པའི་རྒྱ་ནག་གཞུང་ལ་ཡིད་ཆེས་རྩ་བ་ཉིད་ནས་མེད་ཅེས་པའི་ཚིག་བརྗོད་དེར་སྤྱི་འཐུས་ཁག་ཅིག་ནས་དགག་པ་དང་དགོངས་ཚུལ་མི་འདྲ་བ་བསླེབས་སོང་།

སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས། བཟོ་བཅོས་གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱིས་དོན་དུ་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་པ་བཤད་འདོད་ཡོད་ཀྱང་། ཚིག་བརྗོད་ནང་ང་ཚོས་འཐབ་རྩོད་མ་བྱས་ཚེ་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་ཅེས་འཁོད་ཡོད་པ་དེ་འགྲིག་གི་མེད་པ་མ་ཟད། དེས་རྒྱ་ནག་ལ་བཤད་ཀྱི་མེད་སྐོར་གྱི་དགག་བྱ་བཏོན་ཡོད་པ་མ་ཟད། དེའི་ཐད་འཛིན་སྐྱོང་བཀའ་ཤག་ངོས་ནས་འགྲེལ་བརྗོད་གསལ་པོ་ཞིག་དགོས་ངེས་ཡིན་སྐོར་གསུངས་པ་ལྟར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གྲོས་ཆོད་ཀྱི་ཚིག་མཐའ་མ་ཡིད་ཆེས་རྩ་བ་ཉིད་ནས་མེད་ཅེས་པ་དེས་ཕྱིའི་ལྟ་ཚུལ་ལ་ང་ཚོར་གྲོལ་མོལ་བྱ་རྒྱུའི་འདོད་པ་མེད་པའི་གོ་བ་ནོར་འཁྲུལ་ཅན་ཞིག་འགྲོ་རྒྱུའི་ཉེན་ཁ་ཡོད་པས། ཚིག་དེ་ཕྱིར་འཐེན་དགོས་པའི་དགོངས་ཚུལ་གསུངས་སོང་།

བཟོ་བཅོས་གྲོས་འཆར་དེར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། གྲོས་འཆར་ནང་གསལ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨད་ཚད་ལས་བརྒལ་བྱེད་ཀྱི་ཡོད་པ་དང་། བོད་ནང་དམ་དྲག་བྱེད་ཀྱི་ཡོད་པ་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་བཞིན་བོད་རྒྱ་གྲོས་མོལ་ལམ་ལྷོངས་མ་བྱུང་བའི་འགན་དེ་རྒྱ་ནག་ལ་ཡོད་པ་ལས་ང་ཚོར་མེད་སྟབས། གྲོས་འཆར་ནང་འཁོད་པའི་གནད་དོན་རྣམས་དངོས་བདེན་ཡིན་པ་ལས། གྲོས་འཆར་འདིས་ང་ཚོ་རང་བཙན་གཙང་མ་ཡི་ལམ་ལ་འགྲོ་དགོས་པ་བཤད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་། དེ་བཞིན་གྲོས་འཆར་དེར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། གྲོས་འཆར་ནང་འཁོད་པའི་གནད་དོན་རྣམས་གལ་ཆེ་པོ་ཤ་སྟག་ཡིན་པ་མ་ཟད། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ལ་གཞིགས་ཏེ་གྲོས་ཚོགས་ངོས་ནས་རྣམ་འགྱུར་ཞིག་བསྟན་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བཟོ་བཅོས་གྲོས་འཆར་གྱི་ཚིག་བརྗོད་ཀྱི་ཐད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བསོད་ནམས་བསྟན་འཕེལ་བཅས་ཀྱིས་གཙོས་སྤྱི་འཐུས་མི་ཉུང་བས་བཟོ་བཅོས་གྲོས་འཆར་ཨང་ ༢༥ དེར་བསྐྱར་དུ་བཟོ་བཅོས་དགོས་པའི་དགོངས་ཚུལ་བཏོན་སོང་། མཐར་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་བཏོན་པའི་བཟོ་བཅོས་གྲོས་འཆར་ཏེ། སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་བར་མ་ཆད་པར་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨད་དང་བོད་ནང་དམ་དྲག་ཆེ་རུ་བཏང་བ་དང་། བོད་རྒྱ་འབྲེལ་མོལ་ལམ་ལྷོངས་མ་བྱུང་བ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་མ་ཟད། བྱ་སྤྱོད་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུར་ང་ཚོའི་འཐབ་རྩོད་ཀྱི་སྟོབས་ཤུགས་སྔར་ལས་ཆེ་བ་ཡོང་ཐབས་སུ་གཞུང་མང་གཉིས་ནས་ནུས་པ་མཉམ་སྤུངས་བྱ་རྒྱུ། ཞེས་པ་དེར་སྤྱི་འཐུས་ ༣༡ གིས་རྒྱབ་སྐྱོར་ཐོག་མང་མོས་གཏན་འབེབ་གནང་ཐུབ་སོང་།

ད་ཐེངས་ཀྱི་གྲོས་ཚོགས་ཚོགས་དུས་འདིར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༦ བཏོན་ཡོད་པའི་ནང་ནས། དོན་ཚན་ ༡ དང་། ༤། ༥། ༦ པ་བཅས་ལ་འགྱུར་བཅོས་མེད་པར་སྤྱི་མོས་ཀྱིས་གཏན་འབེབ་གནང་ཡོད་ཅིང་། གྲོས་ཆོད་ཀྱི་སྔོན་གླེང་དང་། གྲོས་ཆོད་དོན་ཚན་ ༢ པའི་ནང་འཁོད་པའི་ཚིག་བརྗོད་རེ་ཟུང་དང་། དོན་ཚན་ ༣ པར་བཟོ་བཅོས་བྱས་ཡོད་པ་མ་ཟད། སྔར་ཡོད་དོན་ཚན་ ༦ གི་སྟེང་དོན་ཚན་གསར་པ་གཉིས་ཁ་སྣོན་བྱས་ཏེ་སྤྱི་མོས་ཀྱི་ཐོག་ནས་དོན་ཚན་ ༨ གཏན་འབེབ་བྱུང་སོང་།

ཁ་སྣོན་བྱས་པའི་གྲོས་ཆོད་གཉིས་ནི། དོན་ཚན་ ༧ པ། ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་ཁའི་ཨོ་ལུམ་ཕིག་རྩེད་འགྲན་གྱི་རྒྱས་འཛོམས་དེ་བཞིན་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ ཚེས་ ༤ ནས་ ༢༠ བར་རྒྱ་ནག་པེ་ཅིན་ཏུ་བྱ་གཏན་འཁེལ་བ་དེ་དང་། ཡང་རྒྱ་ནག་དམར་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་བདུན་བཅུ་འཁོར་ཡོད་ཟེར་བའི་དུས་དྲན་ཞིག་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༡ ཉིན་འཚོག་འཆར་ཡོད་པ་བཅས་ལ་བོད་མི་རྣམས་ནས་ངོ་རྒོལ་དང་གདོང་ལེན་གྱི་རྣམ་འགྱུར་སྟོན་ཕྱིར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ནས་འཛམ་གླིང་ཡོངས་ཁྱབ་ཏུ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་གལ། ཞེས་པ་དང་། དོན་ཚན་ ༨། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཙམ་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ འཛམ་གླིང་ནང་ཁྱབ་གདལ་དུ་སོང་སྟེ། འཛམ་གླིང་རྒྱལ་ཁབ་མང་པོའི་མི་རྒྱུ་གཉིས་ལ་ཚད་ལས་འདས་པའི་དཀའ་ངལ་བཟོས་པ་མ་ཟད། མང་པོ་ཞིག་དུས་ད་ལྟའང་དཀའ་ངལ་མྱོང་བཞིན་ཡོད། ཏོག་དབྱིབས་གཉན་རིམས་དེ་ཉིད་རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་ཁབ་གཞན་རྣམས་རང་གི་དབང་འོག་ཏུ་བསྡུ་ཐབས་སླད་ཆེད་མངགས་བཟོས་པ་ཞིག་ཡིན་པར་འཛམ་གླིང་རྒྱལ་ཁབ་མང་པོས་ངོས་འཛིན་བྱེད་བཞིན་པ་ལྟར། རྒྱ་ནག་གཞུང་གིས་དེར་ངོས་ལེན་ཞུ་དགོས་པ་མ་ཟད། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གི་ཆེད་འཛུགས་ཚོགས་ཆུང་ནས་ནད་ཡམས་དང་འབྲེལ་བའི་ཞིབ་འཇུག་ཚད་ལྡན་དང་མཐིལ་ཕྱིན་ཡོང་བར་རྒྱ་ནག་གཞུང་ནས་མཐུན་འགྱུར་ངོས་ཞུ་དགོས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་གནོན་ཤུགས་སྤྲད་དགོས་པའི་འབོད་སྐུལ་ཞུ་རྒྱུ། བཅས་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese