མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་བོད་མི་བཀྲ་ཤིས་རྒྱལ་ཞུ་བ་ཞིག་ལ་རྒྱལ་ཁབ་ཁ་བྲལ་དང་བདེ་འཇགས་ལ་ཉེན་ཁ་བསྐྲུན་པའི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ (Human defender) ཞེས་པའི་དྲ་གནས་ཤིག་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས། བོད་མི་བཀྲ་ཤིས་རྒྱལ་ཞུ་བ་ཞིག་གིས། སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་༧གོང་ས་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་པར། དེ་བཞིན། ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པའི་པར་རིས་དང་༧གོང་ས་མཆོག་གི་བཀའ་སློབ་སོགས་དྲ་ལམ་ནས་ཕབ་ལེན་གྱིས་སྐད་འཕྲིན་གྱི་ཚོམས་ནང་བརྒྱུད་སྤེལ་བྱས་བར་བརྟེན། རྒྱལ་ཁབ་ཀྱི་བདེ་འཇགས་དང་བདག་དབང་། ས་ཁོངས་མཐུན་སྒྲིལ་བཅས་ལ་ཉེན་ཀ་བསྐྲུན་པའི་ཉེས་མིང་འོག ལོ་གཅིག་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་འབྲེལ་གནས་ཚུལ་ནང་། མགོ་ལོག་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས། བོད་མི་བཀྲ་ཤིས་རྒྱལ་ལགས་ནས་༧གོང་ས་མཆོག་དང་སྲིད་སྐྱོང་གཉིས་ཀྱི་སྐུ་པར་བརྒྱུད་སྐུལ་བྱས་པ་གཙོས་པའི་ལོ་གསར་དང་བསྟུན། སྐད་འཕྲིན་གྱི་དྲ་ཚོམས་ནང་བོད་རང་བཙན་དང་འབྲེལ་བའི་གངས་སེང་ཅན་གྱི་བོད་ཀྱི་རྒྱལ་དར་བསྐུར་བ་དང་། ༧གོང་ས་མཆོག་ཕྱིར་བོད་ནང་ཕེབས་པའི་རེ་སྒུག་མཚོན་པའི་བརྙན་བསྐུར་ཡོད་པ་སོགས་ཀྱི་ཉེས་འཛུགས་བྱས་ཡོད་སྐོར་བརྗོད་འདུག
ཡང་གནས་ཚུལ་ནང་བོད་མི་བཀྲ་ཤིས་རྒྱལ་ལགས་རྒྱ་ནག་གིས་བཅད་འགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་བོད་མི་ཞིག་ཡིན་པ་གསལ་འདོན་བྱས་ཡོད་ནའང་། ཁོང་ད་ལྟ་རང་ལོ་ག་ཚོད་ཡིན་པ་དང་ས་གནས་དང་སྐྱེས་ཡུལ་སོགས་ཀྱི་གནས་ཚུལ་རྒྱས་པ་གང་ཡང་གསལ་ཁ་མི་འདུག་ལ། དེ་བཞིན། གནས་ཚུལ་ནང་མང་ཚོགས་ཁྲོད་གསང་རྒྱ་བྱེད་སླད་བོད་མི་བཀྲ་རྒྱལ་ལགས་སུ་བཙོན་འཇུག་ཁྲིམས་ཐག་གསང་བའི་སྒོ་ནས་བཅད་ཡོད་པ་དང་། ཁོང་འདས་ལོའི་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཟླ་ལྔ་མ་ཟིན་ཙམ་རིང་བཀག་ཉར་འོག་བཞག་ཡོད་པ་གསལ་འདུག
ཡང་འདས་ལོའི་ལོ་མཇུག་ཏུ་བོད་མི་ལྷུན་གྲུབ་རྡོ་རྗེ་ཞུ་བ་ཞིག་གིས་རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ལམ་སྟེང་༧གོང་ས་མཆོག་གི་བཀའ་སློབ་དང་བོད་རང་བཙན་སྐོར་གྱི་ནང་དོན་ལྡན་པའི་པར་རིས་དང་བརྙན་ཁག་ཅིག་བརྒྱུད་སྐུལ་བྱས་པ་ལ་བརྟེན་ནས། མགོ་ལོག་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས་ལྷུན་གྲུབ་རྡོ་རྗེ་ལགས་སུ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་འོག་ལོ་ ༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།