ཐུན་མོང་གི་དྲི་བ།
བོད་མི་མང་སྤྱི་འཐུས་ཤིག་གི་འགན་འཁྲི་གཙོ་བོ་ག་རེ་ཡིན་ནམ།
དགེ་བཤེས་བློ་བཟང་ཆོས་འཕེལ་ལཊ།
ལན། བོད་མི་མང་སྤྱི་འཐུས་ཤིག་ལ་འགན་འཁྲི་མང་པོ་ཡོད་པའི་ཁྲོད། འགན་འཁྲི་གཙོ་བོ་ཞིག་ནི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྒྲིག་གཞིའི་ཐོག དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་བོད་རྒྱ་འབྲེལ་མོལ་ཞུས་ཏེ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་སོགས་པའི་གཞིས་ལུས་རྒྱ་ཆེ་མི་མང་གི་དཀའ་སྡུག་སེལ་ཐུབ་དགོས་པའི་རིགས་མང་པོ་ཞིག་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ནི་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཞིག་ཡིན་པའི་ཆ་ནས། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་གོ་རྟོགས་ངེས་ཅན་ཡོད་པ་དང་དབུ་མའི་ལམ་གྱི་སྲིད་ཇུས་དེ་བོད་མི་རིགས་ཀྱི་རྩ་དོན་དང་ལྷག་པར་དུ་བོད་ནང་གི་སྐད་ཡིག་མཚོན་པའི་གཞིས་ལུས་རྒྱ་ཆེ་མི་མང་གི་དཀའ་སྡུག་སེལ་ཐབས་ཀྱི་ལམ་ཁ་ཡག་ཤོས་ཡིན་པའི་འགན་འཁུར་རྒྱུ་དང་གོ་རྟོགས་དགོས་རྒྱུ་གལ་ཆེ་ཤོས་སུ་མཐོང་གི་ཡོད། གཉིས་པ་དེར་བོད་མི་མང་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ལུས་ངག་ཡིད་གསུམ་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་དམངས་གཙོ་འཕེལ་རྒྱས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ་བྱ་རྒྱུའི་འདུ་ཤེས་ངེས་པར་དུ་ཡོད་པ་ཞིག་ཡིན་དགོས་བསམ་གྱི་ཡོད།
ཆོས་གྲགས་རྒྱ་མཚོ་ལགས།
ལན། ཁྲིམས་བཟོ་ལྷན་ཚོགས་སམ་ཡང་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རྒྱལ་ཁབ་དང་ཡུལ་ལུང་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་ཡོད་པ་ཐོག་མར་ཤེས་པ་གནང་རྒྱུ་དང་། ཆབ་སྲིད་ཚོགས་པ་མེད་དུས་མཚམས་མཚམས་ལ་བཀའ་ཤག་གི་ཁ་གཏད་དུ་ལངས་ཏེ། ལས་དོན་བྱེད་ཕྱོགས་འགྲིག་གི་ཡོད་མེད་ཐེར་འདོན་དང་སྐྱོན་བརྗོད་ག་རེ་གནང་དགོས་མིན་ཐད་ཆ་ཤས་ལེན་དགོས་ཀྱི་འདུག སྐབས་དང་སྐབས་སུ། བཀའ་ཤག་གི་ངོས་ནས་ལས་འཆར་དང་གྲོས་འཆར་རིགས་བསྣམས་ཡོང་དུས། ཕྱོགས་གཅིག་གི་ངོ་བོའི་ཐོག་ནས་བསྡད་དེ་ཆར་བ་ཆུ་གྲོགས་དང་གདོང་མ་མཉམ་འགྲོག་བྱས་ནས་བཀའ་ཤག་ལ་རྒྱབ་སྐྱོར་བྱ་རྒྱུ། དེ་ལས་ལྷག་པའི་གནད་དོན་གཞན་ཞིག་ནི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོ་མི་མང་གི་སྐུ་ཚབ་དང་འཐུས་ཚབ་ཡིན་དུས། དུས་དང་རྣམ་པ་ཀུན་ཏུ་བོད་མིའི་སྒྲིག་འཛུགས་དང་མི་མང་བར་གྱི་ཟམ་པ་ལྟ་བུའི་ཁུར་བཞེས་ཏེ། མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་དང་འོག་གི་གནས་སྟངས་ཤིག་ཡར་སྒང་ལ་ཞུ་དགོས་ཀྱི་ཡོད་པ་སོགས། མདོར་བསྡུས་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཤུགས་རྒྱག་རྒྱུ་དུས་དང་རྣམ་པ་ཀུན་ཏུ་གལ་ཆེན་པོ་བསམ་གྱི་འདུག
པ་སངས་སྟོབས་ལྡན་ལགས།
ལན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཁང་དང་སྤྱི་འཐུས་ནི་བོད་མི་མང་གི་མགྲིན་ཚབ་པ་རེད། ང་ཚོ་བོད་མི་རྣམས་བོད་ཕྱི་ནང་གཉིས་དང་འཛམ་གླིང་ས་ཕྱོགས་གང་དུ་ཡོད་ནའང་། བོད་མི་མང་སྤྱི་འཐུས་ཀྱི་འཐུས་མི་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ལ་ལྟ་རྟོག་དང་མི་མང་དང་གཞུང་བར་གྱི་ཟམ་པ་ལྟ་བུའི་ལས་ཀ་བྱེད་མཁན་ཆགས་ཀྱི་ཡོད། སྤྱི་འཐུས་ནི་བཀའ་ཤག་དང་སྒྲིག་འཛུགས་བར་ལས་ཀ་བྱེད་མཁན་གཙོ་བོ་དེ་ཆགས་ཀྱི་ཡོད། ཐུང་ཐུང་ཞིག་ཞུས་ན་སྤྱི་འཐུས་ལྷན་ཚོགས་ནི་མི་མང་དང་སྲིད་གཞུང་བར་མེད་དུ་མི་རུང་བའི་ཟམ་པ་ལྟ་བུ་ཆགས་བསྡད་ཡོད་པ་རེད།
སངས་རྒྱས་བཀྲ་ཤིས་ལགས།
ལན། བོད་མི་མང་སྤྱི་འཐུས་ཀྱི་འོས་འགན་གཙོ་བོ་ནི་གཞིས་བྱེས་བོད་མི་ཚང་མའི་སྐུ་ཚབ་མཚོན་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། བསམ་བློ་དེ་གཞིར་བཞག་ཐོག་༧སྤྱིར་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་རིན་ཐང་བྲལ་བའི་བཀའ་སློབ་ལམ་སྟོན་ཐོག་ཤར་བསྐྱོད་གནང་ཐུབ་མཁན་ཞིག་ཡིན་དགོས་ཀྱི་ཡོད་པ་རེད། དེ་ཐུབ་པ་ཡིན་ན་གཞིས་ལུས་རྒྱ་ཆེ་མི་མང་དང་བོད་མི་མང་ཡོངས་རྫོགས་ཀྱི་མངོན་འདོད་མཚོན་པའི་སྐུ་ཚབ་ཅིག་མཚོན་ཐུབ་ཀྱི་ཡོད་པ་རེད། དེ་ཚོ་ཚང་མ་ཚང་བའི་ཐོག་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཐོག་ཤར་བསྐྱོད་དང་སྲུང་སྐྱོབ། ལག་ལེན་གནང་དགོས་པའི་འོས་འགན་ཡོད་པ་རེད་བསམ་གྱི་ཡོད།
ཐུན་མོང་མ་ཡིན་པའི་དྲི་བ།
དྲི་བ། བོད་རྒྱ་འབྲེལ་མོལ་འགག་སོང་བ་དེའི་འགན་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་པ་རེད་ཅེས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་ཡོད་པ་རེད། འོན་ཀྱང་། འགན་དེ་རྒྱ་ནག་གིས་འཁུར་བ་ཙམ་གྱིས་བོད་དོན་བདེན་མཐའ་གསལ་བའི་ལམ་ཀ་ཞིག་ལ་འགྲོ་ཐུབ་ཀྱི་ཡོད་དམ་མེད། ཁྱེད་རང་ལ་དགོངས་ཚུལ་ག་རེ་ཡོད་དམ།
དགེ་བཤེས་བློ་བཟང་ཆོས་འཕེལ་ལཊ།
ལན། ང་ཚོ་དབུ་མའི་ལམ་ཐོག་ནས་བོད་རྒྱ་འབྲེལ་མོལ་འབྱུང་དགོས་ཀྱི་ཡོད་པ་དང་། གཙོ་བོ་རྒྱ་ནག་གིས་ཁས་ལེན་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། ད་ལྟའི་ཆར་དབུ་མའི་ལམ་ཐོག་ནས་འབྲེལ་མོལ་ཡོང་བར་རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་མེད་པ་གསལ་བོ་རེད། དེར་བརྟེན། རྒྱ་ནག་གིས་ངོས་ལེན་བྱེད་པར་ང་ཚོ་མི་མང་ངོས་ནས་དབུ་མའི་ལམ་ཐོག་རྒྱབ་སྐྱོར་དང་ལས་འགུལ་ངེས་ཅན་ཞིག་སྤེལ་དགོས་ཀྱི་འདུག བོད་པ་མི་རེ་ངོ་རེ་ནས་དབུ་མའི་ལམ་ཐོག་འདུ་ཤེས་ཟབ་མོ་ཞིག་ཡོད་པ་དང་། ལྷག་པར་དུ་ང་ཚོའི་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས་ངོས་ནས་དབུ་མའི་ལམ་ཐོག་ཚོགས་འདུ་རིམ་པ་དང་ལས་འགུལ། ཕྱག་ལས་སོགས་ང་ཚོ་གཞུང་མང་གཉིས་ནས་ལས་འགུལ་རིམ་པ་སྤེལ་དགོས་པའི་གནད་འགག་མཐོང་གི་འདུག རྒྱ་ནག་གིས་ཁས་ལེན་བྱེད་པའི་བརྒྱ་ཆ་མང་པོ་ཞིག་ང་ཚོའི་ལག་ཏུ་འདུག་བསམ་གྱི་ཡོད། ང་ཚོ་གཞུང་མང་གཉིས་མཉམ་འབྲེལ་དང་གཅིག་ལ་གཅིག་གིས་ཡིད་ཆེས་ཡོད་པའི་ཐོག་ལས་འགུལ་སྣ་མང་སྤེལ་རྒྱུ་དང་མཉམ་དུ་རྒྱལ་སྤྱིའི་ཐོག་གི་རོགས་སྐྱོར་ལེན་དགོས་ཀྱི་ཡོད། ང་ཚོས་དེ་འདྲའི་ཐོག་འབད་བརྩོན་ཞུས་པ་ཡིན་ན་དུས་ཡུན་རིང་པོ་མི་འགོར་བར་གྲུབ་འབྲས་ཐོན་གྱི་རེད་བསམ་པ་མ་གཏོགས། རྒྱ་ནག་གི་ལག་ཏུ་ཡོད་པ་རེད་ཟེར་ནས་ང་ཚོ་འཐུས་ཤོར་ཕྱིན་པ་ཡིན་ན་ནམ་ཡང་འབྲས་བུ་འཐོབ་རྒྱུ་ཁག་པོ་ཡིན་སྟབས། རྒྱ་ནག་གིས་ཁས་ལེན་བྱེད་པར་གཙོ་བོ་ང་ཚོ་གཞུང་མང་གཉིས་ནས་ཤུགས་བསྐྱོན་རྒྱུ་དང་། རྒྱལ་སྤྱིའི་ཐོག་གི་རོགས་སྐྱོར་ལ་བརྟེན་དགོས་ཀྱི་ཡོད་པའི་འདུ་ཤེས་ཟབ་མོ་ཡོད།
དྲི་བ། སྤྱི་ཚོགས་དྲ་ལམ་ཤུགས་ཆེན་དར་བ་དང་བསྟུན། འཛམ་བུ་གླིང་སྤྱི་དང་བྱེ་བྲག་བོད་མིའི་སྤྱི་ཚོགས་ནང་གཞི་རྩ་ཡོད་མེད་ཀྱི་སྐྱོན་འཛུགས་དང་ཐེར་འདོན། ལྷག་པར་དུ་ངོ་གདོང་མི་གསལ་བའི་འཇབ་རྒོལ་བ་མང་པོ་ཞིག་གིས་ཐ་ན་དགའ་ལྡན་ཕོ་བྲང་གི་བཀའ་ཡིག་ཀྱང་རྫུན་མ་བཟོས་ཏེ། བོད་མིའི་སྤྱི་ཚོགས་ནང་འགལ་ཟླ་སློང་ཐབས་དང་། འཆམ་མཐུན་མཉམ་གནས་ཀྱི་ནུས་པ་རྩ་བརླག་ཏུ་གཏོང་བའི་བྱེད་ལས་བརྩམས་དང་རྩོམ་བཞིན་ཡོད་དུས། འདི་ལ་ཁྲིམས་སྒྲིག་གི་ཐོག་ནས་རྩ་འཛིན་ལམ་སྟོན་དང་སྤྱི་ལ་ཁྱབ་པའི་སྟངས་འཛིན་དོ་དམ་བྱེད་ཐབས་དང་ཐབས་ལམ་ག་རེ་དགོས་པ་མཐོང་གི་འདུག་གམ། རྒྱུ་མཚན་གནད་བསྡུས་ཤིག་གསུངས་དང་།
ཆོས་གྲགས་རྒྱ་མཚོ་ལགས།
ལན། དྲི་བ་འདི་གནད་འགག་ཆེན་པོ་ཡིན་པ་གང་ཞིག་ལ་ང་ཚོ་བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར། འཛམ་གླིང་གི་དམངས་གཙོའི་ལུང་པ་སྔ་ཤོས་དང་ཡང་ན་དཔལ་འབྱོར་མངའ་ཐང་གི་རྒྱལ་ཁབ་ཆེ་ཤོས་ཨ་རིའི་གཞུང་ལྟ་བུ་ཡིན་ནའང་། ཉེ་ཆར་རང་བྷའེ་ཌན་དང་ཊོམ་ཕུ་གཉིས་བར་ཐབས་སྐྱོ་བའི་གནས་ཚུལ་ཧ་ཅང་མང་པོ་བྱུང་ཡོད་པ་རེད། ང་རང་ཚོ་ལུང་པ་མེད་པའི་སྒྲིག་འཛུགས་དང་སྤྱི་ཚོགས་ཆུང་ཆུང་འདི་འདྲ་ཞིག་གི་ནང་ལ་ཡོད་ཡོད་པ་རེད། ཡིན་ནའང་། དེ་ཡོད་པ་རེད་ལབ་ནས་འཇོག་རྒྱུ་མ་ཡིན་པར་ཕྱོགས་བཞི་མཚམས་བརྒྱད་དང་ཐབས་བརྒྱ་ཇུས་སྟོང་གི་ལམ་ནས་ཡར་རྒྱས་གཏོང་ཐུབ་པ་དང་། ང་ཚོས་བྱེད་ཐུབ་པ་གང་ཡོད་ལ་ལྟ་རྒྱུ་གལ་ཆེན་པོ་རེད། ད་ལྟ་ཁྱེད་རང་གིས་གསུངས་པ་ནང་བཞིན། ཉེ་ཆར་ང་ཚོའི་ཕོ་བྲང་གི་བཀའ་ཡིག་ཡན་ཆད་བེད་སྤྱོག་ལོག་པར་བྱས་ཏེ་འོས་མི་བྱེ་བྲག་པ་ལ་ཟུར་ཟ་དང་འོས་མི་གཞན་དེར་རྒྱབ་སྐྱོར་གྱི་ཚུལ་དེ་འདྲ་བྱུང་ཡོད་པ་རེད། རྩ་བའི་དེ་མི་མང་གི་གོ་རྟོགས་དམན་དྲགས་པ་དང་དམངས་གཙོའི་ཁེ་དབང་ཚུལ་བཞིན་དུ་ལོངས་སྤྱོད་བྱེད་མ་ཐུབ་པ་ལ་བརྟེན་ནས་འབྱུང་གི་ཡོད་པ་རེད། ཨ་རི་དང་རྒྱ་གར་ལྟ་བུའི་ནང་དམངས་གཙོའི་རང་དབང་ཡོད་དུས། རྒྱ་ནག་ནང་བཞིན་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ཐོག་ནས་འདི་མར་བཀག་སྡོམ་བྱེད་ཀྱི་ཡིན་ཟེར་ཐུབ་ཀྱི་མེད་རེད་དེ། ང་རང་ཚོའི་བོད་མིའི་སྒྲིག་འཛུགས་དང་དེའི་ནང་ལོགས་ནས་ཀྱང་ཁྲིམས་བཟོ་ལྷན་ཚོགས་ངོས་ནས་དེ་དང་འབྲེལ་བའི་སོ་སོའི་རྙོབ་ཚད་ཀྱི་གྲོས་གཞི་བསྣམས་ཡོང་ནས་མང་མོས་དང་སྤྱི་མོས་གང་རུང་ཐོག་ནས་གཏན་འབེབས་གནང་དགོས་ཀྱི་འདུག དེ་འདྲའི་ཐོག་ཁྲིམས་བཟོ་ལྷན་ཚོགས་ཀྱི་གྲུབ་ཆའི་ཐོག་ཡོད་པ་ཚོས་ལྷག་པར་དུ་འགན་ཆེན་པོ་འཁུར་ཏེ། ད་ལོའི་འོས་བསྡུ་དང་སྐབས་སྔོན་མའི་འོས་བསྡུའི་སྐབས་ཀྱི་འཐུས་ཤོར་རིགས་ཤེས་པའི་ཐོག་ནས་མ་འོངས་པར་དེ་རིགས་མ་བྱུང་བ་ཡིན་ན་བོད་སྤྱི་བར་ཁེ་ཕན་འདུག་བསམ་པའི་ངེས་ཤེས་རྙེད་པ་དང་། མ་འོངས་པར་ང་རང་ཚོ་སུ་ཞིག་གྲོས་ཚོགས་ནང་འགྲོ་ཐུབ་པ་ཡིན་ན་གནད་དོན་འདི་འདྲའི་ཐོག་ཁྲིམས་གཅིག་མ་གཏོགས་བཟོ་མ་ཐུབ་ཚེ་བཟོ་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་བསྐྱར་མཐུད་བྱུང་སྟེ་འགྲོ་འོང་མང་དུ་ཕྱིན་པ་དང་། སྤྱི་ཚོགས་དྲ་ལམ་སོགས་ནས་ཕན་ཚུན་ལ་ལྟ་ཆོག་ཆོག་དང་ཉན་བདེ་བོ་ཞིག་ཆགས་པ་དང་བསྟུན། བོད་ནང་གི་བོད་མི་མང་པོ་ཞིག་བཙན་བྱོལ་བར་རེ་བ་བརླག་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་ང་ཚོས་ཟ་དང་ཟུར་ནས་མཐོང་ཡོང་གི་ཡོད་པ་རེད། དེའི་རྒྱུ་རྐྱེན་ལ་བོད་ཕྱི་ནང་གཉིས་ཀའི་ངོས་ནས་བསམ་བློ་གཏོང་དགོས་ས་མང་དག་ཅིག་ཡོད་པ་རེད་བསམ་གྱི་འདུག ཁྱེད་ཀྱིས་བསམ་བློ་གཏོང་ས་གང་དག་མཐོང་གི་འདུག་གམ།
པ་སངས་སྟོབས་ལྡན་ལགས།
ལན། ང་རང་གིས་བསམ་ཚུལ་བྱས་ན་བོད་ནང་གི་བོད་མི་ཚོས་ཕྱི་ཕྱོགས་སུ་ཡོད་པའི་བོད་མིར་རེ་བ་རྩ་བ་ནས་བརླག་ཡོད་པ་མ་རེད། རེ་ཟུང་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཀྱི་ཡོད་སྟབས། རྒྱ་ནག་གི་རྐུབ་ལ་རྒྱུགས་ཀྱི་ཡོད། དེ་མ་ཡིན་པའི་བོད་ནང་གི་བོད་མི་ཚང་མས་ཕྱི་ཕྱོགས་སུ་བཞུགས་པའི་༧རྒྱལ་བ་རིན་པོ་ཆེས་གཙོས་པའི་བོད་མིའི་སྒྲིག་འཛུགས་དང་ཁོ་ཚོའི་གྲོགས་ཉེ་རིང་སོགས་ཚང་མར་ཡིད་ཆེས་ཆེན་པོ་འདུག་བསམ་གྱི་ཡོད། མི་རེ་ཟུང་ཞིག་གིས་ཤུགས་རྐྱེན་དེ་བསླེབ་མི་སྲིད་པ་མ་རེད། འོན་ཀྱང་། ངས་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་མི་འདུག
དྲི་བ། བོད་མིའི་སྤྱི་ཚོགས་ནང་ཕྱི་རྒྱལ་སྤྱི་འཐུས་ཇེ་མང་དུ་གཏོང་དགོས་པ་དང་། ཆོས་བརྒྱུད་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་མཁན་མང་པོ་ཡོང་གི་ཡོད་དུས། ཁྱེད་རང་ལ་དེའི་ཐད་དགོངས་འཆར་ག་རེ་ཡོད་དམ།
སངས་རྒྱས་བཀྲ་ཤིས་ལགས།
ལན། ང་ལ་ཆོས་བརྒྱུད་སྤྱི་འཐུས་དགོས་ཀྱི་མི་འདུག་པའི་འདོད་པ་དང་བསམ་ཚུལ་གང་ཡང་མེད། ཡིན་ན་ལས་གནས་ཚུལ་དངོས་གནས་རེད། བོད་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྡོད་ཀྱི་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་སྐྱབས་བཅོལ་བོད་མི་ཚོ་སྔོན་མ་དང་བསྡུར་ན་རྦད་དེ་ཕྱེད་ཀ་འདྲ་པོ་ཆགས་ཀྱི་ཡོད་པ་རེད། ང་རང་གིས་ས་གནས་མི་འབོར་གྱི་གནས་སྟངས་ལ་དཔག་པའི་སྤྱི་འཐུས་འོས་མི་དགོས་ཀྱི་རེད་བསམ་གྱི་ཡོད། གྲོས་ཚོགས་ནང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་རྒྱུ་གལ་ཆེན་པོ་དཔེ་རེད། སྤྱི་འཐུས་ཀྱི་གྲངས་འབོར་དེ་ཆོལ་ཁའི་སྤྱི་འཐུས་གཞིར་བཞག་དང་། ཕྱི་རྒྱལ་ཁག་ཏུ་མི་འབོར་གྱི་གནས་སྟངས་གཞིར་བཞག་ཐོག་སྤྱི་འཐུས་ཀྱི་གྲངས་འབོར་ཇེ་མང་དུ་གཏོང་དགོས་ཀྱི་ཡོད་པར་མཐོང་གི་ཡོད། གང་ཡིན་ཟེར་ན། མི་འབོར་མང་སའི་ས་གནས་ཞིག་ཏུ་མི་གཅིག་གིས་མི་མང་གི་བདེ་སྡུག་ལ་ལྟ་རྟོག་དང་བོད་དོན་ལས་འགུལ་སོགས་སྤེལ་དགོས་ཀྱི་ཡོད་དུས། འཐུས་མི་གཅིག་གཉིས་ཙམ་ལས་འཐུས་མི་མང་ཙམ་ཡོད་ཚེ་ལས་འགུལ་ལ་ནུས་པ་ཆེ་བ་དང་ལམ་ཁ་གསར་པ་གཏོད་ཐུབ་པ་སོགས་ཕན་ཐོགས་ཡོད་པ་རེད་དྲན་གྱི་ཡོད།
ཆེད་དམིགས་ཀྱི་དྲི་བ།
དྲི་བ། ང་ཚོའི་གྲོས་ཚོགས་འཐུས་མི་རེ་ཟུང་ཞིག་གིས་དབུ་མའི་ལམ་ལ་མི་མང་གི་དབུ་མའི་ལམ་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་ཞེས་དབྱེ་བ་གཉིས་སུ་ཕྱེ་ཡོང་གི་འདུག ཁྱེད་རང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་ཡིན་པའི་ཆ་ནས་དེ་ལ་དགོངས་ཚུལ་ག་འདྲ་ཡོད་དམ།
དགེ་བཤེས་བློ་བཟང་ཆོས་འཕེལ་ལཊ་།
ལན། ཉེ་ཆར་མི་མང་གིས་མཐོང་ཟིན་པའི་གནས་སྟངས་ཤིག་དང་ནམ་རྒྱུན་གྲོས་ཚོགས་ནང་གང་ཟག་རེ་ཟུང་ཞིག་ཡོང་བསྡད་ཡོད་པ་རེད། ཉེ་ཆར་གྲོས་ཚོགས་འཐུས་མི་རེ་ཟུང་ཞིག་གིས་དབུ་མའི་ལམ་ལ་དབྱེ་བ་མང་པོ་ཞིག་ཕྱེས་བསྡད་པ་དང་། གྲོས་ཚོགས་ར་བའི་ནང་གི་འཐུས་མི་ཞིག་ཡིན་པའི་ངོས་ནས་དབུ་མའི་ལམ་ལ་ཡིད་ཆེས་དང་རེ་བ་མེད་ཟེར་མཁན་གང་ཟག་རེ་ཟུང་ཡོང་གི་འདུག་པ་དེ་ཚོ་ཧ་ཅང་ཛ་དྲག་དང་གནད་འགག་ཆེན་པོ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། སྐད་ཆ་དེ་འདྲ་སླེབས་ཡོང་དུས། དབུ་མའི་ལམ་དེ་ཐོག་མར་ལམ་སྟོན་དང་དགོངས་པར་གནང་མཁན་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་པ་དང་། དེ་ཡང་འཛམ་གླིང་གི་ཆབ་སྲིད་མཁས་དབང་དང་གནད་དོན་མང་པོ་ཞིག་དང་ཞིབ་བསྡུར་གྱིས་དགོངས་པར་འཁྲུངས་ཡོད་པ་རེད། དེ་འདྲ་དགོངས་པར་འཁྲུངས་པའི་གནད་དོན་ཞུས་བསྡད་ན་ཞུ་རྒྱུ་མང་པོ་ཡོད་པ་རེད་ལ་ཧ་ཅང་གི་རླབས་ཆེན་གྱི་ལམ་སྟོན་ཞིག་ཆགས་བསྡད་ཡོད། རླབས་ཆེན་གྱི་ལམ་སྟོན་དེ་ཡང་ང་ཚོའི་དམངས་གཙོའི་བརྒྱུད་རིམ་དང་མི་མང་གི་མང་མོས། གྲོས་ཚོགས་ཀྱི་ཁྲིམས་བཟོ་ལྷན་ཚོགས་ནས་སྤྱི་མོས་ཐག་གཅོད་བྱས་པ། དེ་ཡང་དམངས་གཙོའི་བརྒྱུད་རིམ་གྱི་ཚོགས་འདུ་གཅིག་ནས་མ་ཡིན་པར་བརྒྱུད་རིམ་སྣ་ཚོགས་ཐོག་ནས་ཧ་ཅང་ཚད་མཐོའི་གཏན་འབེབས་ཞུས་ཏེ། ད་ལྟའི་ཆར་དབུ་མའི་ལམ་དེ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཐོག་སྤྱི་མོས་གཏན་འབེབས་བྱས་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན། དེ་འདྲ་བའི་སྤྱི་མོས་གཏན་འབེབས་བྱས་པའི་སྲིད་ཇུས་ཤིག་ལ་གྲོས་ཚོགས་ར་བའི་ནང་གི་འཐུས་མི་ཞིག་གིས་ཡིད་ཆེས་དང་རེ་བ་མེད་པའི་སྐད་ཆ་བཤད་པ་དེ་རིང་བཞིན་གྱི་དམངས་གཙོ་དང་མི་མང་གི་མངོན་འདོད། གྲོས་ཚོགས་ར་བའི་ནང་གི་འཐུས་མི་ཞིག་ལ་སྐད་ཆ་དེ་འདྲ་བཤད་པའི་ཐོབ་ཐང་དང་གནས་བབ་དེ་རྩ་བ་ཉིད་ནས་ཡོད་པ་མ་རེད་ཞུ་འདོད་བྱུང་། དེ་བཞིན། དབུ་མའི་ལམ་ལ་དྲང་དོན་དང་ངེས་དོན་གྱི་རིམ་པ་མང་པོ་འབྱེད་བསྡད་པ་དེ་ང་ཚོའི་བཤད་རྒྱུན་ལྟར་བཤད་རྒྱུན་ཕོངས་པ་ལྟ་བུའི་སྐད་ཆ་རྫོགས་ན་ག་རེ་ཡིན་ཡང་བཤད་བསྡད་པ་དང་གང་དྲན་དྲན་བཤད་བསྡད་པ་ཆགས་ཀྱི་ཡོད་པ་རེད། དེ་རེད་མ་གཏོགས་ང་རང་རྒྱལ་སྤྱིའི་དབུ་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་ཡིན་པ་དང་། ལྷག་པར་དུ་ང་ཚོ་བོད་མི་ཚད་ལྡན་དང་རྣམ་དཔྱོད་ཡོད་མཁན་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་དབུ་མའི་ལམ་འདི་ལས་ལྷག་ཡོད་པ་མ་རེད།
དྲི་བ། ད་ལན་གྱི་ང་ཚོའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་ཡིན་ཡང་། ཕྱག་ལས་གནང་ཕྱོགས་ཀྱི་ཐོག་ནས་དབུ་མའི་ལམ་ལ་ཤར་སྐྱོད་ཀྱི་གནང་སྟངས་ཤིག་ཡོང་གི་མེད་པའི་དགོངས་ཚུལ་བྱུང་སོང་། ཁྱེད་རང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་དང་ནམ་རྒྱུན་དབུ་མའི་ལམ་ཐོག་ཕྱག་ལས་གནང་མཁན་ཞིག་ཡིན་པའི་ངོས་ནས། ཁྱེད་རང་དེའི་ཐད་དགོངས་ཚུལ་ག་འདྲ་ཡོད་དམ།
ཆོས་གྲགས་རྒྱ་མཚོ་ལགས།
ལན། ཁ་སང་གྲོས་ཚོགས་ནང་གླེང་སློང་དེ་འདྲ་བྱུང་བ་དང་། ང་ཚོ་རྒྱུན་ལས་འཛོམས་ཏེ་ལན་འདེབས་གནང་དགོས་ཀྱི་ཡོད་མེད་ཐད་ཚོགས་འདུ་སྔ་ཕྱི་ཚོགས་པ་ཡིན། ང་ཚོ་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནི་མི་སྒེར་པ་རེ་ཟུང་ལ་བརྡ་འདེད་དང་གསལ་འདེབས་བྱེད་པར་འགྲོ་དགོས་པ་ཞིག་མིན་དུས། མི་མང་ནང་དབུ་མའི་ལམ་ཐོག་གོ་རྟོགས་སྤེལ་ཐུབ་ན་བསམ་པ་རེད། གོ་རྟོགས་སྤེལ་ཐུབ་དགོས་པའི་རྒྱུ་མཚན་དེ་མཐའ་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་མི་མང་གི་འཐུས་ཚབ་ཡིན་མཁན་གང་ཟག་རེ་ཟུང་ལ་དབུ་མའི་ལམ་གྱི་གོ་རྟོགས་ཆུང་ཆུང་མ་གཏོགས་མེད་པ་ཡིན་ན། མི་མང་གི་གནས་སྟངས་ག་བར་བསླེབས་ཀྱི་རེད་བསམ་པ་བྱུང་ལ། ད་ལྟ་མང་ཚོགས་ཁྲོད་དབུ་མའི་ལམ་དང་འབྲེལ་བའི་ཟབ་སྦྱོང་དང་ངོ་སྤྲོད་གོ་རྟོགས་སྔར་ལྷག་སྤེལ་དགོས་པའི་ཚོར་བ་ཤུགས་ཆེན་བྱུང་སོང་། དངོས་གནས་བྱས་ན་གྲོས་ཚོགས་ནང་ཁྲིམས་དང་མཐུན་པའི་འགྲོ་སྟངས་འགྲོ་ལུགས་ཡོད་པ་དང་། དང་པོ་སྔོན་ལ་གྲོས་འཆར་ཁྱེར་ཡོང་དགོས་པ་རེད། གྲོས་ཚོགས་ནང་ལངས་ཏེ་ཚོར་བའི་དབང་དུ་ཕྱིན་ནས་ས་ལ་འབབ་རྒྱུ་མེད་པར་གནམ་ལ་ལྡིང་བའི་སྐད་ཆ་རྐྱང་རྐྱང་བཤད་བསྡད་ན། ཐད་གཏོང་དེའི་རིགས་ལ་བལྟས་བསྡད་ཡོད་དུས་མི་མང་གི་སེམས་ལ་ཚོར་བ་ཡོང་གི་ཡོད་པ་རེད། མི་མང་གི་འཐུས་ཚབ་ཚོ་སྟག་སེང་ཁ་སྤྲོད་ལྟ་བུ་བསྡད་ཡོད་དུས་མི་མང་ལ་ཁག་ཡོད་པ་མ་རེད། ད་ལྟ་དབུ་མའི་ལམ་འགྲིག་གི་མེད་པ་དང་བསྐྱར་བཅོས་དགོས་ཀྱི་ཡོད་ཚེ། གྲོས་འཆར་ཁྱེར་ཡོང་ན་མང་མོས་དང་སྤྱི་མོས་ག་རེ་ཐོག་ནས་འགྲོ་དགོས་བྱུང་ཡང་འགྲོ་རྒྱུ་དང་། དམིགས་བསལ་གྲོས་ཚོགས་ནང་ཁོ་ན་མ་ཡིན་པར་མང་ཚོགས་ཁྲོད་བསམ་འཆར་བསྡུ་རུབ་དང་མི་མང་རིང་བཞིན་གྱི་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་བྱས་ཏེ། དབུ་མའི་ལམ་ག་འདྲ་བྱས་ནས་གཏན་ལ་ཕབ་པ་ནང་བཞིན་ཁྱེད་རང་ཚོར་དགོངས་ཚུལ་དང་རྩ་དོན་རྩོད་པའི་ལངས་ཕྱོགས་གཞན་པ་ཡོད་ཚེ། ཁྲིམས་དང་སྒྲིག་གཞིའི་འགྲོ་ལུགས་འགྲོ་སྟངས་ཤིག་གི་ཐོག་ནས་འགྲོ་དགོས་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག དབུ་མའི་ལམ་མགོ་མ་ཚུགས་པའི་དཀའ་ངལ་དེ་འདྲ་ཞིག་ཐུག་བསྡད་འདུག ད་ལྟ་ང་ཚོའི་སྲིད་སྐྱོང་འོས་མི་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་དུས་རིང་དང་དུས་ཐུང་། དུས་འབྲིང་གི་དགོངས་འཆར་ཟེར་ནས་དཔེ་ཡག་པོ་གསུངས་ཡོད་པ་རེད། དངོས་གནས་དྲང་གནས་དབུ་མའི་ལམ་ནི་བོད་རྒྱ་ཞི་མོལ་མ་བྱུང་བ་དང་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བས་གྲུབ་འབྲས་མ་ཐོན་པ་ཙམ་མ་རེད། ང་ཚོས་དམངས་ཁྲོད་ནས་ག་རེ་བྱ་རྒྱུ་འདུག དཔེར་ན་རྒྱ་གར་དང་ཐའེ་ཝན་གྱི་གློག་བརྙན་འཁྲབ་མཁན་དང་གཞས་གཏོང་མཁན་མང་པོ་ཞིག་རྩ་བའི་ཐའེ་ཝན་དང་རྒྱ་ནག་བར་འགལ་རྐྱེན་མང་པོ་ཞིག་ཡོད་ཀྱང་། ཕར་གཏོང་ཚུར་གཏོང་བྱེད་ཀྱི་ཡོད་པ་དང་དེ་ལ་བརྟེན་ནས་ཕྱོགས་གཉིས་ཚོང་འབྲེལ་ཐོག་ནས་ཡར་རྒྱས་འགྲོ་རྒྱུ་དང་། དེ་བཞིན། ང་རང་ཚོའི་ཟློས་གར་ཚོགས་པ་ལྷ་ས་དང་ཟི་ལིང་དུ་འཁྲབ་སྟོན་བྱེད་པར་གཏང་ཆོག་གི་རེད། དེ་བཞིན། བརྙན་འཕྲིན་དང་ཚོང་འབྲེལ་ལམ་ནས་བོད་ནང་གི་ཟློས་གར་ཚོགས་པ་ཚུར་དྷ་རམ་ས་ལར་སྐད་བཏང་སྟེ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་མཉམ་དུ་ཆབ་སྲིད་ཟུར་ལ་བཞག་སྟེ་སྐད་ཆ་བཤད་རྒྱུ་དང་། དེ་མ་ཡིན་པའི་དབུ་མའི་ལམ་ཐོག་ནས་ལས་ཀ་སྔར་བྱས་པ་ལས་བྱ་རྒྱུ་མང་པོ་ལྷག་བསྡད་ཡོད་པ་རེད། དེ་དག་ཚང་མ་མཁྱེན་པའི་ཐོག་ནས་ད་ལྟ་ཡོད་བཞིན་པའི་གྲོས་ཚོགས་འཐུས་མི་དང་མ་འོངས་པར་གྲོས་ཚོགས་ནང་ཕེབས་མཁན་གྱི་འོས་མི་ཚང་མས་བསམ་བློ་རྒྱ་ཆེ་ས་ནས་དགོངས་པ་བཞེས་ནས་ཆ་ཤས་ལེན་རྒྱུ་གལ་ཆེན་པོ་རེད་མ་གཏོགས། མི་མང་གི་ནང་ལ་འཁྲུག་རྐྱེན་ཐེབས་ཀྱི་འདུག་ཞུ་རྒྱུ་ཡིན།
དྲི་བ། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་མི་མང་ལ་བསམ་ཡུལ་ལས་འདས་པའི་གོད་ཆག་ཆེན་པོ་བཟོས་དང་བཟོ་བཞིན་པ་རེད་ལ། འཛམ་གླིང་རྒྱལ་ཁབ་ཚང་མ་གློ་བུར་བའི་ནད་ཡམས་འདི་ལ་གྲ་སྒྲིག་མེད་པའི་དཀའ་ངལ་དང་སྐྱོན་ཆེན་པོ་བྱུང་ཡོད་སྟབས། ཁྱེད་སྨན་པ་ཞིག་ཡིན་པའི་ཆ་ནས་ང་ཚོའི་གསོ་རིག་ཐོག་ནས་ནད་ཡམས་འདིའི་རིགས་ལ་སྔ་ས་ནས་གྲ་སྒྲིག་དགོས་པ་གང་དང་གང་གཟིགས་ཀྱི་འདུག་གམ།
པ་སངས་སྟོབས་ལྡན་ལགས།
ལན། སྤྱིར་བཏང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་ཡམས་འདི་ཧ་ཅང་ཛ་དྲག་པོ་རེད། དམིགས་བསལ་གློ་བུར་དུ་བྱུང་བ་ཞིག་རེད། བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་ཀྱི་གསོ་བ་རིག་པའི་ཆེད་ལས་པར་དང་པོ་ནས་གྲ་སྒྲིག་མེད་པ་གསལ་བོ་ཧ་གོ་བསྡད་ཡོད་པ་རེད། ད་ལྟ་ནད་ཡམས་དེ་མིས་བཟོས་པ་ཡིན་པ་དང་ཡང་ན་རང་བྱུང་ནས་བྱུང་བ་ཡིན་མིན་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་ཤེས་ཀྱི་མེད། ཡིན་ནའང་། གཞུང་གི་ལུགས་ལ་སྔོན་མ་གསུངས་བཞག་པ་ཡོད་པ་རེད། ནད་ཡམས་དང་རིམས་ནད་སོགས་ནད་ཚ་མང་པོ་ཞིག་ཡོང་གི་ཡོད་པ་རེད་ལ། བོད་ཀྱི་གསོ་བ་རིག་པས་དེ་ལ་རབ་འབྲིང་མཐའ་གསུམ་གྱི་སྨན་བཅོས་དང་བྱ་རིམ། ཟས་སྤྱོད་སོགས་འདྲ་མིན་ཡོད་པ་རེད། ང་ཚོས་ནད་ཡམས་འདིའི་འབྱུང་ཁུངས་དང་ནད་འབུའི་ངོ་བོ་གང་ཡིན་ལ་མ་ལྟོས་པར་ལོ་ངོ་སྟོང་ཕྲག་གོང་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་ཉམས་མྱོང་ཡོད་པ་དང་བསྟུན་པའི་སྨན་རིགས་ཡོད་པ་རེད། བོད་ཀྱི་གསོ་བ་རིག་པ་ནི་སྨན་གཅིག་པོ་མ་ཡིན་པར་དད་པ་དང་སེམས་ཁམས་གལ་ཆེན་པོ་ཆགས་ཀྱི་ཡོད། ཉེ་སྔོན་བོད་པའི་གཞིས་ཆགས་ཨ་མ་ཞིག་གིས་སྔོན་འགོག་གི་སྨན་ཁབ་ཡོད་ཚེ་གཞོན་སྐྱེས་ཚོར་བརྒྱབ་རོགས་ལབ་ནས་སྐད་གྲགས་བཞག་ཡོད། ང་ཚོ་འགྲོ་རྒྱུའི་གྲ་སྒྲིག་ཡོད་དུས་གཞོན་སྐྱེས་ལོ་ཆུང་ཚོར་ཁབ་རྒྱག་རོགས་ལབ་པ་རེད།
དྲི་བ། ཁྱེད་ཀྱི་ལོ་རྒྱུས་ནང་དུ་ལོ་མང་རིང་ནུབ་བོད་རིག་གཞུང་བརྗེ་ལེན་གྱི་འབྲེལ་མཐུད་པའི་ཕྱག་ལས་གནང་ཡོད་པ་གསལ་འདུག བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པ་མང་པོ་ཞིག་གིས་ང་ཚོས་རིག་གཞུང་ཕྱིར་སྤྲོད་བྱས་པ་མ་གཏོགས་ནང་འདྲེན་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་བཤད་ཀྱི་འདུག ཁྱེད་ཀྱིས་བལྟས་ན་ང་ཚོའི་རིག་གཞུང་བརྗེ་ལེན་གྱི་གནས་སྟངས་ག་འདྲ་ཆགས་ཀྱི་འདུག་གམ།
སངས་རྒྱས་བཀྲ་ཤིས་ལགས།
ལན། ད་ལྟ་ངའི་ལོ་རྒྱུས་ནང་འཁོད་པའི་གནས་ཚུལ་དེ་མདོར་བསྡུས་ཤིག་ཞུས་ན་འདི་འདྲ་རེད། ལས་གཞི་དེ་ཕྱི་ལོ་ ༢༠༠༦ ཙམ་ནས་མགོ་བཙུགས་ཏེ་ད་ལྟ་བར་དུ་ཡུ་རོབ་ནས་སློབ་ཕྲུག་བཞི་སྟོང་ལྷག་གཙོ་བོ་བོད་པའི་རིག་གཞུང་དང་ཆབ་སྲིད་ཀྱི་གནས་བབ་ཤེས་རྟོགས་སླད་དྷ་རམ་ས་ལར་ཡོང་བསྡད་ཡོད་པ་རེད། ང་ཚོས་སོ་སོའི་རིག་གཞུང་ཕྱི་ལ་སྤེལ་བསྡད་པ་དང་ཕྱིའི་དཔལ་ཡོན་ནང་འདྲེན་བྱེད་ཐུབ་ཀྱི་མི་འདུག་ཟེར་བ་དེ་ཏག་ཏག་ཅིག་བསྡད་ཀྱི་ཡོད་པ་མ་རེད། ད་ལྟ་དམིགས་བསལ་བཙན་བྱོལ་གྱི་ང་ཚོའི་གཞོན་སྐྱེས་ཚོས་ཕྱིའི་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ནང་དེང་རབས་ཀྱི་སློབ་སྦྱོང་གནང་གི་ཡོད་པ་རེད་ལ། གཙོ་བོ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་འོག་དེའི་གོ་སྐབས་ཀྱང་ཡོད་པ་རེད། ང་ཚོར་དགོས་རྒྱུ་དེ་ཕྱིའི་དེང་རབས་སློབ་གསོ་ཆགས་བསྡད་ཡོད་པ་རེད་ལ། དེ་ང་ཚོས་ལེན་ཐུབ་ཀྱི་ཡོད་པ་དང་ལེན་གྱིན་ཡོད་པ་ཞིག་རེད། ང་ཚོའི་སྲོལ་རྒྱུན་རིག་གཞུང་དང་སྐད་ཡིག བསམ་བློའི་འདུ་ཤེས་ཁྱེར་སྟངས་ང་ཚོར་གལ་ཆེན་པོ་ཡིན་པ་ནང་ལྟར། དེའི་ཐོག་ནས་མི་རིགས་གཞན་ལ་ཕན་ཐོགས་བྱེད་པའི་ཀུན་སློང་དེ་ང་ཚོར་དགོས་ཀྱི་ཡོད་པ་རེད། དེ་ཡང་གཙོ་བོ་༧གོང་ས་མཆོག་གི་དགོངས་གཞི་ཞིག་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་ཀྱིས་འཛམ་གླིང་མི་མང་ལ་བདེ་སྐྱིད་བསྐྲུན་པའི་ཕན་ཞིག་ཐོགས་ཀྱི་ཡོད་སྟབས། ༧གོང་ས་མཆོག་གིས་ད་ལྟའི་བར་སྐུ་ལས་བསྐྱོན་པ་དང་། དེ་ཚོ་ང་ཚོས་ཕར་སྤྲད་པ་ཙམ་གྱིས་ང་ཚོས་ཕར་ཞེ་དྲགས་སྤྲོད་ཀྱི་ཡོད་བསམ་པའི་སེར་སྣ་རྩ་བ་ནས་བྱེད་དགོས་ཀྱི་ཡོད་པ་མ་རེད། ང་ཚོས་ག་ཚོད་ཀྱིས་བོད་པའི་རིག་གཞུང་དང་གོམས་གཤིས་བཟང་པོ་དེ་འཛམ་གླིང་མི་མང་ནང་ལ་སྤེལ་ཐུབ་པ་ཡིན་ན། ང་ཚོར་ཚུར་དགོས་པའི་རིན་ཐང་དང་རྒྱབ་སྐྱོར་རང་བཞིན་གྱིས་ཐོབ་ཡོང་གི་རེད་ཞུ་རྒྱུ་ཡིན།
ཐུན་མོང་མ་ཡིན་པའི་དྲི་བ།
དྲི་བ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་གསར་ཁང་དེ་ཚོ་དམངས་གཙོའི་ཀ་བ་བཞི་པ་ཡིན་ལ། གསར་འགོད་རང་དབང་ཆ་ཚང་ཡོད་པ་རེད་ཅེས་གོང་འོག་མང་པོས་བཤད་ཀྱི་འདུག ཁྱེད་ཀྱིས་དངོས་གནས་དེ་འདྲ་ཞིག་རེད་དྲན་གྱི་འདུག་གམ།
སངས་རྒྱས་བཀྲ་ཤིས་ལགས།
ལན། གསར་འགོད་པ་དམངས་གཙོའི་ཀ་བ་བཞི་བ་ཡིན་ཟེར་བ་ནི་ང་ཚོ་བོད་པའི་སྤྱི་ཚོགས་གཅིག་པོའི་ནང་མ་རེད། འཛམ་གླིང་གཅིག་མཚུངས་ཀྱིས་གཟིགས་སྟངས་དེ་དམངས་གཙོའི་ཀ་བ་བཞི་བ་རང་ལ་གཟིགས་ཀྱི་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་ལ་གསར་འགོད་རང་དབང་ཆ་ཚང་འདུག་དང་མི་འདུག་ཟེར་བ་དེ། གསར་འགོད་གནང་མཁན་གྱི་མིའི་གསར་འགོད་གནང་སྟངས་དང་ཆུ་ཚད། དེ་ལ་གདེང་ཚོད་དང་སྤོབས་པ། ཞེད་སྣང་མེད་པ་ཞིག་དགོས་ཀྱི་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་གསར་འགོད་རང་དབང་མེད་པ་དེ་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཤིག་ཡིན་སྟབས། རང་དབང་ཡོད་པའི་རྒྱལ་ཁབ་ནང་ཁྲིམས་དང་སྒྲིག་གཞིའི་ཐོག་གཞུང་གི་གནོད་ཤུགས་འོག་ནས་གསར་འགོད་རང་དབང་མེད་པར་བཟོ་ཐུབ་པ་ཞིག་ཡོད་པ་རེད། འོན་ཀྱང་། ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་དབང་ཆ་ཚང་ཞིག་ཡོད་པ་རེད། དེར་བརྟེན། ངས་གསར་འགོད་རང་དབང་ཆ་ཚང་མེད་པ་ཞིག་རྩ་བ་ནས་མཐོང་གི་མི་འདུག འོན་ཀྱང་། རང་བཙན་ཡོད་པའི་རྒྱལ་ཁབ་དང་བསྡུར་ན་ང་ཚོ་བོད་པའི་སྤྱི་ཚོགས་འདི་མཐུན་རྐྱེན་ཞན་པོ་ཡིན་པ་དང་གསར་འགོད་ཀྱི་ལས་གཞི་ཞིག་མགོ་རྩོམ་དགོས་ཚེ་གཞན་དབང་སྟབས་བསྟུན་གྱིས་འགྲོ་དགོས་པའི་རྐྱེན་གྱིས་གསར་འགོད་རང་དབང་ཆ་ཚང་ཞིག་ཡོང་མ་ཐུབ་པའི་དཀའ་ངལ་ཞིག་ཡོད་བསྡད་པ་རེད། དེ་དངོས་ཡོད་གནས་ཚུལ་ཡོད་རེད་དེ། ཡང་གསལ་བོ་ཧ་གོ་དགོས་པ་ཞིག་ལ་བོད་མིའི་སྒྲིག་འཛུགས་དང་དབུ་ཁྲིད་ཚོས་མར་མནན་བཞག་པ་ཞིག་རྩ་བ་ཉིད་ནས་མཐོང་གི་མི་འདུག ང་ཚོ་སྒྲིག་འཛུགས་དང་སྤྱི་ཚོགས་གསར་བ། གསར་འགོད་བརྒྱུད་ལམ་དེ་ཡང་གསར་པ་བྱས་ནས་འགྲོ་ཡི་ཡོད་དུས་མཐུན་རྐྱེན་གྱི་མ་འདང་བ་དང་གོང་འཕེལ་ལ་འགྲོ་བཞིན་པའི་སྐབས་སུ་བར་ཆད་སླེབས་འདུག་གི་རེད། ཡིན་ནའང་ད་ལྟ་ཡག་ཐག་ཆོད་འགྲོ་ཡི་འདུག་ཞུ་རྒྱུ་ཡིན།
དྲི་བ། འདས་ལོར་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་གནད་འགག་ཅན་ག་རེ་བྱུང་སོང་བ་དང་། ང་ཚོས་དེ་དག་གནད་འགག་ཅིག་ཏུ་ངོས་འཛིན་བྱས་ཐུབ་བམ།
པ་སངས་སྟོབས་ལྡན་་ལགས།
ལན། ཝུ་ཧན་ནས་ཡོང་བའི་ནད་ཡམས་དེ་མིས་བཟོས་པ་དང་རང་བྱུང་ག་རེ་ཡིན་ཡང་། སྤྱིར་བཏང་ང་ཚོ་བོད་པ་ལའང་སྡུག་ཅག་ཡིན་པ་དང་འཛམ་གླིང་ཡོངས་ལ་དཀའ་ངལ་འཕྲད་ཡོད་པ་རེད་དེ། ང་ཚོ་བོད་པར་མཚོན་ན་མ་འགྲིག་ས་ནས་འགྲིག་བསྡད་པའི་བཟོ་འདྲ་བོ་ཆགས་བསྡད་འདུག་བསམ་གྱི་ཡོད། གང་ཡིན་ཟེར་ན། རྒྱ་ནག་གིས་ནད་ཡམས་དེ་ཐོག་མར་ཕྱི་གསལ་ནང་གསལ་མེད་པར་གསང་བ་བྱས་པ་དང་། རྗེས་ནས་ལག་མ་འཁེལ་བར་ཕྱིར་ཁྱབ་ཡོང་དུས་ཕྱི་བསྒྲགས་མ་བྱས་རང་བྱས་འཁེལ་སྟབས། འཛམ་གླིང་ནང་རྒྱ་ནག་ལ་དོགས་པ་ཆེན་པོ་བྱས་ཡོད་པ་དང་། དོགས་པ་བྱེད་དགོས་དོན་ཀྱང་ནད་ཡམས་དེ་རང་བྱུང་གི་ནད་ཡམས་ཤིག་མིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཚོད་རེད། ཡིན་ནའང་ཁོ་ཚོར་དཔང་རྟགས་དགོས་ཀྱི་ཡོད་དུས་རང་བྱུང་ནས་བྱུང་བ་ཡིན་པ་ཕྱིར་སྒྲོག་ཐུབ་ཀྱི་མེད་པ་རེད། གང་ལྟར་ནད་ཡམས་འདིའི་ཐོག་ནས་ང་ཚོར་རྐྱེན་ངན་གྲོགས་ཤར་ཐུབ་པ་བྱུང་ཡོད། རྒྱུ་མཚན་ནི་རྒྱ་གུང་ཁྲན་ཏང་གིས་ག་དུས་ཡིན་ཡང་འཛམ་གླིང་ནང་དྲང་བདེན་ཞིག་བཤད་ཀྱིན་མེད། ང་ཚོས་འཛམ་གླིང་ནང་གོ་རྟོགས་སྤེལ་བསྡད་ཡོད་པ་དང་ད་ལྟ་འཛམ་གླིང་ནང་ང་ཚོའི་སྐད་ཆ་ལ་ངོས་འཛིན་ཐུབ་པའི་ཚད་མཐོན་པོར་སོན་ཡོད། དེ་དང་བསྟུན་པའི་ཨ་རིའི་གྲོས་ཚོགས་ནང་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་བཟོས་པ་དེ་ཡང་ང་ཚོར་དམིགས་བསལ་བྱས་ནས་བཟོས་པ་རེད་བསམ་གྱི་མི་འདུག འདི་འདྲ་བའི་རྐྱེན་བྱས་ནས་བཟོས་པ་རེད་བསམ་གྱི་ཡོད། དེ་བཞིན། རྒྱ་གར་ནང་ལའང་བོད་པ་དང་རྒྱ་གར་བར་ས་མཚམས་ཡོད་པ་ལས་རྒྱ་ནག་བར་ས་མཚམས་མེད་པའི་ངོས་འཛིན་དང་ལས་འགུལ་ད་ལྟ་འགྲོ་མུས་རེད་ལ། ངས་ཀྱང་ཆ་ཤས་ལེན་གྱི་ཡོད། འདི་ངོས་འཛིན་ཆེན་པོ་ཞིག་རེད་དྲན་གྱི་ཡོད།
དྲི་བ། འཐབ་རྩོད་ཀྱི་ལྟ་བ་ལངས་ཕྱོགས་མི་འདྲ་བ་དེ་བོད་མིའི་ཆིག་སྒྲིལ་དང་བོད་དོན་བདེན་མཐའ་གསལ་བའི་འགོག་རྐྱེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ། ཡང་ན་མཐུན་རྐྱེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ།
ཆོས་གྲོགས་རྒྱ་མཚོ་ལགས།
ལན། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་འགལ་རྐྱེན་མང་པོ་སླེབས་བསྡད་ཡོད་པ་དང་། སྤྱིར་བཏང་སྤྱི་ཚོགས་གང་ཞིག་ཡིན་རུང་མང་ཉུང་ལ་མ་ལྟོས་པར་འགལ་རྐྱེན་ཞིག་ཡོང་འདུག་གི་རེད་དེ། ང་ཚོས་འགལ་རྐྱེན་དེ་དགེ་སྐྱོན་གང་གི་ཕྱོགས་སུ་བསྒྱུར་རྒྱུ་ཡིན་མིན་ཟེར་བ་དེ་རེད། ང་རང་ཚོའི་འགལ་རྐྱེན་བྱུང་རྩ་དེ་ལ་བརྟེན་ནས་ཆེ་ས་ནས་བོད་པའི་རྩ་དོན་དང་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་བཅུག་དང་མ་བཅུག་གི་རྩ་བ་ང་ཚོའི་ལག་ཏུ་ཡོད་པ་རེད་བསམ་གྱི་འདུག དེང་སང་ང་ཚོའི་སྤྱི་ཚོགས་ཤིག་དང་འཐབ་རྩོད་ཅིག རིག་གཞུང་ཞིག་ཡིན་ནའང་སྣ་མང་རིང་བཞིན་དགོས་པ་དང་། དཔེ་མཚོན་ཙམ་ཞུས་ན། མཐའ་ན་མེ་ཏོག་ལྡུམ་ར་ཞིག་ཡིན་ནའང་ནང་གི་མེ་ཏོག་ཚང་མ་གཅིག་པ་གཅིག་རྐྱང་ཡིན་ཚེ་ལྟ་མཁན་ཞིག་གིས་བལྟས་ཚེ་སྙིང་རྗེ་མོ་མཐོང་གི་མ་རེད། ལྡུམ་ར་ཞིག་གི་ནང་མེ་ཏོག་སྣ་བརྒྱ་བཞེད་པ་ཡིན་ན་ལྟ་མཁན་ཞིག་གི་ཡིད་དབང་འཕྲོག་པ་དང་ཁྱད་ཆོས་ཡོད་པ་རེད། དེར་བརྟེན། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོགས་ཞན་པའི་མི་མང་དེ་དག་ནས་ཕན་ཚུན་གྱི་རྐང་པ་འཐེན་རེས་དང་ཆབ་སྲིད་ཚོགས་པ་མེད་བཞིན་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་རེ་ཟུང་ཐོག་ནས་སྟག་སེང་ཁ་སྤྲོད་ལྟ་བུ་བྱས་ནས་འགྲོ་ཡི་ཡོད་པ་དང་། དེའི་རྣམ་པ་དེ་གྲོས་ཚོགས་ནང་དང་མཛད་གཙོ་རྣམ་པ། མི་ཆེན་དང་མི་མང་དཀྱུས་མའི་ནང་ལའང་ཆགས་བསྡད་འདུག
ངས་ཞུ་རྒྱུ་ཞིག་ལ་ང་ཚོའི་དཀའ་ངལ་འདི་སེལ་དགོས་པ་དང་གཞིས་བྱེས་མཉམ་འཛོམས་ཡོང་དགོས་ཀྱི་ཡོད་ཚེ། ང་ཚོ་ཚང་མས་མི་འདྲ་བའི་ཕྱོགས་དེར་མ་ལྟོས་པར་ང་ཚོ་བོད་པ་གཅིག་པ་ཡིན་པ་དང་། ད་ལྟ་སྤྱི་འཐུས་འོས་མི་དེ་ཚོ་ཡིན་ཡང་གྲོས་ཚོགས་ར་བའི་སྡིངས་ཆ་གཅིག་གི་ཐོག་ཕྱོགས་ཀྱི་ཡོད་པ་དང་། མི་མང་དཀྱུས་མའི་ནང་དུའང་ཆོས་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་མཐུན་པ་བརྒྱ་འཚོལ་བ་ཡིན་ན་ལས་སླ་པོ་དང་། མི་མཐུན་པ་གཅིག་འཚོལ་སྒྲུབ་བྱེད་པར་དཀའ་ལས་ཁག་པོ་ཡིན་པ་སེམས་ལ་ཉར་ནས་འགྲོ་དགོས་ཀྱི་ཡོད་པ་དང་། ད་ལྟ་ང་ཚོ་མང་མོས་ལམ་ནས་བོད་གཞིས་བྱེས་མཉམ་འཛོམས་ཐུབ་པའི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་དང་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་རྗེས་འབྲང་བྱེད་མཁན་ཚོ་ཡིན་ཁར། སྐྱོན་བརྗོད་གནང་མཁན་ཚོ་ཡིན་ཡང་ཁྲིམས་དང་མཐུན་པའི་ཐོག་ནས་མགོ་འཁྲིད་པ་ཡིན་ན་མང་ཚོགས་གཞུ་གོ་འཇུག་གི་རེད། ཆུ་བོ་མགོ་ནས་མ་རྙོག་ཚེ་རྔ་མ་ནས་དྭངས་ཀྱི་རེད་ཞུ་རྒྱུ་ཡིན།
དྲི་བ། གཞུང་མང་གཉིས་ཀྱི་ངོས་ནས་མཉམ་རུབ་དགོས་ཞེས་དུས་རྒྱུན་བཤད་ཀྱི་ཡོད་ཀྱང་། རྩ་དོན་འཐབ་རྩོད་ཁྲོད་གཞུང་མང་གཉིས་ངོ་བོ་ལོགས་སུ་ཆགས་ཏེ་མཚམས་རེར་འགལ་ཟླའང་ཡོང་གི་ཡོད་པ་དེ་སེལ་ཐབས་ག་རེ་འདུག་གམ།
བློ་བཟང་ཆོས་འཕེལ་ལགས།
ལན། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་གཞུང་མང་གཉིས་མཉམ་རུབ་ཟེར་དུས། གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་ཤིག་འགྲོ་ཡི་ཡོད་པ་རེད། དེ་ལ་དམངས་གཙོའི་སྤྱི་ཚོགས་ནང་མི་མང་བརྒྱ་ཆ་བརྒྱ་འགྲོ་དགོས་ཐུབ་པ་ཧ་ཅང་ཁག་པོ་རེད། རྩ་བའི་ཆ་ནས་ད་ལྟ་ང་ཚོའི་གཞུང་མང་གཉིས་མཉམ་རུབ་ཐོག་ནས་འགྲོ་ཐུབ་པའི་གནས་སྟངས་ཡག་པོ་ཞིག་ཡོད་པ་མཐོང་གི་ཡོད། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དེ་དམངས་གཙོ་དང་ཁྲིམས་ལུགས་ཐོག་ནས་གཏན་འབེབས་བྱས་པའི་དབུ་མའི་ལམ་ཡིན་པ་དང་། དེ་ལ་རང་བཙན་འཐབ་རྩོད་པའི་མི་མང་རིང་བཞིན་གྱི་སྡེ་ཁག་ཅིག་ཡོང་བསྡད་ཡོད་ནའང་། དེ་ཙམ་གྱིས་ང་ཚོ་གཞུང་མང་གཉིས་མཉམ་རུབ་ཡོང་མི་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གཙོ་བོ་དེ་གཞུང་མང་གཉིས་ཀྱི་བསམ་བློ་གཅིག་དང་དཔུང་ས་གཅིག བོད་མི་རིགས་ཀྱི་མ་འོངས་པའི་ཕུགས་འདུན་ཐོག་གཞུང་མང་གཉིས་བསམ་བློ་གཅིག་གི་ཐོག་ནས་མཉམ་རུབ་བྱས་ནས་འགྲོ་ཡི་ཡོད་ཚེ། མི་མང་ནང་དུ་ཐབས་ལམ་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད་པ་དེས་གནོད་སྐྱོན་བཟོ་ཡི་ཡོད་པར་ངོས་འཛིན་གནང་གི་མེད་ལ་དེ་ནི་དམངས་གཙོའི་ཆ་ཤས་ཤིག་རེད། ཡིན་ནའང་། ལྟ་བ་དང་ལངས་ཕྱོགས། སྲིད་ཇུས་མི་འདྲ་བའི་དབང་གིས་གཞུང་མང་བར་འགལ་རྐྱེན་ཞིག་མཚམས་མཚམས་ཡོང་བསྡད་པ་རེད་ལ། དེ་ང་ཚོའི་ཁ་གཏད་རྒྱ་ནག་གཞུང་ཡོད་སྟབས་ང་ཚོའི་བར་འགལ་རྐྱེན་བཟོ་མཁན་ཕྱི་ནང་གི་རྐྱེན་མི་འདྲ་བ་མང་པོ་ཡོང་གི་རེད། དེ་འདྲ་བའི་འགལ་རྐྱེན་ཞིག་འོག་ཏུ་འགྲོ་མི་དགོས་པ་ཞིག་ལ་ང་ཚོ་གཞུང་མང་གཉིས་བློ་རིག་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་ཕྱིན་ཡོད་པ་ཡིན་ན། ད་ལྟ་ང་ཚོ་གང་ལ་གང་འཚམ་གྱིས་གཞུང་མང་གཉིས་མཉམ་རུབ་ཐོག་ནས་ཤུགས་ཆེན་པོ་འགྲོ་བསྡད་ཡོད་པ་རེད་ལ། གཙོ་བོ་དེ་དམིགས་འདུན་གཅིག་གི་ཐོག་གོམ་པ་རྒྱག་ཐུབ་པ་དང་། གཞུང་འཛིན་པ་དང་ཚོགས་པ། མི་མང་ཚང་མས་དམིགས་བསལ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞིའི་ཐོག་ཐག་ཉེ་རུ་གཏོང་ཐུབ་པའི་བསམ་བློ་ཞིག་ཡོད་ཚེ། ང་ཚོ་ཉིན་རེར་བཞིན་ཡར་རྒྱས་དང་རེ་བ་ཧ་ཅང་ཆེན་པོ་ཡོད་པ་རེད།
ཐུན་མོང་གི་དྲི་བ།
ལན། ང་ཚོའི་སྤྱི་ཚོགས་འདི་འཁྲུག་རྐྱེན་གཙོ་བོ་གྲོས་ཚོགས་ནང་ནས་ཡོང་གི་འདུག་ཅེས་གྲོས་ཚོགས་འཐུས་མིས་གསུངས་སོང་ལ། མི་མང་གིས་ཀྱང་དེ་བཞིན་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག ཁྱེད་ཀྱིས་བལྟས་ན་དེ་བདེན་པ་རེད་དམ། ཁྱེད་སྤྱི་འཐུས་ཆགས་རྗེས་སྤྱི་ཚོགས་འཁྲུག་རྐྱེན་སེལ་ཐབས་ག་འདྲ་གནང་རྒྱུ་ཡིན་ནམ།
སངས་རྒྱས་བཀྲ་ཤིས་ལགས།
ལན། དེང་སང་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བསམ་བློ་ཁྱེར་སྟངས་དང་ཕྱག་ལས་གནང་སྟངས་ལ་ཅུང་ཙམ་འགྱུར་ལྡོག་གི་མགོ་བཙུགས་ཏེ་འགྲོ་ཡི་ཡོད་པ་རེད། དེ་ཧ་ཅང་ཞེད་སྣང་ཚ་བོ་རེད། དེ་ཡང་གཞི་གང་ཡང་མེད་པའི་ཐོག་ནས་སོ་སོའི་དབུ་ཁྲིད་ལ་ཡིད་མ་ཆེས་པ་དང་སོ་སོའི་བླ་མར་སོ་སོས་དད་པ་མ་བྱས་པ། མཐའ་ན་སོ་སོའི་མི་ལ་གདེང་འཇོག་མི་བྱེད་པའི་འཁྲུག་ཆ་ཞིག་མགོ་བརྩམས་ཏེ་འགྲོ་ཡི་ཡོད་པར་མཐོང་གི་འདུག རང་ཉིད་ཀྱི་ལྟ་སྟངས་ཡིན་ན། དེ་ཞེ་དྲགས་གནད་འགག་ཆེན་པོ་དང་རྩ་བ་ཡོད་པ་དེ་འདྲ་མ་རེད་ལ་སེལ་ཐུབ་རྒྱུ་ཡོད་པ་ཞིག་རེད། འཁྲུག་རྐྱེན་གྱི་འབྱུང་ཁུངས་ནི་མི་མང་མགོ་ཐོམ་བསྡད་ཡོད་པ་རེད། འབྱུང་ས་དེ་གྲོས་ཚོགས་ནང་དང་མགོ་ཁྲིད་བར། མང་ཚོགས་ཁྲོད་གང་དུ་ཡིན་ཡང་མི་མང་གིས་གནས་ཚུལ་མགོ་འཚོས་པ་དང་འཕྲུལ་སྣང་སྐྱེས་ཏེ་མགོ་འཐོམས་ནས་འགྲོ་བསྡད་པ་ཞིག་རེད། སྤྱིར་བཏང་བོད་པའི་སྲོལ་རྒྱུན་དང་རིག་གཞུང་གོམས་སྲོལ་ནང་དོར་དགོས་པ་མང་པོ་ཞིག་ཡོད་ཀྱང་། ཉར་དགོས་པ་དེ་ལས་མང་བ་ཡོད་སྟབས། ང་ཚོས་གཙོ་བོ་མགོ་དབུ་ཁྲིད་ནས་མར་མི་མང་གི་བར་ལ་ཕྱི་གསལ་ནང་གསལ་གྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་ཡིན་ན། ད་ལྟ་ང་ཚོར་དཀའ་ངལ་འཕྲད་བསྡད་པ་དེ་ཚོ་གཞི་རྩ་དང་རྩ་བ་མེད་པ་རེད། དེ་ཚོ་ཧ་ཅང་མཁྲེགས་པོ་དང་སྲ་ལྡན་དེ་འདྲ་གང་ཡང་མ་རེད། དེར་བརྟེན། རང་ཉིད་སྤྱི་འཐུས་ལ་འཐོབ་པ་ཡིན་ན། མི་མང་དང་གཞུང་གི་བར་ལ་ཕྱི་གསལ་ནང་གསལ་གྱི་འབྲེལ་མཐུད་པ་ཞིག་ཡོང་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན།
པ་སངས་སྟོབས་ལྡན་ལགས།
ལན། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་དང་མང་ཚོགས། གཞུང་ནང་འཁྲུག་ཆ་ཡོང་གི་ཡོད་པ་དེ་གྲོས་ཚོགས་ར་བ་ནས་ཡོང་གི་ཡོད་དང་མེད་པའི་ཐད། སོ་སོ་རང་ཉིད་ལྟ་བུ་ཡིན་ན་གལ་སྲིད་གྲོས་ཚོགས་ནང་བསླེབས་ཚེ་འཁྲུག་ཆ་ག་བ་ནས་ཡོང་གི་ཡོད་མེད་ཐད་དང་པོ་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་མཐོང་གི་ཡོད། སྤྱིར་བཏང་མི་རེ་ཟུང་ཞིག་གི་རླུང་ཚུབ་ལྟ་བུའི་སྐད་ཆ་ལ་ཉན་རྒྱུ་གལ་ཆེན་པོ་མ་རེད་བསམ་གྱི་ཡོད། སྐད་ཆ་དེ་འདྲ་ཞིག་ལབ་དགོས་པའི་རྒྱུ་མཚན་ག་རེ་ཡིན་པ་དང་ལབ་མཁན་སུ་ཡིན་པ། གང་དུ་ལབ་ཡོད་པ་སོགས་ཞིབ་འཇུག་གནང་དགོས་པ་དང་། གལ་སྲིད་གྲོས་ཚོགས་ར་བའི་ནང་དུ་སྐད་ཆ་དེ་འདྲ་ཞིག་བྱུང་བ་ཡིན་ན་ཕར་ཕྱོགས་ནས་དགག་བྱ་ག་རེ་འདོན་གྱི་ཡོད་མེད་ལ་ལྟ་དགོས། ༧གོང་ས་མཆོག་གིས་ནམ་རྒྱུན་གྲོས་མོལ་གསུངས་བསྡད་པ་དེ་ང་ཚོ་གྲོས་མོལ་སྒོ་ནས་འགྲོ་དགོས་རེད་མ་གཏོགས། ཁུ་ཚུར་ཡར་འགྱག་ནས་རྒྱག་དགོས་ཡོད་པ་མ་རེད། ཕར་ཕྱོགས་ངོས་དེར་བཤད་བསམ་པའི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་རེད། དེ་ལ་ང་ཚོ་འདི་ཕྱོགས་ནས་བསམ་བློ་ཞིག་དང་ཕར་ཕྱོགས་ནས་བསམ་བློ་བཏང་སྟེ་དེའི་དཀྱིལ་གྱི་འབབ་ས་ཞིག་ལ་འབབ་དགོས་ཀྱི་ཡོད་པ་རེད། ཕར་ཕྱོགས་ནས་སྐད་རྒྱག་དགོས་དོན་ཞིག་ཡོད་རྒྱུ་རེད། དོན་དག་མེད་པའི་ཐོག་ནས་སྐད་བརྒྱབ་པ་ཡིན་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་རེད། སྐད་རྒྱག་མཁན་དེས་ཕར་ཕྱོགས་དགྲ་བོའི་རྐྱེན་པས་ལས་ཀ་བྱས་པ་ཡིན་ན་དེར་མཐའ་གཅིག་ཏུ་དགག་པ་རེད། སོ་སོའི་མང་ཚོགས་དང་བོད་པའི་སྤྱི་ཚོགས་སོགས་ཀྱི་བསམ་བློ་ཡོད་ཚེ། ཁོ་ཚོར་བསམ་བློ་བཏང་བའི་ཐོག་ནས་ཁོ་ཚོའི་སྐད་ཆའི་ནང་དོན་ཐད་གྲོས་མོལ་ཐོག་ནས་དཀའ་ངལ་སེལ་དགོས་པ་མ་གཏོགས། ཅིག་བྱེད་ཀྱི་འདུག་དང་འཁྲུག་རྐྱེན་ཐེབས་ཀྱི་འདུག འཁྲུག་རྐྱེན་ཐེབས་ས་གྲོས་ཚོགས་ར་བ་རེད་ཟེར་ནས་ཕར་ཕྱོགས་ལ་མཐའ་གཅིག་ཏུ་དགག་པ་བརྒྱབ་ན། ༧གོང་ས་མཆོག་གི་དགོངས་གཞིའི་ཐོག་འགྲོ་ཡི་ཡོད་མེད་ངས་མཐོང་གི་མི་འདུག སྤྱིར་བཏང་དཀའ་ངལ་ཞིག་ཡོད་པ་ཡིན་ན་ཕར་ཕྱོགས་ཀྱི་སྐད་ཆ་ཉན་རྒྱུ་གལ་ཆེན་པོ་རེད། ད་ལྟ་བཙན་བྱོལ་སྒྲིག་འཛུགས་དང་དེའི་ཁྲིམས་ཧ་མ་གོ་བའི་སྒང་ནས་སྐད་ཆ་དེ་འདྲ་བཤད་པ་ཡིན་ན། དང་པོ་ནས་ཁྲིམས་དང་སྒྲིག་གཞིའི་ལམ་ལུགས་ཐོག་ནས་མི་དེའི་རིགས་ལ་སློབ་སྦྱོང་སྤྲོད་དགོས་ཀྱི་ཡོད་པ་དང་། དེའི་རྗེས་ནས་མི་དེ་ལམ་ཁའི་སྟེང་འཁྲིད་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད།
ཆོས་གྲགས་རྒྱ་མཚོ་ལགས།
ལན། སྤྱིར་བཏང་ང་ཚོའི་མཐོང་སྣང་ལ་ལོ་རེའི་གྲོས་ཚོགས་ཐེངས་གཉིས་རིང་ཚོགས་བཞིན་པ་དེ་མ་གཏོགས་མཐོང་གི་ཡོད་པ་མ་རེད། དེའི་ནང་རྦད་དེ་ཟ་ངེ་ཟིང་ངེ་བྱས་པ་ཡིན་ན་ཁག་ཡོད་པ་མ་རེད། མི་མང་ལ་བསམ་ཚུལ་དེ་འདྲ་ཡོང་གི་ཡོད་པ་རེད། ང་རང་ཡིན་ན་བསམ་ཚུལ་དེ་འདྲ་ཡོད། དེ་བཞིན་ང་རང་དང་མང་ཚོགས་གཅིག་པོ་མ་ཡིན་པར་གྲོས་ཚོགས་ར་བའི་ནང་གི་བཀུར་འོས་སྤྱི་འཐུས་རྣམས་ལའང་ཅིག་འགྲིག་གི་མེད་པའི་བསམ་ཚུལ་དེ་ག་རང་ཡོད་པ་རེད། ང་ཚོའི་མཐོང་ཚུལ་གཅིག་པོ་དེ་རེད། རྒྱབ་ལོགས་ནས་ངའི་ཕྱག་རོགས་རྣམ་པས་མཁྱེན་གྱི་ཡོད་པ་རེད། སྤྱི་འཐུས་ཟེར་དུས་ང་ཚོས་མཐོང་ས་དང་མི་མཐོང་སར་རྟོག་ཞིབ་སྡེ་ཚན་ཞེས་ཉིན་གྲངས་ ༣༦༥ ནང་བཀའ་ཤག་གི་ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད་པ་དང་མི་མང་དང་བཀའ་ཤག་བར་རྟོག་ཞིབ་གནང་མཁན་གྱི་སྡེ་ཚན་ཞིག་ཡོད་པ་རེད། ཡང་ཆབ་སྲིད་ཀྱི་སྡེ་ཚན་ལ་རྒྱ་ནག་གི་དཔོན་རིགས་ཚོས་ཆབ་སྲིད་ཀྱི་སྐད་ཆ་ག་རེ་བཤད་ཀྱི་ཡོད་པ་དང་རྒྱ་ནག་དབུས་དཔོན་རིགས་དང་ས་གནས་ཀྱི་དཔོན་ཁག་གི་སྐད་ཆའི་སྔ་ཕྱི་མཚུངས་ཀྱི་འདུག་དང་མི་འདུག བོད་དོན་དང་འབྲེལ་བའི་སྲིད་ཇུས་ག་རེ་འཇོག་གི་ཡོད་མེད་ལ་ལྟ་མཁན་དང་དཀའ་ལས་རྒྱག་མཁན་ཡོད་པ་རེད། དེ་བཞིན། རྒྱུན་འབྲེལ་སྡེ་ཚན་ཞེས་སྤྱི་འཐུས་ལྷན་ཚོགས་ནང་ལོགས་སུ་ས་འཐུས་དང་རང་བདེན་ཚོགས་ཆུང་གི་དང་བླངས་དཔྱ་དངུལ་དང་འབྲེལ་བའི་དཀའ་ལས་རྒྱག་མཁན་མང་པོ་ཞིག་ཡོད་པ་རེད་དེ། ང་ཚོ་མི་མང་གིས་ཚང་མ་ཤེས་ཀྱི་མེད་དུས་གྲོས་ཚོགས་ར་བའི་ཐད་གཏོང་ལ་བལྟས་བསྡད་ཡོད་དུས། དེའི་ནང་ལ་མང་པོ་ཞིག་གི་བྱེད་སྟངས་ཧ་ཅང་ཐབས་སྐྱོ་བོ་བྱུང་གི་འདུག ངས་ཞུ་འདོད་པ་ནི་ཁོང་རྣམ་པ་དང་པོ་ཡར་ཡོང་དུས་རྩ་བའི་སློབ་སྦྱོང་གི་རྒྱབ་ལྗོངས་མི་འདྲ་བ་ཡིན་དུས་ཁག་ཡོད་རྒྱུ་མ་རེད་བསམ་པའི་ཚོར་བ་བྱུང་། གང་ལྟར། གུས་པ་ང་རང་ལྟ་བུ་ཡིན་ན། གལ་སྲིད་ད་ལོར་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཅིག་བྱེད་ཐུབ་པའི་གོ་སྐབས་བྱུང་བ་ཡིན་ན། ང་རང་ངོས་ནས་༧སྐྱབས་མགོན་རིན་པོ་ཆེའི་ལམ་སྟོན་འོག་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་སྤྱི་འཐུས་ཤིག་གི་རྣམ་དཔྱོད་འདོན་རྒྱུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཞག་འགན་འཁུར་རྒྱུ་ཡིན།
དགེ་བཤེས་བློ་བཟང་ཆོས་འཕེལ་ལེཊ།
ལན། གོང་དུ་རྣམ་པ་ཚོས་ལན་མང་པོ་ཞིག་བསྐྱོན་སོང་། བསམ་བློ་གཅིག་བཏང་ཡོང་དུས་ང་ཚོའི་སྤྱི་ཚོགས་འཁྲུག་རྐྱེན་འདི་ཧ་ཅང་གི་ཤུགས་ཆེན་པོ་ཞིག་ངོས་འཛིན་བྱེད་མི་དགོས་པ་དང་། ཧ་ཅང་གི་རྒྱ་ཆེན་པོ་དང་གཏིང་ཟབ་པོ་བྱས་ནས་འཁྲུག་འགྲོ་བར་སོ་སོས་ཀྱང་མཐོང་གི་མེད། ༧རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ལ་ང་ཚོ་དེ་འདྲ་འཁྲུག་གི་མ་རེད། འོན་ཀྱང་། མཚམས་ལ་རེར་ཧ་ཅང་ཐབས་སྐྱོ་བ་དང་བློ་འཚབ་བསླེབ་དགོས་པའི་གནས་སྟངས་དེ་ག་རེ་རེད་ཞུས་ན། ཁོ་ཚོའི་ཀུན་སློང་ལ་ང་ཚོས་འགྲེལ་བཤད་རྒྱག་ཐུབ་ཀྱི་མ་རེད་དེ། ང་རང་ཚོའི་གྲོས་ཚོགས་འཐུས་མི་རེ་ཟུང་གི་ལུས་ངག་གི་གནས་སྟངས་དེ། མི་མང་ནང་ལ་གང་ལ་གང་འཚམ་གྱིས་ཤུགས་རྐྱེན་སྤྲད་པ་ཙམ་མ་ཡིན་པར་ང་ཚོ་མི་རིགས་ཀྱི་འཐབ་རྩོད་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་བོད་རྒྱ་འབྲེལ་མོལ་ཐོག་གནོད་ཚབས་འགྲོ་བའི་གཞི་ཁ་ཤས་ཡོང་རྒྱུའི་ཉེན་ཁ་འདུག
སོ་སོ་ཡིན་ན་དེར་བློ་འཚབ་ཅིག་བསླེབས་ཡོང་གི་འདུག གང་ཡིན་ཟེར་ན། ང་ཚོའི་མང་གཙོའི་སྒྲིག་གཞིའི་ཐོག་ནས་གཏན་འབེབས་བྱས་པའི་གཉིས་སྨན་དབུ་མའི་ལམ་འདི་གྲོས་ཚོགས་ལྷན་ཁང་གི་འཐུས་མི་ཞིག་ཡིན་ཚེ་ཁས་ལེན་དགོས་པ་དང་ཁ་ཞེན་གཉིས་མེད་ཐོག་ནས་ལུས་ངག་གི་རྣམ་འགྱུར་སྟོན་དགོས་ཀྱི་རེད་ལ། དམངས་གཙོའི་འགྲོ་ལུགས་ལྟར་དེ་ཁྲིམས་ཀྱི་གཏན་འབེབས་རེད། དེ་མིན་ན་གྲོས་ཚོགས་ཀྱི་རྐུབ་འགྱག་སྟེང་འདུག་རྒྱུ་ཡོད་པ་མ་རེད། གྲོས་ཚོགས་ཀྱི་རྐུབ་འགྱག་ཐོག་བསྡད་པའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་གྲོས་ཚོགས་ཀྱི་གཏན་འབེབས་བྱས་པའི་དབུ་མའི་ལམ་ཐོག་ཤར་བསྐྱོད་གནང་དགོས་པ་རེད། ཡང་ན་དེ་ལ་བསྐྱར་ཞིབ་ཀྱི་བསམ་ཚུལ་ཁྱེར་ཆོག་གི་རེད་མ་གཏོགས། རིང་བཞིན་གྱི་ལུས་ངག་གི་བསམ་ཚུལ་ཞིག་ཡོང་བསྡད་པ་དེས་ང་ཚོའི་མི་མང་ནང་འཁྲུག་རྐྱེན་ཕྲན་བུ་ཡོང་བ་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་རྒྱབ་ཏུ་རང་བཙན་དང་ཕྱེད་རང་བཙན་ཡོད་པ་རེད་ཟེར་བའི་སྐད་ཆ་སོགས་ལ་དོགས་གཞི་ཆེ་རུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། དེར་བརྟེན། རང་ཉིད་ལ་དེ་ཚོའི་ཐོག་ཧ་ཅང་བློ་འཚབ་ཡོད་ལ། རང་ཉིད་སྤྱི་འཐུས་གསར་པའི་ཐོག་འགྲོ་བཞིན་པ་དང་། མ་འོངས་པར་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ལ་བསླེབས་པ་ཡིན་ན། དེ་འདྲ་བའི་རྐྱེན་ངན་མི་འབྱུང་བའི་ཁོར་ཡུག་སྣ་ཚོགས་ཐོག་སོ་སོའི་རྣམ་དཔྱོད་དང་ལྷག་བསམ་གང་ཡོད་པ་ཆ་ཚང་འདོན་རྒྱུའི་གྲ་སྒྲིག་ཡོད་ལ། དེ་གནད་འགག་ཆེན་པོ་ཞིག་ཏུ་བརྩི་ཡི་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།