མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་བཞིའི་ནང་དུ་བུད་མེད་ཚོགས་པ་ཞིག་གསར་འཛུགས་ཀྱིས་ཞིང་འབྲོག་གི་སྡེ་བ་སོ་སོའི་ནང་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞི། ཏང་ལ་སེམས་དཀར་དང་བློ་སེམས་བརྟན་པོའི་མདུན་སྐྱོད་ཟེར་བའི་ལས་འགུལ་ཞིག་སྤེལ་གྱི་ཡོད་འདུག
འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༨ ནས་ ༡༡ བར་མགོ་ལོག་ཁུལ་གྱི་རྨ་སྟོད་རྫོང་དང་དགའ་སྡེ་རྫོང་། རྨ་ཆེན་རྫོང་། གཅིག་སྒྲིལ་རྫོང་བཅས་རྫོང་ཁག་བཞིའི་ཏང་གི་འཐུས་མི་དང་གནད་ཡོད་མི་སྣ་ ༥༠ ལྷག་མཉམ་འཛོམས་ཀྱིས་ཚོགས་ཆེན་ཞིག་བསྡུས་ཏེ། ཚོགས་འདུའི་ཐོག་དམིགས་བསལ་བུད་མེད་ཚོགས་པ་ཞིག་ཆེད་འཛུགས་ཀྱིས། དེའི་ལས་འགན་ནི་ཟླ་གཅིག་རིང་རྫོང་ཁག་དེ་དག་གི་ཞིང་འབྲོག་མང་ཚོགས་ཀྱི་སར་ཉུང་མཐར་སྐོར་སྐྱོད་ཐེངས་གཉིས་ཙམ་བྱས་ཏེ། སྣང་ཆེན་བཞི་དང་དགའ་ཞེན་བཞི། ཏང་ལ་སེམས་དཀར་དང་བློ་སེམས་བརྟན་པོའི་མདུན་སྐྱོད་ཟེར་བའི་ལས་འགུལ་འོག མང་ཚོགས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ཁྲིམས་ལུགས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས་པ་སོགས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱིས་མི་མང་གི་སེམས་ཁམས་སྒྱུར་བཅོས་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པས། རྫོང་ཁག་དེ་དག་ནང་གི་བུད་མེད་རྣམས་ལ་དཀའ་ངལ་འཕྲད་ཚེ། བུད་མེད་ཚོགས་པ་དེར་འབྲེལ་བ་བྱས་ན་དཀའ་ངལ་སེལ་ཐུབ་ལུགས་དང་། མི་མང་གི་ལས་འགན་ནི་ཏང་ལ་བློ་སེམས་དཀར་ཞིང་། ས་གནས་མང་ཚོགས་ཁྲོད་རྒྱལ་ཁབ་གྱི་རྩ་ཁྲིམས་དང་ས་གནས་གཞུང་གི་བཀའ་ལ་འགལ་བའི་སྐད་ཆ་དང་བརྙན། དེ་བཞིན། པར་རིས་སོགས་ཕར་གཏོང་ཚུལ་གཏོང་གི་རིགས་དང་། གཞན་ཕྱི་ཕྱོགས་ཀྱི་མིར་འབྲེལ་བ་བྱས་ནས་སྐད་ཆ་འདྲ་མིན་བཤད་མཁན་ཡོད་ཚེ། དུས་ཐོག་ས་གནས་སྲིད་གཞུང་ལ་སྙན་གསེང་ཞུས་ན་རྒྱ་སྒོར་ ༥༠༠༠ བྱ་དགའ་དང་འཚོ་ཐབས་ཐོག་ཁ་སྣོན་རོགས་སྐྱོར་བྱེད་རྒྱུ་ཡིན་ལུགས་བསྒྲགས་ཀྱི་ཡོད་སྐོར་བརྗོད་སོང་།
སྤྱིར་བཏང་ལས་ཀ་དེའི་རིགས་བྱེད་པར་ས་གནས་སྲིད་གཞུང་གི་བཀོད་འདོམས་འོག གྲོང་ཁྱེར་ཁག་ནས་ཆེད་དུ་ལས་བྱེད་ཡོང་གི་ཡོད་ནའང་། བོད་ཁུལ་གྱི་དགུན་ཁའི་གནམ་གཤིས་ལ་གྲང་ངར་ཆེ་ཞིང་མཐོ་སྒང་ཡིན་པ་དང་། རྒྱའི་ལས་བྱེད་པ་ཡང་ཡང་ས་གནས་ཁག་ཏུ་སྐོར་སྐྱོད་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ཉེ་ཆར་ཚོགས་འདུ་ཚོགས་ཏེ་དམིགས་གསལ་བུད་མེད་ཚོགས་པ་དེ་གསར་འཛུགས་བྱས་ཡོད་ཅིང་། ཁོ་ཚོའི་འགྲོ་གྲོན་ཡོངས་རྫོགས་ས་གནས་བདེ་འཇགས་ལས་ཁུངས་ནས་གཏོང་གི་ཡོད་པ་མ་ཟད། བུད་མེད་དེ་དག་གི་འཚོ་ཐབས་ཐོག་ཁ་སྣོན་རོགས་སྐྱོར་ཐོབ་ཀྱི་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།