བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་རིང་གི་ཉིན་མོ་འདི་ནི་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་མེད་བཏང་བའི་མུན་ནག་གི་ཉིན་མོ་ཞིག་ཡིན་ཞེས་ཡོངས་ཁྱབ་རྒོལ་གཏམ་སྤེལ་འདུག
དེ་རིང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་དམར་ཤོག་གཞུང་གིས་འུད་སྒྲོག་ཆེན་པོའི་ཐོག་ནས། བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་མི་ལོ་ཧྲིལ་པོ་ ༧༠ འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་ཟེར་བའི་དུས་དྲན་ཞིག་སྲུང་གཙི་བྱེད་བཞིན་ཡོད་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཡོངས་ཁྱབ་རྒོལ་གཏམ་ཞིག་སྤེལ་གནང་བའི་ནང་དུ། རྒྱ་ནག་དམར་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཡིན་ཞེས་པའི་ཁ་གཡར་ས་ནི། “ཀྲུང་དབྱང་མི་དམངས་སྲིད་གཞུང་དང་། བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན།”(གྲོས་མཐུན་དོན་ཚན་ ༡༧) ཟེར་བ་དེ་བཙན་དབང་གིས་བཞག་བཅུག་པ་ནས་དུས་ཚིགས་བཟུང་བ་ཞིག་ཡིན་སྐོར་དང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་དམར་གཞུང་གི་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་སྟེ་ལོ་བརྒྱད་ཙམ་རིང་མེས་འཚིག་མེར་གཏུག་གིས་ཞི་མཐུན་མཉམ་གནས་ཡོང་ཐབས་མཛད་ཀྱང་། རྒྱ་ནག་གཞུང་གི་དབང་འཛིན་པས་གྲོས་མཐུན་གྱི་དོན་ཚན་ཁག་ལ་རྩིས་མེད་དང་བོད་མིར་དྲག་གནོན་དབང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཅས་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་བོད་གཞུང་སྤོ་བཤུག་དང་འབྲེལ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་བའི་གསལ་བསྒྲགས་བསྐྱངས་གནང་བ་དང་། དེའི་རྗེས་བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་རྒྱ་གར་གྲོང་ཁྱེར་ཏེཛ་པུར་དུ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཡོད། ཅེས་བཀོད་འདུག
གཞན་ཡང་། གྲོས་མཐན་དོན་ཚན་བཅུ་བདུན་ཟེར་བ་དེ་བོད་རྒྱ་གཉིས་མོས་རང་དབང་ཐོག་གྲོས་མཐུན་བྱས་ནས་བཞག་པ་མ་ཡིན་པར་རྒྱ་དམར་གྱི་དྲག་གནོན་བཙན་དབང་སྡིགས་སྐུལ་འོག་བཞག་བཅུག་པ་ཞིག་ཡིན་པས་ཡིག་ཆ་དེར་ཁྲིམས་མཐུན་གྱི་གནས་བབ་རྩ་བ་ནས་མེད་པ་ཞིག་ཏུ་གྱུར་ཡོད། ཅེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བོད་གཞུང་མང་གཉིས་ནས་མི་ལོ་བརྒྱད་ཙམ་རིང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱ་དམར་དང་ལྷན་ཞི་མཐུན་མཉམ་གནས་ཡོང་ཐབས་གནང་ཀྱང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་གྲོས་མཐུན་གྱི་དོན་ཚན་ཁག་རྩིས་མེད་བརྡལ་བཤིག་བཏང་ཡོད་པས་ཕྱོགས་གཅིག་ནས་ལག་ལེན་འཁེལ་ཐབས་བྱ་རྒྱུའི་ཆ་རྐྱེན་ལྡན་མེད་པར་བརྟེན་བོད་ཕྱོགས་ནས་ཀྱང་གྲོས་མཐུན་དེར་ངོས་ལེན་མེད་པའི་གསལ་བསྒྲགས་ཟིན་པ་ལྟར་ད་ལྟ་གཞི་མེད་དུ་གྱུར་ཡོད། ཅེས་བཀོད་འདུག
དེ་བཞིན། རྒྱ་གཞུང་གི་དབང་འཛིན་པ་ཚོས་ད་དུང་ཡང་གྲོས་མཐུན་གྱི་མིང་བྱང་འཕྱར་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་མི་ལོ་ ༧༠ འཁོར་ཡོད་ཟེར་བ་ནི་རྩ་བ་ནས་བདེན་པ་མིན་པ་སྟེ། གྲོས་མཐུན་ཟེར་བ་དེ་བཞག་ཟིན་པའི་རྗེས་སུ་རྒྱ་དམག་དྲག་དཔུང་གིས་རིམ་བཞིན་བོད་ས་ཡོངས་རྫོགས་སུ་དྲག་གནོན་དམག་འཐབ་བྱས་ཏེ་བཙན་བཟུང་བྱས་པ་ཞིག་དང་། བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཕྲོག་པ། འཛིན་བཟུང་བཙོན་འཇུག་དང་རྡུང་རྡེག་མནར་གཅོད་ཚད་ལས་འདས་པ་བཏང་སྟེ་ཆེས་ཡ་ང་བའི་གནས་སུ་གྱུར་དང་འགྱུར་བཞིན་ཡོད་པས་བོད་ཞི་བས་བཅིངས་འགྲོལ་བཏང་བ་མིན་པ་བོད་ལ་དྲག་པོའི་བཙན་འཛུལ་བྱས་པ་ཞིག་ཆགས་ཡོད། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་དམར་དབུས་སའི་གཞུང་གིས་བོད་ལ་ཞི་བས་བཅིང་འགྲོལ་བཏང་བའི་ཉིན་མོ་ཡིན་ཟེར་བ་དེར་ངོས་ལེན་ནམ་ཡང་བྱ་ཐབས་མེད་པ་དང་། དེ་བཞིན་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་སྲིད་གཞུང་ཁག་གིས་ཀྱང་ངོས་ལེན་མེད། ཉིན་མོ་འདི་ནི་བོད་མི་ཡོངས་ལ་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་མེད་བཏང་བའི་མུན་ནག་གི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དང་དར་རྒྱས་གོང་འཕེལ་ཡོང་བ་ཅེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་བཏོན་ཏེ། རྒྱ་ནག་གཞུང་གིས་བོད་ནང་དབུལ་སྐྱོབ་ལས་གཞི་དང་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ལེགས་གྲུབ་བྱུང་ཡོད་ཚུལ་སོགས་བཀོད་ཡོད་པ་མ་ཟད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐག་གཅོད་བྱ་རྒྱུའི་འགན་དེ་པེ་ཅིན་གཞུང་ལ་ཡོད་སྐོར་གྱི་འཁྱོག་བརྗོད་ཤུགས་ཆེན་པོ་བྱས་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།