མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་སྲིད་སྐྱོང་མཆོག་ནས་གནད་དོན་ཆེན་པོ་བཞིའི་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྲིད་སྐྱོང་མཆོག་ནས་ཏང་གི་ལོ་བརྒྱ་ཟེར་བར་ལན་འདེབས་དང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་བཅོས་སྒྲིག སྤྱི་ལྷན་གྱི་དཀའ་ངལ་དང་བཙན་བྱོལ་བོད་མི་ག་ཚོད་ཅིག་ལ་ཏོག་དབྱིབས་འགོག་བརྒྱབ་ཐུབ་ཡོད་མེད་སོགས་ཀྱི་སྐོར་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༥༠ ཙམ་གྱི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱི་གསར་འགོད་པ་ཚོ་ལྷན་དུ་འདུ་འཛོམས་ཤིག་གནང་སྟེ། རྒྱ་ནག་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་བརྒྱ་ལོན་ཟེར་བར་ལན་འདེབས་དང་། སྐབས་བཅུ་དྲུག་པའི་བཀའ་ཤག་ངོས་ནས་ཛ་དྲག་གི་དུས་སྐབས་འདིར་བོད་མི་རྣམས་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་དགོས་པའི་ལམ་སྟོན་ཕེབས་པ་ལྟར། བོད་མིའི་སྒྲིག་འཛུགས་ངོས་ནས་བཙན་བྱོལ་བོད་མི་ག་ཚོད་ཅིག་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཐུབ་ཡོད་མེད། འཛིན་སྐྱོང་བཀའ་ཤག་ངོས་ནས་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་དཀའ་རྙོག་སེར་ཐབས་སྐོར། དེ་བཞིན། འོས་བསྡུའི་སྐབས་ནས་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་བཅོས་སྒྲིག་གནང་གི་ཡིན་གསུངས་ཡོད་པ་ལྟར་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་བཅོས་སྒྲིག་གནང་གི་ཡོད་སྐོར། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པར་བསྐོ་གཞག་བྱུང་བ་ལྟར་དེ་རིང་ནས་ལས་ཁུར་ཞུ་ཡི་ཡོད་སྐོར་སོགས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་།

སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ཏེ་ལོ་བརྒྱ་འཁོར་གྱི་ཡོད་ཟེར་བར་བོད་མིའི་སྒྲིག་འཛུགས་ངོས་ནས་བརྡ་ལན་ག་རེ་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་ནས། དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ཏེ་ལོ་བརྒྱ་འཁོར་གྱི་ཡོད་ཟེར་བའི་སྲུང་གཙི་ཞུ་ཡི་ཡོད་པ་དང་དེ་མཚུངས་བཞིན། ད་ལོར་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ངོ་བདུན་ཅུ་འཁོར་གྱི་ཡོད་ཟེར་བཞིན་ཡོད་མོད། ལོ་བརྒྱ་འཁོར་ཟེར་བའི་དགའ་དགའ་སྤྲོ་སྤྲོའི་དུས་དྲན་དེ་འདྲ་ཞིག་སྲུང་གཙི་ཞུ་དགོས་པའི་གནས་སྟངས་ཤིག་ཡོད་མེད་རང་བཞིན་གྱི་དྲི་བ་ཆགས་ཡོད། གཞུང་སྲིད་སྐྱོང་མཁན་ཞིག་གི་འགན་གཙོ་བོ་ནི་མི་མང་གི་བདེ་སྡུག་སྒྲུབ་རྒྱུ་དེ་རེད། རྒྱ་ནག་ནང་ལོགས་ཀྱི་རྒྱ་རིགས་མཚོན་པའི་ང་ཚོ་བོད་པ་དང་སོག་པོ། ཧོང་ཀོང་དང་ཡུ་གུར། དེ་བཞིན་ཐའེ་ཝན་གྱི་གནས་སྟངས་ལྟ་བུ་སོགས་ས་ཁུལ་འདི་དག་ནང་གི་མི་མང་ལ་དངོས་གནས་དྲང་གནས་བདེ་སྐྱིད་ཡོད་མེད་ཟེར་བ་དྲི་བ་ཆེན་པོ་ཞིག་ཆགས་བསྡད་ཡོད། གནས་སྟངས་འདི་མངོན་གསལ་ཡིན་པ་ཞིག་ནི་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་ཕྱིའི་དགྲ་ལས་སྲུང་སྐྱོབ་བྱེད་སླད་འགྲོ་སོན་གང་འཚམ་ཞིག་གཏོང་གི་ཡོད་ཀྱང་། རྒྱ་ནག་གིས་སོ་སོའི་མི་མང་དམ་དྲག་བྱེད་ཐབས་ཐོག་འགྲོ་གྲོན་མང་བ་གཏོང་གི་ཡོད་སྟབས། དེའི་ཐོག་ནས་རྒྱ་ནག་ཁྱོན་ཡོངས་དང་བོད་ནང་གི་གནས་སྟངས་ག་འདྲ་ཡོད་པ་གསལ་བོ་རེད།

དམར་ཤོག་ཚོགས་པ་དབུ་བརྙེས་ཏེ་ལོ་བརྒྱ་དང་བོད་བཅིངས་གྲོལ་ཟེར་བ་བཏང་སྟེ་ལོ་བདུན་ཅུ་འགྲོ་ཡི་ཡོད་ནའང་། བོད་ནང་གི་བོད་མི་ཚོར་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མེད་པ་རང་བཞིན་གྱི་གསལ་བོ་རེད། གཙོ་བོ་དེ་བོད་ནང་གི་བོད་མིའི་མངོན་འདོད་ཤེས་པ་དང་ཧ་གོ་རྒྱུ་གལ་ཆེན་པོ་རེད། བོད་མིའི་མངོན་འདོད་ནི་ང་ཚོ་བོད་མི་རིགས་ཀྱི་ངོ་བོ་གཙོ་བོར་གྱུར་བའི་སྐད་ཡིག་དང་ཆོས་རིག་གཞུང་ཉམས་ལེན་བྱེད་ཐུབ་པ་ཞིག་ཡོང་རྒྱུ་དེ་རེད། དེ་དག་བྱེད་ཆོག་གི་མེད་པ་དང་དཀའ་ངལ་ག་རེ་འཕྲད་ཀྱང་། རྒྱ་ནག་གིས་འཛུགས་སྐྲུན་དང་འཛུགས་སྐྲུན་ཟེར་ནས་ཧ་ལམ་འཛུགས་སྐྲུན་བྱས་པ་ཡིན་ན། མི་མང་གི་འདོད་པ་ཁེངས་ཀྱི་ཡོད་པའི་རྣམ་པ་ད་ལྟའི་བར་བསྟན་བསྡད་པ་རེད་ལ། ད་ལྟའང་དེར་འགྱུར་བ་གཏོང་བའི་བསམ་བློ་གང་ཡང་མེད་པ་རེད། རྩ་བའི་བོད་མི་རིགས་ལ་མཚོན་ནའང་ཕྱི་དངོས་པོའི་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་སྟབས། ང་ཚོར་དགག་བྱ་གང་ཡང་མེད། ཡིན་ནའང་། ཕྱི་དངོས་པོའི་ཡར་རྒྱས་བཏང་བ་དང་ལྷན་དུ་བོད་མིའི་ནང་སེམས་ཀྱི་བསམ་བློ་དང་མངོན་འདོད་བསྒྲུབ་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་བོད་ཀྱི་ཁོར་ཡུག་དེ་བོད་མི་ཙམ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་འབྲེལ་བ་ཆགས་བསྡད་ཡོད་པ་དང་དེའི་ནང་ནས་ཀྱང་རྒྱ་ནག་རང་ལ་འབྲེལ་བ་ཆགས་བསྡད་པ་རེད། བོད་ཀྱི་ཆུ་བོ་ཁག་བཞུར་ས་ནི་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་ཁྱིམ་མཚེས་ལུང་པ་ཁག་འཁེལ་ཡོད་དུས། རྒྱ་ནག་གི་སྲིད་ཇུས་དེ་ཚོ་དེང་དུས་ཀྱི་ཚན་རིག་དང་མཐུན་དང་མི་མཐུན་གྱི་གནས་སྟངས་ཆགས་ཡོད་རེད། བོད་ལ་གོ་ལའི་སྣེ་གསུམ་པ་ཞེས་ཡོངས་གྲགས་ཀྱི་གནས་སྟངས་འདིའི་འོག བོད་ཀྱི་ཁོར་ཡུག་ཚད་ལྡན་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་གནས་སྟངས་ཆགས་བསྡད་ཡོད། ཁྱོན་ཡོངས་ནས་བཤད་ན་དེ་རིང་དགའ་དགའ་སྤྲོ་སྤྲོ་བྱེད་འོས་པའི་གནས་སྟངས་ཤིག་རྩ་བ་ནས་ཆགས་ཡོད་པ་མ་རེད། གལ་སྲིད་རྒྱ་ནག་གཞུང་གིས་ཞི་བདེ་བསྐྲུན་པ་དང་སོ་སོའི་སྲིད་སྐྱོང་ཡུལ་འོག་གི་མི་མང་ལ་བདེ་བ་བསྐྲུན་ཐུབ་པ་ཡིན་ན། དགའ་དགའ་སྤྲོ་སྤྲོ་བྱེད་འོས་པ་ཞིག་རེད། དུས་ཚོད་དེ་འདྲ་ཞིག་མ་ཤར་བར་དུ་དགའ་དགའ་སྤྲོ་སྤྲོ་བྱེད་འོས་པའི་གནས་བབ་ཅིག་རྩ་བ་ནས་མཐོང་གི་མི་འདུག ཅེས་གསུངས་སོང་།

ཡང་གསར་འགོད་པ་ཞིག་གིས་སྲིད་སྐྱོང་མཆོག་བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་ཡིན་པའི་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཛ་དྲག་གི་དཀའ་ངལ་དེ་སེལ་ཐུབ་ཐབས་ག་འདྲ་ཡོད་མེད་དྲིས་སྐབས། བཙན་བྱོལ་བོད་མིའི་ལྗིད་མཉམ་སྟངས་འཛིན་གྱི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མང་གཙོའི་ཀ་གསུམ་གྱི་ལས་འགན་དེ་སོ་སོ་སོ་སོར་འགྲེལ་བཤད་བརྒྱབ་བཞག་ཡོད་པ་རེད། དེར་བརྟེན་བཅའ་ཁྲིམས་ཀྱི་ནང་དུ་བཀའ་ཤག་ལ་སྐུལ་བའི་འགན་དབང་གང་ཡང་མི་འདུག་ཅེས་གསལ་པོ་ཞུ་ཡི་ཡོད། གཞུང་གི་འགན་འཛིན་ཞེས་པའི་བཅའ་ཁྲིམས་དོན་ཚན་བཅུ་དགུ་བ་ནས་མར་གཟིགས་པ་ཡིན་ན། ཁྲིམས་ལུགས་དབང་འཛིན་ཞེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྒང་ལ་བཀའ་ཤག་ནས་ཐེ་བྱུས་བྱེད་པའི་དབང་ཆ་མེད་པ་དང་། དེ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཞེས་སྤྱི་འཐུས་ལྷན་ཚོགས་ཐོག་བཀའ་ཤག་ནས་ཐེ་བྱུས་བྱེད་པའི་དབང་ཆ་རྩ་བ་ནས་ཡོད་པ་མ་རེད། དེར་བརྟེན། འགན་དབང་མེད་པ་ཞིག་ལ་ཐེ་བྱུས་བྱེད་པར་ཕྱིན་པ་ཡིན་ན། གནས་སྟངས་དེ་ག་འདྲ་ཞིག་ཏུ་ཆགས་སྲིད་པ་དང་མི་སྲིད་པར་བསམ་བློ་གཏོང་དགོས་ཀྱི་ཡོད། ཛ་དྲག་གི་གནས་སུ་ལྷུང་ཡོད་པ་དང་ག་འདྲ་བྱས་ནས་ལྷུང་བ། དེ་བཞིན་སུས་འགན་འཁུར་དགོས་པ་ཚང་མས་མཁྱེན་གྱི་ཡོད་པ་རེད། དེར་བརྟེན། འགན་བཞེས་དགོས་མཁན་ཚོས་འགན་བཞེས་ཏེ་ཁྲིམས་དང་མཐུན་པའི་ཕྱག་ལས་གནང་བ་ཡིན་ན། ད་ལྟའི་དཀའ་ངལ་འཕྲད་གཞི་འདི་ཆགས་ཀྱི་མེད། འཛིན་སྐྱོང་བཀའ་ཤག་ངོས་ནས་གནས་ཚུལ་ག་རེ་ཆགས་ཀྱི་ཡོད་མེད་ཐད་དོ་སྣང་ཆ་ཚང་བྱས་བསྡད་ཡོད། གནས་ཚུལ་མ་ཤེས་པ་ཕལ་ཆེར་མེད་ལབ་ན་འགྲིག་གི་ཡོད་པ་དང་གནས་ཚུལ་ཆ་ཚང་ཤེས་ཀྱི་ཡོད་དེ། ད་ལྟའི་འགན་དེ་སྤྱི་འཐུས་ལྷན་ཚོགས་ལ་ཡོད་སྟབས། བདམས་ཐོན་སྤྱི་འཐུས་དང་སྤྱི་འཐུས་རྣམ་པ་ཚོས་འགན་བཞེས་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད། སྤྱི་འཐུས་རྣམ་པ་ཚོ་ཡིན་ནའང་མི་མང་གིས་རེ་བ་ཞིག་བཅོལ་ནས་ཡར་བཏང་གནང་ཡོད་པ་རེད། མཚམས་མཚམས་ང་ཚོས་སོ་སོའི་ཁ་གཏད་སུ་ཡིན་ནོར་གྱི་འདུག་བསམ་པ་བྱུང་གི་འདུག ང་རང་ཚོ་ནང་ཁུལ་དུ་ཅིག་བཤད་ཐུབ་པ་དང་སྒྲུབ་ཐུབ་པ་ཡིན་ན་དཔའ་རྟགས་ཡིན་པའི་བཟོ་འདྲ་པོ་འདུག

ད་ལྟའི་དུས་སྐབས་སུ་འཛམ་གླིང་གི་ཆབ་སྲིད་འགྱུར་ལྡོག་གི་གནས་སྟངས་དང་དེའི་འོག་ནས་རྒྱ་ནག་ལ་ལྟ་སྟངས་ག་འདྲ་ཡོད་མེད་དང་། དེ་འདྲ་བའི་ཆབ་སྲིད་ཀྱི་གནས་སྟངས་འོག་བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོའི་ངོས་ནས་རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་ཤུགས་ཆེན་པོ་སྤེལ་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། ད་ལྟ་ང་རང་ཚོ་ནང་ཁུལ་གྱི་གནས་ཚུལ་དེའི་དབང་གིས་གྲོས་ཚོགས་འཚོགས་མ་ཐུབ་པར་ང་ཚོའི་གོ་སྐབས་བཟང་པ་དེ་དག་ཆུ་ཟོད་དུ་འགྲོ་ཡི་ཡོད་པ་གསལ་བོ་རེད། དེར་བརྟེན། ད་ལྟའི་གནས་བབ་དེར་ཚང་མས་དགོངས་པ་བཞེས་ཏེ་གང་མགྱོགས་མགྱོགས་ཀྱིས་སེལ་ཐུབ་པ་ཡིན་ན། ང་ཚོས་བོད་དོན་རང་གི་ཐོག་དང་བོད་ཆོལ་ཁ་གསུམ་གྱི་མི་རིགས་ཐོག་དཀའ་ལས་བརྒྱབ་སྟེ་ནུས་ཤུགས་འདོན་དགོས་པ་གལ་ཆེན་པོ་རེད། འཛིན་སྐྱོང་བཀའ་ཤག་ངོས་ནས་ཛ་དྲག་གི་གནས་སྟངས་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་། དེའི་ཐོག་ལག་པ་འཆང་བར་ཁྲིམས་ཀྱི་འགན་དབང་མེད་དུས། མང་གཙོའི་ཐོབ་ཐང་དང་འགན་དབང་མེད་པ་ཞིག་ལ་ཐེ་བྱུས་བྱས་ཚེ། མགོ་ལས་རྨ་ཆེ་བ་བཟོ་བའི་གནས་སྟངས་ཤིག་རིང་བཞིན་གྱི་ཆགས་ཀྱི་ཡོད། དེར་བརྟེན། ཐབས་ལམ་གཅིག་ནི་ཁོང་རྣམ་པ་ཚང་མས་འཛིན་སྐྱོང་བཀའ་ཤག་ངོས་ནས་ཅིག་བྱེད་དགོས་ཀྱི་འདུག་གསུང་བ་ཡིན་ན། ང་ཚོར་ལག་པ་འཆང་རྒྱུ་ཞིག་ཡོང་གི་ཡོད་པ་དང་། གལ་སྲིད་འཛིན་སྐྱོང་བཀའ་ཤག་ངོས་ནས་ལག་པ་འཆང་བ་ཡིན་ན། བཀའ་ཤག་གི་ཐག་གཅོད་དེར་དང་ལེན་ཞུ་རྒྱུ་ཡིན་པའི་ཆ་རྐྱེན་ཞིག་འཇོག་དགོས་ཀྱི་ཡོད། ད་ལྟ་འཛིན་སྐྱོང་བཀའ་ཤག་ཆབ་སྲིད་འདིའི་ནང་འཛུལ་མེད་སྟབས་འཛིན་སྐྱོང་གི་ལས་དོན་དེ་ཚོ་ཏག་ཏག་འགྲོ་ཡི་ཡོད། གལ་སྲིད་འཛིན་སྐྱོང་བཀའ་ཤག་ཀྱང་ཆབ་སྲིད་འདིའི་ནང་མར་འབྲུད་པ་ཡིན་ན། བཀའ་ཤག་ཆབ་སྲིད་ནང་མར་འཐིམས་ཏེ་འཛིན་སྐྱོང་གི་ལས་དོན་ལ་འཐུས་ཤོར་འགྲོ་བའི་ཉེན་ཁ་ཡོད། དེར་བརྟེན། གནད་འགོག་ག་བ་ཡོད་མེད་མཁྱེན་པའི་ཐོག་ནས་ཐབས་ལམ་འཚོལ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།

དེ་རྗེས་གསར་འགོད་པས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་འོག་བཀའ་ཤག་ནས་བོད་མི་ག་ཚོད་ཅིག་འགོག་ཁབ་བརྒྱབ་ཐུབ་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། ལས་ཁུར་ཞུས་པ་དང་ཏོག་དབྱིབས་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་ཚོགས་ཆུང་བཅོས་སྒྲིག་གིས། བོད་མི་རྣམས་ལ་འགོག་ཁབ་བརྒྱབ་རྒྱུའི་ལས་གཞི་བརྩམས་པའི་བརྒྱུད་རིམ་ངོ་སྤྲོད་དང་སྦྲགས། ང་ཚོས་འགོག་ཁབ་བརྒྱབ་རྒྱུའི་ལས་གཞི་བརྩམས་ཏེ་བདུན་ཕྲག་གཅིག་གི་ནང་དུ། འགོག་ཁབ་བརྒྱབ་ཟིན་པའི་མི་འབོར་གང་ལ་གང་འཚམ་ཞིག་རག་བྱུང་། འོན་ཀྱང་། ང་ཚོ་དབུས་ཀྱི་མི་འབོར་གྱི་གྲངས་ཐོ་ཚད་ལྡན་མེད་པ་ལ་བརྟེན་ནས་ས་གནས་ཁག་ཏུ་ཁབ་བརྒྱབ་མེད་པའི་གྲངས་ཐོ་དེ་ཚོ་འབྱོར་བར་ཅུང་ཙམ་འགོར་སོང་། དེར་བརྟེན། སྲིད་སྐྱོང་རང་གིས་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་དབུས་གཞིས་ཆགས་ཁག་ཅིག རྡོ་རྗེ་གླིང་ནས་བསྟན་འཛིན་སྒང་དང་མེ་འོ་བར་བྱང་ཤར་གྱི་གཞིས་ཆགས་ཁག་ཅིག དེ་བཞིན། ཧི་མ་ཅལ་གྱི་གཞིས་ཆགས་ཁག་ཅིག བལ་ཡུལ་དང་ལ་དྭགས། ཨོ་ཊར་ཁན་དང་ལྡི་ལི་ཁུལ་གྱི་གཞིས་ཆགས་ཁག་ཅིག་བཅས་ཀྱི་ས་གནས་མགོ་འཛིན་དང་སྨན་པའི་འགོ་ལས་ཁག་དང་ལྷན་དུ་ཚོགས་འདུ་ཐེངས་ལྔའི་རིང་འཚོགས་ཏེ། གྲངས་ཐོ་གང་འཚམ་རག་པ་དང་རོགས་སྐྱོར་ཕུལ་གྱི་ཡིན་གསུང་མཁན་ཚོར་འཆར་གཞི་བང་སྒྲིག་ཡོད། དེ་དང་དུས་མཚུངས་སུ་ལྷོ་ཕྱོགས་ནས་ཡིན་ན་རྣམ་གྲོལ་གླིང་དང་སེར་ར། བཀྲ་ཤིས་ལྷུན་པོ། བྱང་ཤར་ལྟ་བུ་ཡིན་ན་སྨིན་གྲོལ་གླིང་སོགས་ཀྱི་དབུ་འཛུགས་ཞུས་ཏེ།  མི་མང་ནང་ཁབ་བརྒྱབ་རྒྱུའི་ལས་གཞི་ཤུགས་ཆེན་པོ་སྤེལ་བ་རེད། དེ་བརྟེན། ཕྱི་ནང་གི་རོགས་ཚོགས་མང་པོས་རོགས་སྐྱོར་གནང་བྱུང་། བླ་མ་དང་གྲྭ་བ། དགོན་པ་ཁག་ནས་སོ་སོའི་མི་མང་ལ་ཁབ་བརྒྱབ་རྒྱུའི་འགྲོ་གྲོན་མཚོན་པའི་ལས་དོན་མང་པོ་ཞིག་ལ་རྒྱབ་སྐྱོར་གནང་བྱུང་། དེ་ལ་བརྟེན་ནས། ད་ལྟའི་ཆར་ང་ཚོར་མི་གྲངས་ ༥༡༠༠༠ ཙམ་ཡོད་པའི་ནང་ནས་ཁབ་གཉི་ག་བརྒྱབ་ཟིན་པ་མི་གྲངས་ ༡༤༧༠༣ དང་ཁབ་གཅིག་བརྒྱབ་ཟིན་པ་ ༢༨༤༨༩། ལོ་བཅོ་བརྒྱད་ཡན་ཁབ་རྩ་བ་ནས་བརྒྱབ་མེད་པའི་མི་གྲངས་ ༨༣༤༨ ཆགས་འདུག དེར་བརྟེན། ཁབ་བརྒྱབ་ཚར་བའི་གྲངས་ཀ་དེ་བརྒྱ་ཆ་ ༨༢ ཆགས་ཀྱི་ཡོད་དུས། ང་ཚོ་འཛམ་གླིང་ནང་གི་ཁབ་བརྒྱབ་པའི་གྲངས་འབོར་མཐོ་ཤོས་ཤིག་ཆགས་ཀྱི་ཡོད། ཅེས་གསུངས་སོང་།

བོད་རྒྱ་འབྲེལ་མོལ་ལས་ཚོགས་ཆུང་བཅོས་སྒྲིག་གནང་གི་ཡོད་མེད་སྐོར་ལ་སྲིད་སྐྱོང་མཆོག་ནས། ད་རེས་དྲི་བ་བསླེབས་པར་བརྟེན་ཞུས་པ་ཡིན་ན་སྐྱོན་གལ་མི་འདུག ད་ལྟ་ང་ཚོས་ཕར་འབྲེལ་བ་ཞུ་རྒྱུ་ལྷག་བསྡད་ཡོད་པ་རེད། བཅོས་སྒྲིག་བྱ་རྒྱུ་ཡིན་པ་འོས་བསྡུའི་སྐབས་ནས་བཟུང་ཞུས་ཡོད་ལ་ད་ལྟའང་དམ་བཅའ་བརྟན་པོ་གནས་བསྡད་ཡོད། བོད་རྒྱ་འབྲེལ་མོལ་ལས་དོན་བྱེད་ཕྱོགས་ཐོག་ཐབས་ཇུས་ཀྱི་བརྟན་འཇགས་ཚོགས་ཆུང་ཞིག་འཛུགས་རྒྱུ་གཏན་འཁེལ་བསྡད་ཡོད། དེའི་ནང་གི་མི་འགྲོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་རང་གི་ངོ་བོའི་ཐོག་ནས་གཏན་འཇགས་ཚོགས་ཆུང་ཞིག་འཛུགས་ཀྱི་ཡིན། དེའི་ནང་བདེ་སྲུང་ལས་ཁུངས་ཀྱིས་བོད་དོན་གནས་ཚུལ་མཁོ་སྒྲུབ་བྱེད་པའི་འགན་གཙོ་བོ་བཞེས་རྒྱུ་དང་། གནས་ཚུལ་དེ་དག་འབྱོར་ས་དེ་ཡར་སྲིད་ཇུས་ཉམས་ཞིབ་ཁང་ལ་འབྱོར་འགྲོ་ཡི་ཡོད། ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཁྱོན་ལ་གནས་ཚུལ་ག་རེ་ཆགས་ཀྱི་ཡོད་པ་དང་རྒྱ་རིགས་འབྲེལ་མཐུད་པ་བརྒྱུད་གནས་ཚུལ་ག་རེ་ཤེས་པ་རྣམས་སྲིད་ཇུས་ཉམས་ཞིབ་ཁང་ལ་སྤུངས་ཏེ། སྲིད་ཇུས་ཉམས་ཞིབ་ཁང་ནས་གནས་ཚུལ་གང་ཡོད་པ་ཚང་མ་མིང་དོན་མཚུངས་པ་ཞིག་སྒྲིག་དགོས་པའི་འགན་ཆགས་བསྡད་ཡོད། དེའི་ནང་བདེ་སྲུང་དྲུང་ཆེ་དང་ཕྱི་དྲིལ་དྲུང་ཆེ། སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་དང་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་བཅས་ཁོང་རྣམ་པ་བཞི་ཡིས་ཚོགས་ཆུང་གྲུབ་ཡོད། གནས་ཚུལ་གལ་ཆེ་ཆུང་ལ་དཔག་པས་ཚོགས་ཆུང་དེ་ཐད་ཀར་སྲིད་སྐྱོང་འོག་བསླེབས་ཀྱི་ཡོད། དེ་སྔ་ཞུས་མྱོང་། སྲིད་སྐྱོང་གི་ལས་འགན་དེ་བཀའ་བློན་ཚང་མ་བསྐོས་ཟིན་པ་དང་བཀའ་བློན་རྣམ་པས་ལྷན་ཁང་སོ་སོའི་ལས་འགན་དེ་བྱས་འགྲོ་ཡི་ཡོད་པ་རེད། སྲིད་སྐྱོང་གི་ལས་འགན་གསུམ་ནི་གཅིག་བོད་རྒྱ་འབྲེལ་མོལ་གནས་སྟངས་ཐོག་འགན་འཁུར་རྒྱུ་དང་སྲིད་གཞུང་གཞན་དང་མགོ་ཁྲིད་གཞན་ལ་འབྲེལ་བ་འཛིན་རྒྱུ། གསུམ་པ་དེ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་བར་འབྲེལ་བ་དམ་ཟབ་གཏང་རྒྱུ་བཅས་ལས་འགན་གསུམ་འཁུར་རྒྱུ་ཡིན་ལབ་པ་ནང་ལྟར། ད་ལྟ་ང་ཚོས་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་བཅོས་སྒྲིག་བྱས་མཚམས་ནས། སྔོན་མ་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་མི་བཅུ་བདུན་ཡོད་པ་རྣམས་རིང་བཞིན་གྱིས་ནུས་མེད་ཆགས་འགྲོ་ཡི་ཡོད་ལ། ང་ཚོས་རིམ་པས་ཁོང་རྣམ་པས་འདས་པའི་ལོ་མང་རིང་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་ཕྱག་ཡིག་ཕུལ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༤ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

མཆན། 1

  1. བསྟན་པ་ལེགས་ཚོགས་ says:
    ལོ་ 4 སྔོན།

    ༄༄། དུས་བབ་ནས་གནས་ཚུལ་ཞིབ་ཕྲ་བཀོད་པར་ཐུགས་རྗེ་ཆེ་ རང་རེའི་སྲིད་སྐྱོང་གསར་རྙིང་གཉིས་ཀྱི་དགོང་ཚུལ་མི་འདྲ་བ་གཉིས་བྱུང་བ་ནི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སྒེེང་མཆོག་ནས་མི་མང་གི་བསམ་ཚུལ་མང་པོ་གནང་སོང་ན་ད་ཆ་བརྗོད་མི་དགོས་པ་དང་ དེབཞིན་གསར་དགོས་པ་ཚོས་ཀྱང་དེ་འབྲེལ་གསར་འགོད་མི་བྱེད་པའི་འབོད་བསྐུལ་གནང་བདང་ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་མིའི་སྒྲིགས་འཚུགས་ལ་རྒྱུ་ཚན་དང་ལྡན་པའི་དྲི་བ་ཡོད་རིགས་ལ་བཀའ་ལན་གནང་ཆེད་བོད་མིའི་སྒྲིགས་འཚུགས་ཀྱི་མགྲིན་ཚབ་པ་ཞིག་དམིགས་གསལ་བསྐོ་ཞག་གནང་རྒྱུ་ཡིན་པ་དང་ ཁ་སྔོན་ཨ་རིའི་བོད་སྐད་རླུང་འཕྲིན་གྱིས་བཅའ་དྲི་ཞུས་པའི་སྐབས་གསར་བཀོད་པ་ཚོས་བློ་ཁོག་ཆེ་ཙམ་བྱས་དེ་འདྲི་བ་གནང་ཐུབ་ན་ཕན་ཚུན་དོག་གསེལ་ཐུབ་པ་དང་དེས་སྤྱི་ཚོགས་ཐོག་དཀྲོག་གཏམ་ཉུང་དུ་འགྲོ་སྲིད་པའི་བཀའ་སློབ་བཅས་ཁག་གཉིས་བྱུང་བར་ང་ཚོ་མི་མང་ཚོས་སོ་སོའི་སེམས་ནང་འཚོ་བ་གང་འདྲ་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན་། བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese