ཁ་སང་ཕྱི་ཚེས་ ༢༢ ཉིན་གཉན་ཡོད་ཐེབས་རྩ་ལྷན་ཁང་གིས་ཆོས་ལུགས་འཆམ་མཐུན་དང་འགྲོ་བ་མིའི་བཟང་སྤྱོད་གཏོང་སྤེལ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཆེད་ཕྱག་ལས་རླབས་ཆེན་གནང་མཁན་གྱི་གནད་ཡོད་མི་སྣ་གསུམ་ལ་འདི་ལོའི་མཉན་ཡོད་གཟེངས་རྟགས་ཕུལ་ཡོད་འདུག
འབྲི་གུང་༧སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་གི་དགོངས་གཞི་ལྟར། གཉན་ཡོད་ཐེབས་རྩ་ལྷན་ཁང་གསར་འཛུགས་གནང་སྟེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་མཉན་ཡོད་གཟེངས་རྟགས་ཞེས་པ་ཞིག་ད་ལོ་ནས་བཟུང་ལོ་ལྟར་གལ་ཆེའི་མི་སྣ་ཁག་ལ་འབུལ་གཏན་འཁེལ་བ་ལྟར། ཁ་སང་ཕྱི་ཚེས་ ༢༢ ཉིན་ཕྱི་ལོ་ ༢༠༢༡ ལོའི་མཉན་ཡོད་གཟེངས་རྟགས་དེ་སྡེ་ཚན་གསུམ་གྱི་སྒོ་ནས་གནད་ཡོད་མི་སྣ་གསུམ་ལ་ཕུལ་ཡོདའདུག དེ་ཡང་འཛམ་གླིང་ནང་ཆོས་ལུགས་མཐུན་འབྲེལ་གྱིས་མཚོན་པའི་ཁོར་ཡུག་དང་འབྲེལ་བའི་ཕྱག་ལས་རླབས་ཆེན་གནང་མཁན་རྒྱ་གར་གྱི་ཆོས་ལུགས་དབུ་འཁྲིད་ཧིནྡུའི་བླ་ཆེན་པཱུཇྱ་སྭཱམཱི་ཅིདཱནནྡ་སརསྭཏཱི་(H.H Pujya Swami Chidanand Saraswatiji)མཆོག་དང་། ཐའེ་ཝན་སི་ཅི་གཙུག་ལག་སློབ་ཆེན་གྱི་སི་ཅི་ཐེབས་རྩ་ཁང་གི་ནང་པའི་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་ཚན་པའི་(Director of the Humanity Development of Buddhist Tzu Chi Foundation)དབུ་འཛིན་སྐུ་ཞབས་ཧཱར་རེ་ཤིན་(Dr. Rey-Sheng Her)ལགས། དེ་བཞིན་ལ་དྭགས་ནས་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་སྐུ་ཞབས་མོཧྨཱད་དཱིན་(Dr.Mohammed Deen)ལགས་བཅས་ལ་གནང་ཡོད་འདུག
གཟེངས་རྟགས་དེ་ནི་གཙོ་བོ་དེང་སང་སའི་གོ་ལའི་ཚ་དྲོད་རྒྱས་ཤིང་གངས་རི་རྣམས་རིམ་པས་བཞུ་ནས་ཁོར་ཡུག་ཐོག་བསམ་ཡུལ་ལས་འདས་པའི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པ་དང་། ཆོས་ལུགས་ནང་ཕན་ཚུན་མཐུན་འབྲེལ་མེད་པའི་སྒོ་ནས་འཛམ་གླིང་ནང་ཞི་བདེ་ལྷིང་འཇགས་མེད་པ་སོགས་ཀྱི་དཀའ་ངལ་ཆེ་ཕྲ་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་པར་བརྟེན། ལོ་ངོ་དུ་མའི་གོང་ནས་འབྲི་གུང་༧སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་སྐུ་སྒེར་གྱི་ངོས་ནས་ཀྱང་དངོས་ཡོད་གནས་བབ་དང་བསྟུན་ཏེ། ཧི་མཱ་ལ་ཡའི་ས་ཁུལ་ཁག་ཏུ་གངས་ཀྱི་མཆོད་རྟེན་དང་གངས་རི་བཟོས་གནང་བ། དེ་བཞིན་ལྗང་བསྒྱུར་དང་རང་བསྒྱུར་གྱིས་མཚོན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་མཁན། དེ་མཚུངས་ཆོས་ལུགས་ཁག་གི་བླ་ཆེན་ཚོ་དང་ལྷན་དུ་མཇལ་འཕྲད་ཀྱིས་ཛ་དྲག་གི་གནད་དོན་ཁག་ལ་བཀའ་བསྡུར་གནང་བ་སོགས་ཀྱིས་མཚོན་པའི་ལས་འགུལ་དུ་མ་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལྟར། འཛམ་བུ་གླིང་འདིར་ཆོས་ལུགས་མཐུན་འབྲེལ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པའི་གནད་ཡོད་མི་སྣ་རྣམས་ལ་སྐུལ་མ་གཏོང་བའི་ཆེད་དུ་ལོ་ལྟར་འབུལ་གཏན་འཁེལ་གནང་བ་ཞིག་ཡིན་འདུག
འབྲི་གུང་༧སྐྱབས་མགོན་མཆོག་གི་སྐུ་ཚབ་པ་མཁན་པོ་རང་གྲོལ་ལགས་ཀྱིས་འདི་གའི་གསར་འགོད་པར། འཛམ་བུ་གླིང་འདིར་ཆོས་ལུགས་མཐུན་འབྲེལ་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པའི་གནད་ཡོད་མི་སྣ་དུ་མ་ཞིག་ཡོད་པ་རྣམས་ཀྱི་སྤོབས་པ་ཡར་བསྐྱེད་དང་གུས་བཀུར་ཆེ་མཐོང་ཞུ་བ། དེ་བཞིན་དེ་ལྟ་བུའི་བྱ་བ་བསྟུད་མར་གནང་སྐྱོང་ཡོང་བའི་འབོད་བསྐུལ་གྱི་ཚུལ་དུ་ཕྱི་ལོ་ ༢༠༢༡ ནས་གཉན་ཡོད་གཟེངས་རྟགས་འབུལ་མགོ་བཙུགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འདི་ལོའི་མཉན་ཡོད་གཟེངས་རྟགས་དེ་སྡེ་ཚན་གསུམ་གྱི་སྒོ་ནས་གནད་ཡོད་མི་སྣ་གསུམ་ལ་འབུལ་རྒྱུའི་མཛད་སྒོ་འཚོག་འཆར་ཡོད་ཀྱང་། ཏོག་ནད་ཀྱི་རྐྱེན་གྱིས་ཚོགས་ཐུབ་མ་སོང་། འོན་ཀྱང་ང་རང་ཚོའི་འཐུས་མི་ཁ་ཤས་ཀྱི་ཚོགས་ཆུང་བཟོས་ཏེ་ས་གནས་སུ་ཆེད་གཏོང་གནང་བ་ལྟར། ཁ་སང་གཟེངས་རྟགས་རྣམས་དངོས་སུ་འབུལ་བཞེས་གནང་ཡོད་སྐོར་གསུངས་བྱུང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།
འཛམ་བུ་གླིང་འདིར་ཆོས་ལུགས་མཐུན་འབྲེལ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པའི་གནད་ཡོད་མི་སྣ་རྣམས་ལ་སྐུལ་མ་གཏོང་བའི་ཆེད་དུ་ལོ་ལྟར་འབུལ་གཏན་འཁེལ་གནང་བ་ཞིག་ཡིན་འདུག Great idea!
གཉན་ཡོད་མ་རེད། མཉན་ཡོད་རེད།