སྐྱེས་སར་ཀླུ་སྒྲུབ། ཧྥ་རན་སི།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན། ༧གོང་ས་ཏཱ་ལའི་བླ་མ་ནི། འཚེ་མེད་ཞི་བའི་རླབས་ཆེན་གྱི་སློབ་དཔོན་ཞིག་ཡིན་ལ། རྒྱ་ཆེ་ཞིང་གཏིང་ཟབ་པའི་སངས་རྒྱས་པའི་མཚན་ཉིད་རིག་པའི་ལྟ་གྲུབ་སྨྲ་བ་ཞིག་དང་། ད་དུང་དགེ་སྦྱོང་གོ་ཏ་མའི་རྗེས་འཇུག་གི་ན་བཟའ་གྱོན་པའི་ཁྲོད་ནས་ནུབ་ཕྱོགས་ཀྱི་ཚན་རིག་ལ་སྤྲོ་བ་ཆེ་བའི་སློབ་མ་སྣོད་ལྡན་ཞིག་ཀྱང་ཡིན།
དེའི་མི་ཚད་པར། ད་དུང་གཟུར་གནས་ཀྱི་སྐྱེས་བུ་ས་ཡ་དང་འབུམ་ཕྲག་མང་པོའི་སེམས་ངོར། ༧གོང་ས་ཏཱ་ལའི་བླ་མ་ནི་སྐྱེས་བུ་སྒེར་སོ་སོའི་མི་ཚེའི་ནང་སེམས་ཀྱི་བདེ་སྐྱིད་བརྟན་པོ་ཞིག་སྐྲུན་མཁན་གྱི་བོད་མི་ལྷག་བསམ་ཅན་ཞིག་ཀྱང་ཡིན། གལ་ཏེ་མངོན་བརྗོད་ལྟ་བུའི་མིང་གི་ཚོགས་པ་ཞིག་གིས་༧གོང་ས་མཆོག་མཚོན་དགོས་ན། ༧གོང་ས་ཏཱ་ལའི་བླ་མ་ནི། ཞི་བདེའི་དེད་དཔོན། བྱམས་བརྩེའི་སྟོན་པ། དབུགས་དབྱུང་བྱེད་པོ། ཤེས་རབ་ཀྱི་ལྷ། བདེན་འཚོལ་སྐྱེས་བུ་སོགས་མཐའ་མེད་པ་ཞིག་གིས་འབོད་འོས་ལ་བཀུར་ཆོག
དེ་ལྟར་ཡང་། ༧གོང་ས་ཏཱ་ལའི་བླ་མ་གང་ཉིད་འཁྲུངས་ཡུལ་བོད་གངས་ཅན་ལྗོངས་གཙོས་ནང་བསྟན་དད་ལྡན་པའི་ཡུལ་ལུང་གང་སར། ཁོང་ནི་མི་ལས་ལྷག་པའི་ལྷ་དང་། ལྷ་ལས་ཀྱང་ལྷག་པའི་ལྷ་མཆོག་ཅིག་ཏུ་འདོད་ལ། ལྷག་པར་དུ་འཕགས་པ་སྤྱན་རས་གཟིགས་དང་བོད་གངས་ཅན་པའི་བར་བདག་པོ་དང་ཡུལ་ལམ། ཡང་ན། བྱམས་བརྩེ་དང་ཤེས་རབ་ཀྱིས་སྐྱོང་མཁན་དང་སྐྱོང་ཡུལ་གྱི་འབྲེལ་བ་ལྟ་བུའི་རླབས་ཆེན་གྱི་འབྲེལ་བ་ཡོད་ལ། དད་དམ་གྱི་འབྲེལ་བ་དེ་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཀྱང་ཡོད་པས། བསྐལ་བའི་བར་དུ་འཇིག་མི་སྲིད་པའི་གསོན་ཤུགས་གནས་ཡོད།
བོད་མི་རིགས་ཀྱི་ཉེ་རབས་ལོ་རྒྱུས་ནང་གོད་ཆག་དང་། དཀའ་ཁག་མང་དག་ཅིག་བྱུང་དང་འབྱུང་བཞིན་པ་དེ་ལྟར་ཡང་། དཀའ་ཁག་གི་ལོ་ཟླའི་ནང་རེ་བའི་འོད་སྣང་སྟེ། ཆག་འཇིག་དང་གཏོར་བཅོམ་གྱིས་ནམ་ཡང་གཞོམ་མ་ཐུབ་པ་དེའང་བོད་གངས་ཅན་པའི་འཚོ་གནས་ཀྱི་སེམས་ཤུགས་དེ་མི་ཡི་མི་མཆོག ལྷ་ཡི་ལྷ་མཆོག་༧གོང་ས་ཏཱ་ལའི་བླ་མར་འབྲེལ་བ་དམ་ཟབ་ཡོད་པས་ལོས་ཡིན། ཕྱི་ལོ་ ༡༩༥༩ ཟླ་ ༠༣ ཚེས ༡༧ ཉིན་བོད་ཀྱི་དད་པའི་རྟེན་དང་། འཐབ་རྩོད་ཀྱི་བླ་སྲོག་༧གོང་ས་ཏཱ་ལའི་བླ་མ་ཁོང་། བཙན་འཛུལ་བས་ཇི་ལྟར་གསོན་བཟུང་བྱེད་དགོས་མིན་ལ་གྲ་སྒྲིག་ཇི་ལྟར་བྱས་མིན་ལ་མ་ལྟོས་པར། མི་རྒོད་དུ་སྤྲུལ་བའི་ལྷ་དམག་གི་དཔུང་ཁག་ཅིག་གིས་དགྲ་བོའི་རྣ་བ་འོན་པར་བྱས་ཤིང་། མིག་བཟུང་ལོང་བར་བྱས་ཏེ། བོད་མི་རིགས་ཀྱི་ལྟ་བའི་མིག་དང༌། ཁོག་པའི་སྙིང་། སྐྱིད་ཀྱི་ཉི་མར་བཀུར་རྒྱུ་དང་། སྡུག་གི་ཉི་མར་ཁེན་ས་ཡིན་པའི་སྐྱེས་བུ་ཁོང་། གོ་ཏ་མའི་འཁྲུངས་ཡུལ་དུ་བསྐྱལ་ཏེ། གནའ་སྔ་མོ་ཞིག་ནས་ཞལ་བཞེས་དང་དམ་བཅའ་ཡོད་པའི་བོད་གངས་ཅན་པའི་བདེ་སྡུག་ལ་ཐག་རིང་ཞིག་ནས་གཟིགས་སུ་བཅུག་ཅིང་། རྒྱང་རིང་ཞིག་ནས་སྐྱོང་བར་བསྐུལ།
འདི་ལྟར་བླ་མ་ཕ་རི་དང་མཆོད་པ་ཚུ་རི་བྱས་ནས་ལོ་ཟླ་ཞག་སྦྲེལ་གྱིས་དེད་མཐར། འཕགས་པ་སྤྱན་རས་གཟིགས་སམ། ྋགོང་ས་ཏཱ་ལའི་བླ་མའི་དགུང་ལོ་ ༨༠ སླེབས་སྐབས་ས་མཐའ་སྡེ་མཐའ་ན་བཀྲམ་ནས་ཡོད་པའི་བོད་གངས་ཅན་པ་རྣམས་ཀྱིས། ལྷ་མཆོད་ཀླུ་མཆོད་བྱས་ཤིང་། བླ་མཆོད་མི་མཆོད་བགྱིས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་དགུང་ལོ་ ༨༠ གྱ་སྟོན་བསུས། སྐབས་དེར་འཕགས་པ་སྤྱན་རས་གཟིགས་ཀྱིས་སུས་ཀྱང་འགྲེལ་དཀའ་ཡང་། གང་གིས་ཀྱང་མཚོན་མི་ནུས་པའི་དད་སེམས་དང་། ལར་ཞེན་ལ་སྤྲོ་བ་བརྟས་ཤིང་། དང་བས་བསྔགས། ད་དུང་ད་ཐེངས་གྱ་སྟོན་བྱས་པས་མི་ཆོག་པར། མ་འོངས་པར་གོ་སྟོན་བྱེད་དགོས་པའི་ཆེས་མཛའ་སེམས་ཀྱི་དུང་བ་སྤྲད། དེ་ནི་མི་ཚུལ་གྱི་དགུང་ལོ་ ༨༠ ནས་ ༡༡༣ ལ་སླེབས་པའི་བར་གྱི་ཐེམ་སྐས་བཅུ་སྐོར་དང་པོ་དེ་ཡིན་ལ། ད་དུང་དེའི་རྗེས་སུ་དགུང་ལོ་ ༡༠༠ དང་། དགུང་ལོ་ ༡༡༠ ། དགུང་ལོ་ ༡༡༣ བཅས་ཀྱི་སྐས་རིམ་རེ་རེ་བཞིན་བརྒྱུད་དགོས།
འདས་པའི་བོད་ཀྱི་ལོ་རྒྱུས་ནང་དུས་རབས་འདིའི་ཆག་སྒོ་ལྟ་བུ་ཞིག་བྱུང་མྱོང་མེད་ལ། འདས་པའི་བོད་ཀྱི་ལོ་རྒྱུས་ནང་༧གོང་ས་ཏཱ་ལའི་བླ་མ་ནང་བཞིན་གྱི་དབུ་ཁྲིད་ཅིག་ཀྱང་བྱུང་མྱོང་མེད། གང་ལྟར་༧གོང་ས་ཏཱ་ལའི་བླ་མའི་འཁྲུངས་སྐར་རེ་རེ་ནི་བོད་མི་རིགས་ཀྱི་གསོན་ཤུགས་ལ་ངར་ཁ་སྣོན་མ་རེ་ཡིན་ལ། གྱ་སྟོན་དང་། གོ་སྟོན། བརྒྱ་སྟོན་སོགས་ཀྱང་། བོད་མི་རིགས་ཀྱི་འཚོ་གནས་དང་། འཐབ་རྩོད་ཀྱི་ཚེ་སྲོག་ཏུ་གྱུར་བའི་༧གོང་ས་ཏཱ་ལའི་བླ་མའི་འཁྲུངས་སྐར་བསུས་པ་ཙམ་མིན་པར། བོད་མི་རིགས་ཀྱི་འཚོ་གནས་ཀྱི་ངར་ཤུགས་མཐོར་འདེགས་བྱས་པ་ཞིག་ཀྱང་ཡིན་པས། ང་ཚོ་ཚང་མས་༧གོང་ས་ཏཱ་ལའི་བླ་མའི་འཁྲུངས་སྐར་བསུ་དགོས། དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་བྱེད་དགོས། འདི་ནི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཚེ་སྲོག་སྐྱོབ་ཐབས་ཤིག་ཡིན་ལ། མི་རིགས་འདིའི་མ་འོངས་པར་འོད་སྣང་སྐྲུན་ཐབས་ཤིག་ཀྱང་ཡིན།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན་ནི་༧གོང་ས་ཏཱ་ལའི་བླ་མའི་དགུང་ལོ་ ༩༠ སླེབས་པའི་འཁྲུངས་སྐར་ཡིན།
སྐྱེས་སར་ཀླུ་སྒྲུབ་ལགས་ཐུགས་རྗེ་ཆེ།
བདེན་ལགས། རིགས་ཀྱི་བུ།
།འདི་ནི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཚེ་སྲོག་སྐྱོབ་ཐབས་ཤིག་ཡིན་ལ། མི་རིགས་འདིའི་མ་འོངས་པར་འོད་སྣང་སྐྲུན་ཐབས་ཤིག་ཀྱང་ཡིན།
15666666666