དེ་རིང་ས་ག་ཟླ་བའི་ཉིན་ལྔ་བར་༧གོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། མ་ཎི་རིལ་བུ་དག་ལ་ཕྱག་བྱིན་དང་བསྔོ་སྨོན་སྩལ་གནང་མཛད་སོང་།
ལོ་ལྟར་ས་ག་ཟླ་བའི་རིང་ཐེག་ཆེན་གཙུག་ལག་ཁང་དུ་བདུན་གཅིག་རིང་མ་ཎི་དུང་སྒྲུབ་ཚོགས་སྲོལ་ཡོད་པ་ལྟར། དེ་རིང་བོད་ཟླ་བཞི་བའི་ཚེས་ ༥ དང་། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། མ་ཎི་རིལ་བུ་དག་ལ་ཕྱག་བྱིན་དང་བསྔོ་སྨོན་མཛད་གནང་སོང་།
སྐབས་དེར་༧མགོན་པ་གང་ཉིད་མཆོག་གིས། ད་ལྟ་འདིའི་རྗེས་ལ་མཇལ་ཁ་ཁ་ཤས་ཤིག་ཡོད། དེ་རིང་ཞོགས་པར་བྲེལ་བ་གང་ཡང་མེད། དེར་བརྟེན་འདིར་མ་ཎི་དུང་སྒྲུབ་འཚོག་གིན་ཡོད་སྟབས། འཁྱུག་ཙམ་འདིར་བཅར་ན་བསམ་ནས་དྲན་བྱུང་། དེ་ནས་མ་ཎི་རིལ་བུ་འདི་དག་མི་མང་པོས་ཚོགས་དང་ཚོགས་མང་པོར་བྱིན་རྟེན་བྱས་ནས་སྒྲུབ་ཀྱི་ཡོད་དུས། ངོས་ནས་འདིར་སྨོན་ལམ་ཞིག་བརྒྱབ་ན་བསམ་བྱུང་། ཞེས་གསུངས་པ་དང་། སྐུ་མཚར་དང་འབྲེལ་ནས་ཇ་བཞེས་ཤིག བག་ལེབ་སེར་སེར་ཞིག་བསླེབས་བྱུང་ཞེས་ཞལ་རས་འཛུམ་གྱིས་ཁེངས་བཞིན་བཞད་མོ་བཞེས་སོང་། དེ་ནས་༧གོང་ས་མཆོག་གིས་བཞུགས་ཁྲིའི་ཉེ་འགྲམ་གྱི་མ་ཎི་རིལ་བུ་དག་ལ་བསྔོ་སྨོན་དང་ཕྱག་བྱིན་གནང་གྲུབ་མཚམས་ཕྱིར་རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་སོང་།
ལོ་ལྟར་ཚོགས་སྲོལ་ཡོད་པའི་འདི་ལོའི་མ་ཎི་དུང་སྒྲུབ་དེ། ཁ་སང་ཕྱི་ཚེས་ ༣ ཉིན་དབུ་འཛུགས་ཀྱིས། ཉིན་གྲངས་བདུན་རིང་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོ་གའི་ཐོག་ནས་མ་ཎི་དུང་སྒྲུབ་བྱེད་ཀྱི་ཡོད་ཅིང་། དེ་ཡང་མ་ཎི་དུང་སྒྲུབ་ཅེས་པ་ནི་ས་ག་ཟླ་བའི་སྐབས་མ་ཎི་དུང་ཕྱུར་གཅིག་གསོག་སྒྲུབ་གནང་དགོས་པ་དང་དེ་ལས་མང་བ་གསོག་སྒྲུབ་ཐུབ་པ་ཡིན་ན་མཆོད་པའི་རྒྱན་དུ་གྱུར་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
མགོན་པོ་རེད། མགོན་པ་ནོར།