འདས་པའི་བདུན་ཕྲག་གཅིག་ཙམ་རིང་ཚོགས་མི་དྲུག་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྱི་བློན་ཆེན་དང་གྲོས་ཚོགས་གོང་འོག་གི་འཐུས་མི་བཅས་གནད་ཡོད་མི་སྣ་ ༣༥ ཙམ་ལ་མཇལ་འཕྲད་གནང་སྟེ་གཙོ་བོ་དོན་ཚན་བཞི་ཡི་ཐོག་ནས་བོད་དོན་ཞུ་སྐུལ་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བཟུང་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་སྤྱི་འཐུས་རྒྱུན་ལས་ ༦ གིས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་སུ་བགོས་ཏེ། ཉིན་གྲངས ༧ རིང་རྒྱལ་ས་ལྡི་ལི་རུ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། དེ་རིང་སྐུ་ཚབ་ཚོགས་ཆུང་གིས་བྷི་ཇི་ཕི་གཞུང་འཛིན་སྲིད་དོན་ཚོགས་པའི་ལས་ཁུངས་སོགས་སྲིད་དོན་ཚོགས་པ་ཁག་གི་ལས་ཁུངས་ནང་བཅར་ཏེ་བོད་དོན་ཞུ་སྐུལ་གནང་གི་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་དང་པོས་རྒྱ་གར་མཁའ་ལམ་དང་འགྲིམ་འགྲུལ་གཅིག་ལྕོགས་ཀྱི་བློན་ཆེན་དང་། གྲོས་ཚོགས་འཐུས་མི། རྐང་དམག་དམག་དཔོན་ཟུར་པ་སྐུ་ཞབས་ཝི་ཇེ་ཀུ་མར་སིང་(Shri. Vijay Kumar Singh)མཆོག་དང་ལྷན་མཇལ་འཕྲད་དང་། དེ་བཞིན་ཚོགས་ཆུང་གཉིས་པས་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཨ་ཇེ་ཀུ་མར་མི་ཤ་རཱ་ (Shri Ajay Kumar Mishra) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་ཡོད་འདུག་ལ། སྐུ་
དེ་བཞིན་སྐུ་ཚབ་ཚོགས་མི་ཐུན་མོང་ནས་ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པའི་ཀོང་རེ་སི་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལས་ཐོག་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཇཱེ་རཱམ་རཱ་མེ་ཤི་ (Shri. Jayram Ramesh, Member of Rajya Sabha) མཆོག་དང་།ཨུ་ཏར་མངའ་སྡེ་ནས་ཡིན་འི་བྷི་ཇི་ཕི་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ཤོ་ཀ་བྷ་ཇི་བྷ་ཡེ་ (Shri Ashok Bajpai, Member of Rajya Sabha) མཆོག་རྣམ་གཉིས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག
ཐེངས་འདིར་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་དོན་ཚན་བཞི་ཅན་གྱི་ཞུ་སྐུལ་ཡི་གེ་ཞིག་ཕུལ་ཡོད་པ་ནི། ༡) རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཁྲིམས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པ་མ་ཟད་བརྩི་སྲུང་གནང་དགོས་པ། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཙམ་མ་ཡིན་པར། རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པར་ངོས་འཛིན་དང་དོ་ཁུར་བྱེད་དགོས་པ། ༢) རྒྱ་ནག་གིས་རྒྱ་གར་གྱི་བདེ་འཇགས་ལ་མུ་མཐུད་འཇིགས་སྣང་སྐུལ་བ་མ་ཟད། རྒྱ་གར་གྱི་ས་མཚམས་ལ་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད། དེའི་ཕྱིར་བོད་ཀྱི་གནད་དོན་དེ་ཛ་དྲག་ཅིག་ཡིན་པ་དང་། ཁ་ཚ་དགོས་གཏུག་ཐོག་ནས་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་དགོས་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཚོས་གནད་དོན་དེ་དག་ལ་དོ་སྣང་མང་ཙམ་གནང་རོགས། ༣) བོད་རྒྱ་འབྲེལ་མོལ་སླར་གསོའི་ཆེད་དུ་རྒྱ་ནག་སྲིད་གཞུང་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་གྱི་གྲོས་མོལ་སླར་གསོ་བྱེད་པར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རོགས། ༤) རྒྱ་ནག་གིས་དཔལ་འབྱོར་ཁོ་ནའི་ཆེད་དུ་ཐབས་ཤེས་སྣ་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་རྐྱེན་གྱིས། རྒྱ་གར་གཙོས་འཛམ་གླིང་ཁྱོན་ལ་གནོད་འཚེ་གཏོང་བཞིན་ཡོད་པས། དེའི་ཕྱིར་བོད་ཀྱི་ཁོར་ཡུག་ལ་དོ་སྣང་མང་ཙམ་གནང་དགོས་པ་བཅས་ཀྱི་ཐོག་ཞུ་སྐུལ་དང་། བོད་ཀྱི་ཆུ་བོའི་གནས་སྟངས་དང་། གནའ་དེང་གི་ཤེས་ཡོན་སྐོར། སློབ་གྲྭའི་གནས་སྟངས། བྱིས་པའི་གནས་སྟངས་སོགས་བོད་ནང་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་གི་གནས་སྟངས་ཁག་ངོ་སྤྲོད་གནང་བ་མ་ཟད། དེ་དག་ལ་དོ་སྣང་དང་། ཐུགས་ཁུར་གནང་དགོས་པའི་སྐུལ་མ་ཡང་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༤ བར་དུ་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་དང་པོ་དང་གཉིས་པ་ཁག་བགོས་ཀྱི་ཐོག་ནས་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ཇོན་བྷར་ལ་ (Shri John Barla) མཆོག་དང་། གྲོས་ཚོགས་གོང་འོག་གི་འཐུས་མི་ ༡༥ ཡས་མས་ལ་མཇལ་འཕྲད་གནང་སྟེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་དང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་ད་བར་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་ཡོད་པ་དང། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་དུ་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་མི་སེར་སྐྱ་གྲངས་ ༡༥༧ ཙམ་གྱིས། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་བཅས་རྩ་མེད་བཟོ་བའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་ཡོད་སྐོར་དང་། ད་ལྟའི་ཆར་བོད་ནང་དུ་བོད་མི་རང་ལོ་བཞི་ནས་བརྒྱད་བར་གྱི་བྱིས་པ་མང་པོ་ཞིག་རྒྱ་གཞུང་གིས་བཙན་བཀའི་འོག་ནས་ཕ་མ་དང་ཁ་བྲལ་ཏེ་གཏན་འཇགས་སློབ་གྲྭར་བཅུག་སྟེ། བོད་ཀྱི་སྐད་ཡིག་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས་བཅས་རྩ་མེད་གཏོང་ཐབས་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པའི་སྐོར་དང་། བོད་ཀྱི་ས་ཁུལ་ཁག་ཏུ་བཙན་དབང་གིས་རིགས་རྫས་ (DNA) བརྟག་དཔྱད་བྱས་ཏེ་བོད་མི་རྣམས་ཕྱོགས་ཡོངས་ནས་སྟངས་འཛིན་དང་དམ་དྲག་བྱེད་འགོ་བཙུགས་ཡོད་པ་སོགས་ལ་བརྟེན། བོད་མིའི་ངོ་བོ་དང་རིག་གནས་རྒྱུན་འཛིན་ཡོང་ཆེད་རྒྱལ་སྤྱིའི་ཐོག་ཏུ་རྒྱ་གར་གཞུང་གིས་ཐུགས་འགན་གཙོ་བོ་བཞེས་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་མཉམ་འབྲེལ་གྱི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར། ༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་ཞི་མོལ་ཡོང་ཐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་དང་ཁོར་ཡུག་གི་ཚོགས་འདུ་སོགས་ཀྱི་ཐོག བོད་ཀྱི་རང་བྱུང་ཁོར་ཡུག་གིས་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ཐད་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཡོང་ཐབས་གནང་དགོས་པའི་སྐོར། དེ་བཞིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་གདོང་ཐུག་ཡང་ཡང་ཡོང་གི་ཡོད་པ་དེ། རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ལ་བརྟེན་ནས་བྱུང་ཡོད་པས། བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐུབ་ན་རྒྱ་གར་གྱི་བདེ་འཇགས་ལའང་ཕན་ཐོགས་ཆེན་པོ་ཡོད་པ་སོགས་ཕྱོགས་གང་ཐད་ནས་བོད་དོན་ཐད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སོགས་ཞུས་གནང་ཡོད་འདུག
གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ནས་བཏུས།
གླང་དམར་འབག་མགོ་ཅན་ཚོ་འགྲོ་ཐ་ལེ ད་ཀྲ་མོ་འཇོན་ཡོད་ཡོད་རེད་ལེ། མི་སྐད་གྲགས་ཅན་ཀྱང་ཀྱང་འདུག་ལེ