༧གོང་ས་མཆོག་གིས་ཡེ་ཤུའི་ཆོས་དཔོན་ཟུར་བ་བྷེ་ནེ་ཌིག་ཊི་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་སྩལ།
ཉེ་ལམ་ཡེ་ཤུ་ཆོས་དཔོན་ཟུར་པ་ (Pope Benedict XVI) མཆོག་དགུང་གྲངས་ ༩༥ སྟེང་དགོངས་པ་རྫོགས་ཡོད་པར་བརྟེན། ཁ་སང་ཕྱི་ཚེས་ ༡ ཉིན༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཡེ་ཤུ་ཆོས་ཁང་ (Apostolic Nunciature) ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཏེ། ༧མགོན་པོ་གང་ཉིད་མཆོག་གིས་ཡེ་ཤུའི་བླ་ཆེན་ཁོང་འདས་གྲོངས་སུ་ཕྱིན་པར་ཁཱ་ཐོ་ལེ་ཁུའི་ཆོས་བརྒྱུད་འཛིན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་སྨོན་གནང་ཡོད་སྐོར་གསུངས་འདུག
ཐུགས་གསོའི་གསུང་འཕྲིན་ནང་། དེ་སྔོན་ངོས་ཕོབ་བྷེ་ནེ་ཌིག་ཊི་མཆོག་དང་ཐུག་འཕྲད་སྐབས། ངེད་གཉིས་ནས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་སྐོར་ནས་གླེང་སློང་བྱས་པ་དང་ངེད་གཉིས་ལ་མཐུན་པའི་ཆ་ཧ་ཅང་མང་པོ་ཡོད། ཁོང་ཆོས་དཔོན་ཡིན་དུས། ཁོང་གིས་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིན་ཐང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་སྐུ་ལས་བསྐྱོན་ནས་ཕྱག་ལས་གནང་ཡོད་པས། ཁོང་གིས་མི་ཚེ་དོན་དང་ལྡན་པ་ཞིག་རོལ་ཐུབ་ཡོད།
ངོས་ནས་འདས་པའི་ལོ་བཅུ་ཕྲག་འགའི་རིང་ཁཱ་ཐོ་ལེ་ཁུའི་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་དང་འབྲེལ་འདྲིས་བྱས་ཏེ་ཉམས་མྱོང་གང་འཚམ་བསགས་ཐུབ་སོང་ལ། འབྲེལ་འདྲིས་དེ་དག་གིས་ང་ཚོའི་བར་ཆོས་ལུགས་ཀྱི་འདུ་ཤེས་འཛིན་ཕྱོགས་ཕུན་སུམ་ཚོགས་པར་བཏང་ཡོད་པ་ངོས་ལ་ཡིད་ཆེས་ཡོད། འཛམ་གླིང་གི་ས་ཕྱོགས་འགའི་ནང་དཀའ་ངལ་འཕྲད་བཞིན་པ་མཐོང་སྐབས། ང་ཚོས་ཕོབ་བྷེ་ནེ་ཌིག་ཊི་མཆོག་གི་སྐུ་ཚེ་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ། འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་སླད་དུ་རམ་འདེགས་གང་ཐུབ་བྱས་ཆོག་པ་ཡིན། ཞེས་གསུངས།
ཡེ་ཤུ་ཆོས་དཔོན་ཟུར་བ་བྷེ་ནེ་ཌིག་ཊི་མཆོག་ནི་ཕྱི་ལོ་ ༡༩༢༧ ཟླ་ ༤ ནང་འཇར་མན་ནང་སྐྱེས་ཤིང་། ཕྱི་ལོ་ ༢༠༠༥ ལོ་ནས་ཁཱ་ཐོ་ལི་ཁུ་ཡེ་ཤུ་ཆོས་ལུགས་ཀྱི་དབུ་འཁྲིད་གནང་ཞིང་། ཕྱི་ལོ་ ༢༠༡༣ ལོར་ཡེ་ཤུ་ཆོས་དཔོན་གྱི་གོ་གནས་ནས་དགོངས་པ་ཞུས་པ་དང་། ཁོང་ནི་ཡེ་ཤུ་ཆོས་དཔོན་གྱི་ལོ་ངོ་ ༦༠༠ ལོ་རྒྱུས་ནང་ཆོས་དཔོན་གྱི་གོ་གནས་ནས་རྩ་དགོངས་ཞུ་མཁན་ཐོག་མར་གྱུར་བ་ཡོད་འདུག