རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༣ ལོར་ཧོང་ཀོང་ནང་གཞི་རྩའི་ཁྲིམས་ཡིག་དོན་ཚན་ ༢༣ པ་ཟེར་བ་བཏོན་རྗེས་ཡུལ་དེའི་ནང་ཆར་གདུགས་གསར་བརྗེ་དང་། ཉ་སྒོང་གསར་བརྗེ། ཕྱིར་སློག་ལས་འགུལ་སོགས་འཕྲོ་མཐུད་ནས་འབྱུང་བཞིན་ཡོད་པ་རེད།
ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་འཛམ་གླིང་གང་སར་ཡོད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་ཧོང་ཀོང་སྲིད་གཞུང་གིས་གཞི་རྩའི་ཁྲིམས་ཡིག་དོན་ཚན་ ༢༣ པ་བཏོན་པར་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཡོད་པའི་ཐའེ་ཝན་གཙུག་ལག་སློབ་གླིང་གི་མདུན་དུ། ཧོང་ཀོང་གི་རང་དབང་འཐབ་རྩོད་པ་དང་། དམངས་གཙོ་དོན་གཉེར་བ། ཐའེ་ཝན་གྱི་གཞུང་ཁོངས་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། སློབ་ཕྲུག་བཅས་མི་གྲངས་ ༡༠༠༠ ཙམ་མཉམ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག་ལ། ཐེངས་འདིར་དཀའ་ངལ་གདོང་དུ་བསུས་ནས་ཧོང་ཀོང་གསར་པ་མཇལ་ཞེས་པའི་འབོད་ཚིག་འོག ཧོང་ཀོང་མི་མང་གིས་དྲང་བདེན་གྱི་འཐབ་རྩོད་ཁྲོད་དུ། རྒྱ་གཞུང་གི་དབང་བསྒྱུར་ལམ་ལུགས་དང་། ཧོང་ཀོང་གི་དཔོན་ངན་ཚོས་བསླུ་བྲིད་མཇུག་རྫོགས་ཏེ། མ་འོངས་བའི་རང་དབང་དང་དམངས་གཙོའི་ཧོང་ཀོང་གསར་པ་མཐོང་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཀོད་འདུག
ད་ལན་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་གཞོན་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ཉིན་མོ་འདི་ནི་ཧོང་ཀོང་ནང་དུ་རྒྱ་གཞུང་གིས་ལོ་མང་པོའི་རིང་དམིགས་བསལ་བཙན་གནོན་བྱས་པའི་དུས་ཚོད་ཁག་ཅིག་ཆགས་བསྡད་ཡོད་ཅིང་། ཕྱི་ལོ་ ༢༠༡༩ ནས་རྒྱ་གཞུང་གིས་ཧོང་ཀོང་ནང་དུ་དམ་དྲག་ཤུགས་ཆེན་བྱས་ཡོད་པས། ད་ལྟའི་ཆར་ཧོང་ཀོང་ནང་དུ་དམངས་གཙོ་དང་རང་དབང་མེད་པ་ལྟར་ཆགས་བཞིན་ཡོད། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་དེ་དང་འགལ་བའི་ཧོང་ཀོང་མི་མང་རྣམས་ཁ་བྲལ་རིང་ལུགས་པར་བརྩིས་ནས་འཛིན་བཟུང་བྱེད་ཀྱི་ཡོད་པས། འཛམ་གླིང་གང་སར་བཙན་བྱོལ་དུ་ཡོང་ཡོད་པའི་ཧོང་ཀོང་བ་རྣམས་ཀྱིས་ལས་འགུལ་སྤེལ་བཞིན་ཡོད། ཐེངས་འདིའི་ལས་འགུལ་ནང་དུ་གཏམ་བཤད་གནང་མཁན་ཚང་མས་ཁ་གྲགས་ཏེ། རྒྱ་ནག་དམར་ཤོག་གི་འོག་ཏུ་ཡོད་པའི་མི་རིགས་ཚང་མར་འགྲོ་བ་མིའི་ཐོབ་ཐང་མེད་པ་གཅིག་མཚུངས་ཡིན་པས། ཚང་མས་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་དགོས་པའི་སྐུལ་མ་གནང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
༢༠༡༩ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འཁུར་ཡོང་བར་མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་ཏེ། ཧོང་ཀོང་སྲིད་གཞུང་ནས་ཁྲིམས་ཡིག་དེ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་ཀློད་གྲོལ་གཏོང་དགོས་པ་དང་། རང་ཚུགས་ལྡན་པའི་ལས་དོན་ཚོགས་ཆུང་འཛུགས་པ་དང་། མི་མང་གི་རེ་བ་བཞིན་འོས་འདེམས་བྱེད་དགོས་པའི་ཐོབ་ཐང་དགོས་པ་སོགས་ཞུས་ཡོད་ཀྱང་། ཧོང་ཀོང་སྲིད་གཞུང་ནས་མི་མང་གི་རེ་འདོད་ཅི་ཡང་ཁས་ལེན་བྱས་མེད་པས། ཧོང་ཀོང་མི་མང་གིས་རང་དབང་དང་དམངས་གཙོའི་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༠༣ ལོར་ཧོང་ཀོང་སྲིད་གཞུང་གིས་གཞི་རྩའི་ཁྲིམས་ཡིག་དོན་ཚན་ ༢༣ པ་བཏོན་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས་ཚུལ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་གཏོར་བཤིག་གཏོང་ཆེད་དུ་བཟོས་པ་ཞིག་ཡིན་པ་གསལ་པོ་བྱུང་རྗེས། ཧོང་ཀོང་མི་མང་ཁྲི་ ༥༠ ཙམ་ཁྲོམ་གཞུང་དུ་ཐོན་ཏེ་གཞི་རྒྱ་ཆེན་པོའི་ངོ་རྒོལ་བྱས་པ་རེད། དེ་ནས་བཟུང་ཧོང་ཀོང་ནང་དུ་ངོ་རྒོལ་གྱི་གནད་དོན་མང་པོ་འབྱུང་བཞིན་ཡོད་ཅིང་། དེའི་ཁྲོད་ཕྱི་ལོ་ ༢༠༡༤ ལོར་ཆར་གདུགས་གསར་བརྗེ་ཆེན་མོ་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོའི་ཉ་སྒོང་གསར་བརྗེ། ༢༠༡༩ ལོར་ཕྱིར་སློག་ལས་འགུལ། ༢༠༢༠ ལོར་ཧོང་ཀོང་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་པ་སོགས་ལ་མི་མང་ཁྲི་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད།
གསར་འགོད་པ། བྱམས་པ་ཚེ་རིང་།