ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དྷརམ་ས་ལར་ཕེབས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་ཏེ་ཨ་རིའི་གཞུང་ནས་བོད་མིར་ཐུགས་འཁུར་དང་རོགས་རམ་གནང་ཕྱོགས་སྐོར་ལ་བཀའ་མོལ་གནང་ཡོད་འདུག
ཁ་སང་ཕྱི་ཚེས ༡༣ ཉིན་ཨ་རིའི་རོགས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་གཞོན་པ་སྐུ་ཞབས་ཨི་སི་ལོ་བྷེལ་(Isobel Coleman)ལགས་ཀྱིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས་ཏེ། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཡོད་འདུག་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་ཕྱི་དྲིལ་དང་ཤེས་རིག་གཉིས་ཀྱི་བཀའ་བློན་རྣམ་པ་གཉིས། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ལ་མཇལ་འཕྲད་གནང་སྟེ། ཨ་རིའི་རོགས་ཚོགས་ཀྱིས་ཇི་ལྟར་བོད་པའི་བདེ་དོན་ཐད་ཐུགས་འཁུར་དང་རོགས་རམ་གནང་ཕྱོགས་སྐོར་བཀའ་མོལ་གནང་ཡོད་འདུག གཞན། ཁ་སང་ཁོང་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་སོགས་ལ་གཟིགས་སྐོར་གནང་ཡོད་པ་དང་། ཉིན་རྒྱབ་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་ཐུག་འཕྲད་གནང་ཡོད་འདུག
དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འདི་གའི་གསར་འགོད་པར། ཨ་རིའི་རོགས་ཚོགས་ཀྱིས་བོད་པའི་སྤྱི་ཚོགས་བདེ་དོན་སླད་དུ་རོགས་སྐྱོར་ཤུགས་ཆེན་གནང་མུས་ཡིན་པས། ད་ལན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་བདེ་དོན་གྱི་ལས་དོན་གང་དག་ཡིན་མིན་དང་། དེ་དག་ལ་ཨ་རིའི་རོགས་ཚོགས་ཀྱིས་ཇི་ལྟར་རོགས་འདེགས་གནང་དགོས་མིན་སོགས་ཀྱི་ཐད་ལ་་བཀའ་མོལ་གནང་བའི་གོ་སྐབས་བྱུང་ཡོད་སྐོར་སོགས་གསུངས་བྱུང་།
ད་ལན་བཞུགས་སྒར་དྷ་སའི་ཁུལ་དུ་གཟིགས་སྐོར་དུ་ཕེབས་པའི་ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁྲོད། ཨ་རིའི་རོགས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་གཞོན་པ་ཨི་སོ་བེལ་ཀོལ་མན་ (Isobel Coleman) ལགས་དང་། འཛིན་སྐྱོང་ལས་རོགས་མའེ་ཀལ་སི་ཧི་ཧྥར་ (Michael Schiffer) ལགས། ཨ་རིའི་རོགས་ཚོགས་ཀྱི་རྒྱ་གར་ཁུལ་གྱི་ཆེད་གཉེར་དོན་གཅོད་ལས་ཚབ་ཀ་རེན་ཀི་ལི་མུ་སི་ཀི་ (Karen Klimowski) ལགས། འཛིན་སྐྱོང་འགན་འཛིན་གཞོན་པའི་དམིགས་བསལ་ལས་རོགས་ཨི་མི་ལི་གྷི་རིན་ (Emily Green) ལགས། ལས་བྱའི་གཙོ་འཛིན་གཞོན་པ་སོ་ན་ལི་ཀོར་ཊེ་ (Sonali Korde) ལགས། འཛིན་སྐྱོང་འགན་འཛིན་གཞོན་པའི་སློབ་སྟོན་པ་རྒན་པ་སོ་ཕི་ཡ་ལ་ལ་ནི་ (Sophia Lalani) ལགས་བཅས་ཡིན་འདུག
འདི་ལོར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ ༢༠༢༣ ལོའི་སྔོན་རྩིས་ནང་བོད་དང་འབྲེལ་བའི་ལས་དོན་ཐད་ཨ་སྒོར་ཡ་ས་ ༢༠ ལྷག་གནང་གཏན་འཁེལ་ཡོད་པ་བཞིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་ལས་ཁང་ལ་ཨ་སྒོར་ཡ་ས་གཅིག་དང་། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལ་བོད་ཀྱི་རིག་གཞུང་དང་གནས་བབ་ཡར་རྒྱས་ཆེད་ཨ་སྒོར་ས་ཡ་ ༡༠ ཙམ། བོད་དང་རྒྱ་གར། བལ་ཡུལ་སོགས་ཀྱི་བོད་མིའི་ཚོགས་སྡེ་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སློབ་གསོ་དང་། མ་འོངས་ན་གཞོན་སྣེ་འཁྲིད་སོགས་ཀྱི་ལས་དོན་ཆེད་ཨ་སྒོར་ས་ཡ་ ༨ ཙམ། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་དམངས་གཙོའི་ནུས་པ་གཏོང་སྤེལ་དུ་གཏོང་བར་ཨ་སྒོར་ས་ཡ་ ༣ བཅས་གནང་གཏན་འཁེལ་ཡོད་པ་སོགས་ཨ་རིའི་གཞུང་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན། ཆོས་དང་རིག་གཞུང་སྐད་ཡིག ཁོར་ཡུག་སོགས་ཀྱི་ཐོག་ཐུགས་འཁུར་ཆེར་བཞེས་ཀྱིས་རོགས་རམ་གནང་དང་གནང་མུས་ཡིན་པ་རེད།
གསར་འགོད་པ། དཔལ་ལྡན།