མེ་སུ་ཊུ་སི་བོད་རིགས་མཐུན་ཚོགས་ཀྱིས་བདུན་གཅིག་རིང་མང་ཚོགས་ལ་རིན་མེད་ཞལ་ལག་ཕུལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་རྒྱུ་ཡིན་འདུག
ལོ་ལྟར་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་གཙོས་ནང་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགའ་མོས་གནང་མཁན་མང་པོ་ཞིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱེད་ཀྱི་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ཨ་རིའི་མངའ་སྡེ་མེ་སུ་ཊུ་སི་བོད་རིགས་མཐུན་ཚོགས་(Tibetan Association of Massachusetts ) ཀྱིས་བདུན་ཕྲག་གཅིག་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་བཞད་པའི་སྐུའི་འཁྲུངས་སྐར་སྲུང་གཙི་སླད། ཁུལ་དེའི་མི་མང་ལ་རིན་མེད་ཀྱི་ཐོག་ནས་ཞལ་ལག་དབུལ་རྒྱུ་ཡིན་འདུག
དེ་འབྲེལ་ཨ་རིའི་ (Daily Hampshire Gazette) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལན་བོད་མི་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་སླད་མི་མང་ལ་རིན་མེད་ཀྱི་ཞལ་ལག་འབུལ་བའི་ལས་གཞིའི་ཁྲོད་ས་གནས་མི་འདྲ་བ་བཞི་ཡི་མི་མང་གྲངས་ ༦༠༠ ནས་ ༧༠༠ བར་ལ་ཞལ་ལག་སྤྲད་རྒྱུ་ཡིན་ཞིང་། ལྷག་པར་ཕྱི་ཚེས་ ༦ ཉིན་ཨ་རིའི་མངའ་སྡེ་མེ་སུ་ཊུ་སིའི་ (Hadley)ཧ་ཌི་ལེ་ཡི་ལྷ་ཁང་ཞིག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་བསྡུ་རྒྱུ་ཡིན་འདུག་ལ། མཛད་སྒོའི་སྐུ་མགྲོན་དུ་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ཇིམ་མེག་གྷ་ཝན་(Jim McGovern) ལགས་གཙོ་བྱས་པའི་གྲོས་ཚོགས་འཐུས་མི་ལིན་ཌི་སཱ་བྷ་ཌོ་ས་(Lindsay Sabadosa) དང་། ཌ་ཡེ་ནིལ་(Daniel Carey)ལགས། ནུབ་མེ་སུ་ཊུ་སི་མངའ་གཞུང་གི་སྲིད་སྐྱོང་མཱ་ར་ཧེལ་ལེ་(Maura Healey)སོགས་ཀྱིས་མཉམ་ཞུགས་གནང་འཆར་ཡོད་འདུག
དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཐོན་ལ་ཉེ་བ་དང་སྟབས་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཧི་མ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཌལ་ཧོ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་བསྟན་འཛིན་བྱམས་ཆེན་ལགས་ཀྱིས་སྣེ་འཁྲིད་དེ། ཌལ་ཧོ་ཁུལ་དུ་ཤིང་སྡོང་ ༡༡༣ བཙུགས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ནས་༧རྒྱལ་བའི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༧ ཚེས ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་བྱང་ཨ་རིའི་ཁེ་ལེ་ཧྥོ་ནའེ་ཡ ( California )བོད་རིགས་ཚོགས་པའི་གོ་སྒྲིག་འོག བྱང་ཁེ་ལི་ཧྥོ་ནའེ་ཡ་ཨ་རིའི་གྲོང་ཁྱེར་སན་ཧྥན་སི་ཁོ (San Francisco) རུ་ནུབ་རྒྱུད་མཚོ་ཁའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་འདུ་འཛོམས་ཐེངས་ ༢༥ པ་བསྡུས་ཏེ། ལག་སྤོལ་དང་རྐང་སྤོལ། གཞས་སྣ་འཁྲབ་སྟོན་གྱི་འགྲན་སྡུར་སོགས་བྱས་ཡོད་འདུག
གསར་འགོད་པ། དཔལ་ལྡན།