༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་པ་དག་གིས་བོད་པའི་མཚན་མཐོང་ལ་རྒྱ་ལ་ཕན་པ་རེད་ཅེས་གསུངས་སོང་།
ཁ་སང་ཕྱི་ཚེས་ ༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་རྐང་སྤོལ་རྩེད་འགྲན་པར་མཇལ་ཁ་བསྩལ་ཞིང་། ༧གོང་ས་མཆོག་གིས་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་པ་དག་གིས་བོད་པའི་མཚན་མཐོང་ལ་རྒྱ་ལ་ཕན་པ་རེད་ཅེས་གསུངས་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་རྐང་སྤོལ་རྩེད་འགྲན་པར་ཐུག་འཕྲད་བྱས་ཤིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། རྣམ་པ་ཚོའི་སྒྱུ་རྩལ་ཞིག་གི་ཐོག་ནས་རྒྱ་ཆེ་ས་ནས་བོད་དོན་དྲིལ་བསྒྲགས་ལ་ཕན་གྱི་ཡོད་པ་ལྟ་ཐུབ་དགོས་ཀྱི་ཡོད་པ་དང་། ཆུང་ས་ནས་སོ་སོའི་སྒེར་གྱི་ངོས་ནས་ལུས་སྦྱོང་དང་རྩེད་མོ་ཡར་རྒྱས་གཏོང་དགོས། བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གིས་རྒྱལ་ཁབ་ཞིག་གི་ངོ་བོ་མཚོན་གྱི་ཡོད་དུས། བོད་དོན་སྐོར་ལ་དྲི་བ་དྲིས་ཚེ་ལན་ཡག་པོ་རྒྱག་ཐུབ་པ་ཞིག་བྱུང་དགོས་པ་དང། དང་པོ་རང་ཉིད་བོད་པ་ཞིག་ཡིན་པའི་སྤོབས་པ་སྐྱེ་དགོས་ཀྱི་འདུག སྤོབས་པ་དེ་ཡོད་ཚེ་མི་གཞན་ལ་འགྲེལ་བཤད་རྒྱག་པར་ཁྱད་པར་ཡོང་གི་འདུག རྒྱལ་ཁབ་གཞན་གྱིས་བོད་དེ་རྒྱལ་ཁབ་ཆུང་ཆུང་ཞིག་རེད་བསམ་གྱི་འདུག བོད་ཀྱི་ས་དབྱིབས་ཆགས་ཚུལ་གྱི་ཐོག་ནས་ལོ་རྒྱུས་ཤིག་བཤད་ཐུབ་ཚེ། བོད་རང་བཙན་ཡིན་པའི་སྐབས་སུ་འཛམ་གླིང་སྟེང་གི་མི་འབོར་མང་ཤོས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་བར་མཚམས་ཤིག་ཆགས་བསྡད་ཡོད་པས། ཁྱིམ་མཚེས་རྒྱལ་ཁབ་འབྲུག་དང་། བལ་ཡུལ། འབར་མ་སོགས་ལ་འབྲེལ་བ་ཡོད་པ་རེད། གནས་སྟངས་དེ་དག་བཤད་ཡོད་དུས། བོད་ཀྱི་དཀའ་རྙོག་སེལ་ཐུབ་པ་ཡིན་ན་ལྷོ་ཨེ་ཤ་ཡའི་ནང་དུ་བདེ་འཇགས་ཤུགས་ཆེན་ཡོང་ཐུབ་ཀྱི་ཡོད། ཅེས་གསུངས་སོང་།
བོད་ཀྱི་ཁོར་ཡུག་གི་གལ་གནད་ཀྱི་སྐོར་ལ་སྲིད་སྐྱོང་མཆོག་གིས། འཛམ་གླིང་གི་ཡང་རྩེ་ཞེས་འབོད་དོན་ཡང་མཚོ་ངོས་ལས་སྨིད་ ༤༠༠༠ གོང་གི་མཐོ་སྒང་དུ་ཆགས་ཡོད་ལ། བོད་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་ ༢།༥ ཡོད་ཅིང་། ཨོ་གླིང་ཡོངས་དུམ་བུ་གསུམ་དུ་དགོས་ཚེ་དེའི་ནང་གི་དུམ་བུ་གཅིག་བོད་ཀྱི་ས་ཁྱོན་གྱི་ཟིན་གྱི་ཡོད་དང་། ཉི་ཧོང་གི་ས་ཁྱོན་འདྲ་བོ་ ༡༨ ཟིན་གྱི་ཡོད། དབྱིན་ཡུལ་ས་ཁྱོན་འདྲ་བོ་ ༡༠ ཆགས་ཀྱི་ཡོད། བོད་ཀྱི་རྒྱུག་ཆུ་ཁག་གིས་ཁྱིམ་མཚེས་དག་ལ་གལ་གནད་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་གནའ་བོའི་དཔལ་ཡོན་དར་སའི་ཁུལ་དུ་བོད་ནས་ཡོང་བའི་རྒྱུག་ཆུ་ལ་བརྟེན་ནས་འཚོ་བ་བསྐྱལ་བ་ཡོད། དེང་སང་རྒྱ་ནག་གཞུང་གིས་པད་མ་བཀོད་ཀྱི་ཉེ་འགྲམ་ཆུ་མཛོད་ཆེན་པོ་ཞིག་རྒྱག་བཞིན་ཡོད་པ་རེད། དེ་ནི་རྒྱ་ནག་ནང་དུ་ཡོད་པའི་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་ (Three Gorges Dam China) ལས་ལྡབ་གཉིས་རྒྱག་རྒྱུའི་འཆར་གཞི་ཡོད་འདུག གལ་སྲིད་ས་ཡོམ་ཆེན་པོ་ཞིག་བརྒྱབ་ཚེ། ཆུ་མཛོད་དེ་ཤོར་ནས་ཨ་རུ་ན་ཅལ་གྱི་ཤར་ཕྱོགས་དང་། ཨ་སམ། བྷང་ལ་དྷེ་ཤི་བཅས་ཆུའི་འཁྱེར་བའི་ཉེན་ཁ་ཡོད། རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཆུ་བེད་སྤྱོད་མཉམ་དུ་བྱེད་འཇུག་གི་མེད་པ་མ་ཟད།ཆུའི་སྐོར་གྱི་གནས་ཚུལ་ཅི་ཡང་སྤྲོད་ཀྱི་མེད་ལ། བོད་ཀྱི་རྒྱུག་ཆུ་བཞུར་སའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་འཚོ་བ་བསྐྱལ་བར་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས། བོད་ཀྱི་ཟློས་གར་ཚོགས་པས་ཧང་གྷ་རི་ཁུལ་དུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱས་ཡོད་ཅིང་། སིང་གྷ་པུར་ལའང་ཐེངས་དང་པོ་འཁྲབ་སྟོན་བྱེད་དུ་འགྲོ་བཞིན་ཡོད་པ་རེད། ཆབ་སྲིད་ཀྱི་ཐོག་ནས་ལམ་སེང་གོ་བརྡ་སྤྲོད་མ་ཐུབ་ཀྱང་། ཆོས་དང་རིག་གཞུང་གི་ཐོག་ནས་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། བོད་དང་བོད་པ་ཟེར་བ་ཞིག་འཛམ་གླིང་ཐོག་ཏུ་འཚོ་སྡོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་གི་ཡོད། རྐང་རྩེད་སྤོ་ལོའི་བརྒྱུད་ལམ་གྱི་ཐོག་ནས་ཀྱང་རྒྱལ་ཁབ་གཞན་པ་དང་དེ་འབྲེལ་གྱི་མི་སྣ་དང་ཐུག་འཕྲད་ཡོང་གི་ཡོད་པས། རྐང་སྤོལ་རྩེད་འགྲན་ནང་དུ་རྒྱལ་ཕམ་ཅི་ཞིག་བྱུང་ཡང་།མཉམ་ཞུགས་བྱེད་པའི་གོ་སྐབས་དང་མི་སྣ་མང་པོ་ངོ་ཤེས་པའི་སྐབས་དང་བསྟུན་ནས་བོད་དོན་སྐོར་གོ་རྟོགས་སྤེལ་དགོས་པ་མ་ཟད། གསར་ལམ་ཁག་ཏུ་བོད་དོན་སྐོར་ལ་འགྲེལ་བཤད་རྒྱག་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
ཕྱི་ཟླ་ ༨ ཚེས་ ༡ ནས་ཚེས་ ༦ བར་ཡུ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇམ་དུ། འདི་ལོའི་ཨེ་ཤ་ཡའི་ཁོ་ནི་ཧྥ་ (CONIFA Asia Cup 2023) རྐང་སྤོལ་འགྲན་སྡུར་དེ་འཚོགས་གཏན་ཁེལ་ཡོད་ཅིང་། བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དེར་མཉམ་ཞུགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
ཕ་མས་ཕྲུ་གུར་བསླབ་བྱ་བརྒྱབ་པ་ལྟར་ལམ་སྟོན་གནང་འདུག ད་རྩེད་མོ་བ་ཚོས་ཆང་རག་མ་འཐུང་། ནང་ཁུལ་འཆམ་པོ་བྱེད། རྩེད་མོའི་སྒྲིག་ཁྲིམས་འཁུར། གལ་ཆེ་ཤོས་དེ་ཕར་ཕྱིན་ནས་ཚུར་ཏག་ཏག་ལོག་ཤོག ང་ཙོས་དྲ་ཐོག་ནས་ཤུགས་བརྒྱབ་ཆོག