ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་རྐྱེན་གྱིས་ད་ལྟའི་ཆར་ཨ་རིའི་མི་མང་རྒྱ་ནག་ཏུ་མི་འགྲོ་བའི་གསལ་བརྡ་བསྒྲགས་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཉེ་ལམ་ནས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། ཨ་རིའི་གཞུང་གིས། རྒྱ་ནག་གིས་ཨ་རིའི་མི་མང་གི་ཕྱི་སྐྱོད་བཀག་སྡོམ་དང་། ཉེས་མེད་བཙོན་འཇུག དེ་བཞིན་གང་བྱུང་བཀག་ཉར་དང་འདྲི་རྩད་སོགས་གཅོད་སྲིད་པས། ཨ་རིའི་མི་སེར་སྤྱི་དང་དམིགས་བསལ་གྱིས་ཚོང་པ་དང་གཞུང་གི་ལས་བྱེད་ཟུར་པ། གསར་འགོད་པ་སོགས་རྒྱ་ནག་དང་ཧོང་ཀོང་། ཨོ་མན་སོགས་སུ་འགྲོ་བར་བསམ་བློ་ནན་ཏན་གཏོང་དགོས། ཞེས་ཉེན་བརྡ་བཏང་ཡོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འགྲིམ་འགྲུལ་སློབ་སྟོན་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་རང་ལོ་ ༧༨ ཡིན་པའི་ཨ་རིའི་མི་སེར་ཞིག་ལ་གསང་ཉུལ་བྱེད་ཀྱི་ཡོད་པའི་ནག་ཉེས་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཨ་རིའི་མི་སེར་དང་རྒྱལ་ཁབ་གཞན་གྱི་མི་སེར་རྣམས་རྒྱ་ནག་ནས་ཕྱིར་ལོག་ཆོག་པའི་ཐོངས་མཆན་མི་སྤྲོད་པ་དང་། ཉེས་མེད་བཙོན་འཇུག དམིགས་བསལ་ད་ལྟ་རྒྱ་ནག་ནང་གནས་སྡོད་བྱེད་མཁན་དང་རྒྱ་ནག་ཏུ་འགྲིམ་འགྲུལ་བྱེད་མཁན་གྱི་ཨ་རིའི་མི་སེར་རྣམས་ལ་ནག་ཉེས་སྐྱོན་འཛུགས་བྱས་ཏེ་བཙོན་འཇུག་བྱེད་སྲིད་པ་མ་ཟད། རྒྱ་གཞུང་གིས་ཕྱི་རྒྱལ་གྱི་མི་སེར་ཚོར་གསང་ཉུལ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཏེ་བཙོན་འཇུག་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག
ད་དུང་ཨ་རིའི་འགྲིམ་འགྲུལ་སློབ་སྟོན་དེའི་ནང་། རྒྱ་ནག་གིས་ནམ་རྒྱུན་ནས་ཕྱི་སྐྱོད་བཀག་སྡོམ་བྱས་ཏེ་མི་སྒེར་ལ་འདྲི་རྩད་གཅོད་པ་དང་། ཕྱི་ཕྱོགས་སུ་མི་སྒེར་གྱི་ནང་མི་རྣམས་ལ་གནོན་ཤུགས་སྤྲད་དེ་ཕྱིར་རྒྱ་ནག་ཏུ་ལོག་བཅུག་གི་ཡོད་པའི་ཉེན་བརྡའང་བཏང་འདུག་ལ། ཟླ་སྔོན་མའི་ནང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཐོ་ནི་བྷི་ལིན་ཀིན་( Antony Blinken ) ལགས་རྒྱ་ནག་ཏུ་ཕྱིན་ནས། རྒྱ་ནག་གིས་ཁྲིམས་འགལ་བཙོན་འཇུག་བྱས་པའི་ཨ་རིའི་མི་སེར་ཀའེ་ལི་ (Kai Li) དང་མར་ཀ་ (Mark Swidan)། དྷེ་ཝི་ཌི་ལིན་ (David Lin) བཅས་ཀློད་གྲོལ་ཡོང་ཆེད་གྲོས་མོལ་བྱས་ཡོད་པ་རེད།
ཕྱི་ཟླ་ ༦ ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཏེ། འཛམ་གླིང་ཐོག་ཞི་ཅིན་ཕིན་གྱི་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ཁྲིམས་གསར་དེ་བརྒྱུད་ནས་མི་སུ་ཞིག་གིས་རྒྱ་ནག་གི་ཁེ་ཕན་ལ་གནོད་འཚེ་བཏང་ཚེ་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་རེད། ཉེ་ལམ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་ལ་གསང་ཉུལ་གྱི་ལས་དོན་ཐོག་ནས་ཡ་ལན་སློག་ཆེད། ཕྱིའི་རྒྱལ་ཁབ་ཀྱི་ཚོང་ལས་སྡེ་ཁག་ལ་འཇིགས་སྐུལ་བཏང་ཡོད་པ་མ་ཟད། ཉེ་ལམ་གཏན་འབེབས་བྱས་པའི་ཕྱི་འབྲེལ་སྲིད་ཇུས་དེ་དང་ལྷན་དུ་རྒྱ་གཞུང་གིས་དམིགས་བསལ་རྒྱ་ནག་ལ་མི་དགའ་མཁན་གྱི་ཕྱི་མིར་ཉེས་ཆད་གཅོད་པའི་ཁྲིམས་ཤིག་ཀྱང་གསར་དུ་གཏན་འབེབས་བྱས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།