སྲིད་སྐྱོང་མཆོག་གིས་བོད་མི་ཚོས་རྒྱ་ནག་ལ་སྐད་ཆ་བཤད་སྐབས་དང་རྒྱལ་སྤྱིའི་སྟེང་དུ་བོད་ཀྱི་ལོ་རྒྱུས་མཁྱེན་པའི་ཐོག་ནས་འགྲེལ་བརྗོད་གནང་གལ་ཆེ་སྐོར་གསུངས་སོང་།
དེ་རིང་ཕྱི་ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དྷ་སའི་ཉེ་འགྲམ་གྱི་ཌི་པོ་ལོ་ (D’Polo) གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་པའི་སྐབས་བཅུ་དྲུག་པའི་བཀའ་ཤག་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་གནང་སོང་བ་དང་ཚོགས་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་དང་སྲིད་བྱུས་ཉམས་ཞིབ་ཁང་སོགས་ཀྱི་སྲི་ཞུའི་ཉམས་ཞིབ་པ་དང་། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་བ་དང་ད་ལྟའི་བཀའ་ཤག་གི་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ཚོགས་མི་སྐལ་བཟང་རྒྱལ་མཚན་ལགས་ཀྱི་གཙོས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་མི་མང་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་དང་ས་རཱ་མཐོ་སློབ་ཀྱི་བོད་ཀྱི་རྒྱལ་རབས་དང་རིག་གཞུང་སློབ་དཔོན་གཙང་ཕྲུག་སྟོབས་ལགས། ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་བཅས་དང་འཛམ་གླིང་རྒྱལ་ཁབ་ ༡༦ ལྷག་ནས་ཕེབས་པའི་གཞོན་སྐྱེས་ཚོགས་བཅར་བ་ཁྱོན་ ༡༠༠ ལྷག་མཉམ་ཞུགས་གནང་འདུག
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་དོན། བོད་ཀྱི་མ་འོངས་རྩ་དོན་རྩོད་མཁན་གཞོན་སྐྱེས་ཚོ་ཆགས་ཡོད་པས། ཚོགས་ཆེན་འདི་གོ་སྒྲིག་ཞུ་བར་འགྲོ་གྲོན་སོགས་ཕྱོགས་གང་ཐད་ནས་དཀའ་ཁག་ཡོད་མེད་ལ་མ་ལྟོས་པར་ཚོགས་ཆེན་དངོས་སུ་ཚོགས་ཐུབ་པ་དང་། དོན་གྱི་སྙིང་བོ་ནི་ཚོགས་བཅར་བ་རྣམས་ནས་ཚོགས་འདུའི་ནང་ཆ་ཤས་བླངས་པ་བརྒྱུད་མ་འོངས་པར་ཚོགས་མི་སོ་སོའི་རྒྱལ་ཁབ་ནང་བོད་དོན་ཞུ་གཏུགས་དོན་ཕན་ལྡན་པ་དང་རྒྱུན་སྐྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
སྲིད་སྐྱོང་སྤེན་པ་ཚེ་མཆོག་གིས། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ད་ལྟ་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དབུ་མའི་ལམ་རེད་དེ་ལས་ཀ་བྱེད་པའི་ཐབས་ཇུས་ལ་འགྱུར་བ་ཅུང་ཙམ་བཏང་སྟེ། ད་ལྟ་རྒྱལ་སྤྱིའི་སྒང་རྒྱ་ནག་གཞུང་གི་རྫུན་གྱིས་ཁེངས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པའི་ཤུགས་རྐྱེན་འོག ༧རྒྱལ་བ་རིན་པོ་ཆེས་རང་བཙན་ནས་དབུ་མའི་ལམ་ལ་བབས་པའི་གནས་བབ་ཐོག་ངོས་འཛིན་གསལ་བོ་ཡོང་གི་མེད་པ་དང་། བོད་ཀྱི་ལོ་རྒྱུས་ལ་མ་བལྟས་པར་རྒྱལ་སྤྱིའི་སྟེང་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཤག་རྩིས་ནས་འགྲོ་ཡི་འདུག དེར་བརྟེན། ད་ལྟ་རྒྱ་ནག་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་ལོ་རྒྱུས་ཀྱི་གོ་རྟོགས་སྤྲོད་དགོས་ཀྱི་འདུག་ལ། བོད་པའི་སྤྱི་ཚོགས་ནང་དུའང་ལོ་རྒྱུས་ཀྱི་གོ་རྟོགས་སྤེལ་ནས་ལོ་རྒྱུས་ལ་དོ་སྣང་དང་སློབ་སྦྱོང་ཞིག་མ་བྱས་པ་ཡིན་ན། རྗེས་མ་བོད་ཀྱི་ལོ་རྒྱུས་ལ་ལྟ་མཁན་གཞན་རག་གི་མ་རེད། ང་ཚོའི་ལོ་རྒྱུས་ལ་ང་ཚོས་ལྟ་དགོས་ཀྱི་འདུག འཐབ་རྩོད་ཀྱི་སྲིད་ཇུས་སྐབས་དང་གནས་བབ་ལ་བརྟེན་ནས་འགྲོ་དགོས་པ་རེད། འོན་ཀྱང་། ལོ་རྒྱུས་ཟེར་བ་དེ་ངེས་པར་དུ་ཤེས་དགོས་པ་རེད། ལོ་རྒྱུས་ཤེས་པ་ཡིན་ན། རྒྱ་ནག་དང་རྒྱལ་སྤྱིའི་སྟེང་དུ་སྐབས་དང་དུས་གང་ཞིག་ལ་ལོ་རྒྱུས་ཀྱི་གནས་བབ་བཤད་དགོས་བྱུང་ཚེ་རང་ཉིད་ལའང་བཤད་རྒྱུ་ཡོད་པ་རེད། དེ་མིན་མི་གཞན་ཞིག་གིས་ཚུར་བཤད་ཡོང་དུས། ཁ་ནང་འཛུབ་མོ་བཅུག་ནས་སྡོད་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད། དེར་བརྟེན། ལོ་རྒྱུས་ཀྱི་གནས་བབ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ཅེས་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དང་འབྲེལ་ནས་བོད་དོན་ཞུ་གཏུག་ལས་འགུལ་སྐོར་ལ་གསུང་དོན། བོད་དོན་ཞུ་གཏུག་ལས་འགུལ་འདི་བཀའ་ཤག་སྐབས་བཅུ་དྲུག་པས་འགོ་བཙུགས་པ་ཞིག་རེད། འདིའི་སྔོན་གྱི་བཀའ་ཤག་སྐབས་བཅོ་ལྔ་དང་བཅུ་བཞི། དེ་སྔོན་ནས་གཞོན་སྐྱེས་ལ་དོ་སྣང་མང་པོ་ཞིག་གནང་ཡོད། དཔེར་ན་ཕྱི་ལོ་ཉིས་སྟོང་གསུམ་བཞི་ནས་ང་སྤྱི་འཐུས་ནང་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དུ་ཡོད་སྐབས། ང་ཚོས་ལོ་རྟག་པར་འཛིན་རིམ་བཅུ་གཅིག་དང་མཐོ་སློབ་ཀྱི་སློབ་མ་ཚོར་ཟབ་སྦྱོང་སྤྲོད་ཀྱི་ཡོད། དེ་གལ་ཆེན་པོ་ཞེ་དྲགས་རྩི་ཡི་ཡོད། མཚམས་མཚམས་ཕྲུ་གུ་བརྒྱ་ལྷག་ཆགས་ཀྱི་འདུག དེང་སང་ང་ཚོས་མི་རབས་གསར་བ་གསོ་སྐྱོང་བྱེད་མ་ཐུབ་པ་དང་། ང་ཚོའི་གནས་སྟངས་ལ་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད་པ་དང་བསྟུན། གཞིས་ཆགས་ཁག་གི་གཞོན་སྐྱེས་མང་པོ་ཞིག་ཕྱིར་འཐོན་འགྲོ་ཡི་ཡོད། གང་ཡིན་ཟེར་ན། ཁོ་ཚོའི་སློབ་སྦྱོང་གཞིར་བཟུང་ང་ཚོས་ལས་ཀ་མཁོ་སྤྲོད་ཐུབ་ཀྱི་མེད། ད་ཕྲུ་གུ་སྐྱེས་ཐུབ་པ་དང་ལས་ཀ་བྱེད་ཐུབ་པའི་གཞོན་སྐྱེས་ཚོ་གཞིས་ཆགས་ནས་ཕྱིར་ཐོན་འགྲོ་དུས། ང་ཚོའི་གཞིས་ཆགས་གནས་ཐུབ་མིན་ལ་འཁོར་སྐྱོད་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད། ཅེས་དང་། ད་ལྟའི་ཚོགས་ཆེན་གྱི་ཁེ་ཕན་གཅིག་ནི། འཛམ་གླིང་རྒྱལ་ཁབ་ ༢༥ ཙམ་གྱི་ནང་བོད་པའི་བུ་ཕྲུག་བསླེབས་ཡོད། ད་རེས་རྣམ་པ་ཚོ་རྒྱལ་ཁབ་མི་འདྲ་བ་ ༡༧ ཡས་མས་ནས་ཕེབས་ཡོད། འདིའི་ཁེ་ཕན་གཅིག་ནི་རྣམ་པ་ཚོ་སོ་སོ་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་དང་སྐད་ཤེས་པ། འགྲོ་ལུགས་འགྲོ་སྟངས་ཤེས་སྟབས། ཁེ་ཕན་དེའི་ཐོག་ནས་བོད་པ་ཞིག་ཡིན་བསམ་པའི་སེམས་ཁུར་བླང་བ་ཡིན་ན། གནས་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་མི་སྣ་དང་གསར་འགོད་པ། བློ་སྟོན་བསྟི་གནས་ཁང་སོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ། ག་དུས་ཡིན་ཡང་བོད་ནང་གནས་ཚུལ་ཞིག་བྱུང་ཚེ། འཕྲལ་མར་འབྲེལ་བ་དང་ཐུག་ཆོག་ཆོག་བཟོ་དགོས་པ་རེད། ད་ལྟ་དུས་ཚོད་འགྱུར་བ་ཕྱིན་པ་དང་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་བསླེབས་བསྡད་ཡོད། ང་ཚོ་ཚང་མས་རེ་བ་དང་སྨོན་ལམ་དེ་༧རྒྱལ་རིན་པོ་ཆེས་བཀའ་གནང་བ་ནང་བཞིན་བྱེད་དགོས་པ་རེད། ཅེས་གསུངས་སོང་།
ད་རེས་བཞུགས་སྒར་དུ་འཚོག་བཞིན་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་དམིགས་ཡུལ་ནི་བོད་ཀྱི་མ་འོངས་མདུན་ལམ་ཆེད་སྐབས་བཅུ་དྲུག་པའི་བཀའ་ཤིག་གི་སྲིད་བྱུས་དགོངས་དོན་བཞིན་བོད་དོན་ཞུ་གཏུག་ལས་འགུལ་གྱི་ནུས་པ་གོང་མཐོར་དང་བོད་དོན་འཐབ་རྩོད་ཀྱི་འབོད་སྒྲ་དང་ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང་། ཚོགས་ཆེན་སྟེང་ཆེད་མཁས་གསུང་བཤད་གནང་མཁན་མི་སྣ་ ༡༠ དང་། ཚོགས་ཐུན་གཙོ་གྲས་ལྔ་དང་དམིགས་བསལ་ཚོགས་ཐུན་ཁག་ཅིག དེ་བཞིན། བརྗོད་གཞི་ཁག་ནི་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཕུགས་དམིགས་སྐོར་དང་། བོད་ཀྱི་ལེགས་སྦྱང་དང་བོད་མིའི་ངོ་བོ། བྱུང་རབས་ལོ་རྒྱུས་སྐོར། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོའི་སྐོར། བོད་ཀྱི་དེ་བྱུང་རིག་པ་དང་། ལོ་མང་རིང་རྒྱ་ནག་གཞུང་གིས་བོད་ཀྱི་དངོས་བྱུང་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤདད་བྱེད་པར་ཁུངས་འཁྱོལ་ཐབས་མེད་སྐོར། བཙན་བྱོལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་རྒྱའི་རྩོད་རྙོག་དང་མ་འོངས་ཁ་ཕྱོགས་སོགས་བརྗོད་གཞི་མི་འདྲ་བ་ ༢༠ ཡས་མས་ཙམ་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།