རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་གང་གར་སོང་ཆ་མེད་དུ་གྱུར་བ་དང་། ཁོ་ལ་གསང་བའི་མཛའ་འབྲེལ་གྱི་ནག་ཉེས་འོག་འདྲི་རྩད་གཏོང་གི་ཡོད་སྐོར་བརྗོད་འདུག
ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱི་སྲིད་བློན་ཆེན་ཆིན་གང་ (Qin Gang) དང་སིངྒ་ལའི་ཕྱི་སྲིད་བློན་ཆེན་ཨ་ལི་ (Ali Sabry) རྣམ་གཉིས་ཐུག་འཕྲད་བྱས་རྗེས་མཐོང་ཐོས་མེད་པར་གྱུར་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་ (Mao Ning) གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། གཞུང་དོན་རྣམས་མུ་མཐུད་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་གང་ (Qin Gang) མཐོང་ཐོས་མེད་པར་གྱུར་རྗེས། སི་ཨན་ཨན་གསར་ཁང་དང་ཧྥ་རན་སི་གསར་ཁང་གཉིས་ཀྱིས་ཆིན་གང་དང་རྒྱ་ནག་གི་བརྙན་འཕྲིན་གཙོ་སྐྱོང་བ་དང་འཛམ་གླིང་གི་མགོ་ཁྲིད་མི་སྣར་བཅར་འདྲི་བྱེད་མཁན་ཧྥུ་ཞའོ་ཐེན་ (Fu Xiaotian) གཉིས་གསང་བའི་མཛའ་འབྲེལ་ཡོད་པའི་པར་འགྲེམ་སྤེལ་བྱས་པ་ནས་བཟུང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཁོ་གཉིས་ཀྱི་གསང་བའི་མཛའ་འབྲེལ་གྱི་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེན་འགྲོ་བཞིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ཨ་རིའི་ཕྱི་སྲིད་བློན་ཆེན་ཨན་ཊོ་ནི་བྷི་ལི་ཀན་ (Antony Blinken) མཆོག་གིས། བདུན་ཕྲག་སྔོན་མར་ཚོགས་པའི་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་སུ་རྒྱ་ནག་གི་ཆེས་མཐོའི་ཕྱི་འབྲེལ་དཔོན་རིགས་ཝང་ཡི་དང་ཐུག་འཕྲད་བྱུང་ཡོད་སྐོར་དང་། མི་རིང་བར་ཆིན་གང་མཐོང་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཆིན་གང་དང་ཧྥུ་ཞའོ་ཐེན་བར་གྱི་ཟུར་མཛའི་འབྲེལ་ལམ་ཡོད་པའི་གནས་ཚུལ་མང་པོ་ཐོན་བཞིན་ཡོད་ཀྱང་། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་གནད་དོན་དེའི་ཐོག་ལ་ལན་འདེབས་གང་ཡང་སྤྲད་མི་འདུག དེ་བཞིན་ཁོ་མཐོང་ཐོས་མེད་པར་གྱུར་བར་བརྟེན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་པེ་ཅིན་དུ་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྗོ་སེབ་བྷོ་རེལ་ (Josep Borrell) དང་ཐུག་འཕྲད་གནང་འཆར་ཡོད་ཀྱང་། ཕྱིས་སུ་དུས་ཚེས་ནར་འགྱངས་བྱ་དགོས་བྱུང་འདུག དེ་བཞིན་ཨིན་ཌོ་ནེ་ཤི་ཡ་ (Indonesia) དུ་ལོ་རེ་ལྷོ་ཤར་ཨེ་ཤ་ཡའི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུའི་ཐོག་མཉམ་ཞུགས་བྱས་མི་འདུག དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་གིས། ཆིན་གང་ལ་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་པར་བརྟེན། ལྷོ་ཤར་ཨེ་ཤ་ཡའི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུའི་ཐོག་མཉམ་ཞུགས་བྱས་མེད་སྐོར་བརྗོད་འདུག
རྒྱ་ནག་གི་དཔོན་རིགས་ཕལ་མོ་ཆེ་མཐོང་ཐོས་མེད་པར་གྱུར་བ་ནི་སྤྱིར་བཏང་མིན་པ་དང་། རྒྱ་ནག་གིས་དཔོན་རིགས་དེ་དག་གི་ནག་ཉེས་ཞིབ་འཇུག་བྱེད་ཀྱི་ཡོད་ཚུལ་དང་། གནད་དོན་འགྲེལ་བརྗོད་ཅི་ཡང་མེད་པའི་ཐོག་ནས་མཐོང་ཐོས་མེད་པར་གྱུར་གྱི་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་འཕྲོད་བསྟེན་གནས་སྟངས་ཡག་པོ་མེད་ཚུལ་བསྒྲགས་ཏེ་མཐོང་ཐོས་མེད་པར་གྱུར་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཆིན་གང་ལ་གསང་བའི་མཛའ་འབྲེལ་ཡོད་པའི་ནག་ཉེས་འོག་འདྲི་རྩད་བྱེད་བཞིན་ཡོད་སྐོར་བརྗོད་འདུག དེ་འབྲེལ་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་གིས། གནད་དོན་དེའི་ཐོག་ཤེས་རྟོགས་མེད་སྐོར་བརྗོད་འདུག གཞན་ཡང་། ལོན་ཊོན་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཆིན་གང་དང་ཧྥུ་ཞའོ་ཐེན་བར་གྱི་ཟུར་མཛའ་ཡོད་པའི་གནས་ཚུལ་ཐོན་པར་བརྟེན། ད་ལྟའི་ཆར་ཁོ་ལ་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་དང་། གཙོ་སྐྱོང་བ་དང་ཁོ་མོའི་བུ་གཉིས་ཀ་ཡང་མཐོང་ཐོས་མེད་པར་གྱུར་ཡོད་ཚུལ་བསྒྲགས་འདུག
ཕྱི་ལོ་ ༢༠༡༤ ལོར་ཝ་ཤིང་ཊོན་ཆ་འཕྲིིན་ (Washington Post) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་ཆབ་སྲིད་པ་ལེའུ་ཀྲི་ཇིན་ (Liu Zhijin) ལ་སྒྱུ་རྩལ་པ་དང་སྨན་ཞབས་ཚུད་པའི་ཟུར་མཛའ་ ༡༨ ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱ་ནག་གི་ཆབ་སྲིད་པ་དང་བྷའེ་བྷའེ་ (Beibei) རྫོང་གི་དྲུང་ཆེ་ལའེ་ཀྲང་ཧྥུ་ (Lei Zhengfu) ཡིས་འཁྲིག་སྤྱོད་ཀྱི་བརྙན་ཐུང་བཙོང་པར་བརྟེན་ལོ་ ༡༣ རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།