དེ་རིང་ཕྱི་ཚེས་ ༧ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཝི་ཌི་ནམ་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ།
སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཇི་སྐད་དུ། སྟོན་པའི་དམ་ཆོས་རྣམ་གཉིས་དེ།། ལུང་དང་རྟོགས་པའི་བདག་ཉིད་དུ།། སངས་རྒྱས་ཆོས་དེ་ལུང་རྟོགས་ཆོས་གཉིས་ཡོད་པ་རེད། ལུང་རྟོགས་ཀྱི་ཆོས་གཉིས་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དཔྱད་པ་བྱེད་པ་དང་། སྒྲུབ་པ་བྱེད་པ་ཁོ་ན་མ་གཏོགས་ཡོད་པ་མ་རེད། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཆགས་བསྡད་ཡོད་པ་རེད། ངོས་ཀྱིས་དཔེ་ཆ་ལྟ་བའི་དོན་དག་དེ་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སེམས་བསྐྱེད་དང་འབྲེལ་བ་བྱས་ཏེ་སྒོམ་རྒྱག་རྒྱུ་དེ་གཙོ་བོ་རེད། སེམས་ལ་འགྱུར་བ་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་འགྱུར་བ་ཐེབས་ཀྱི་མི་འདུག ཡུན་རིང་པོར་བསམ་བློ་བཏང་ནས་འགྲོ་དུས་སེམས་ལ་འགྱུར་བ་ཐེབས་ཀྱི་འདུག ངོས་རང་ཆུང་ཆུང་གི་དུས་ནས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་གཉིས་བློ་ལ་བཟུང་བ་རེད། མངོན་རྟོགས་རྒྱན་གྱི་ས་ལམ་གྱི་འགྲོ་སྟངས་ཆ་ཚང་གསུངས་ཀྱི་འདུག དབུ་མ་འཇུག་པའི་སྟོང་ཉིད་ཀྱི་ལྟ་བ་གཙོ་བོ་གསུངས་ཀྱི་ཡོད་པ་རེད། དཔེ་ཆ་ལྟ་བར་དཀའ་ངལ་ཡོད་པ་རེད་དེ། ཨུ་ཚུགས་བརྒྱབ་ནས་ཡུན་རིང་པོར་བལྟས་དུས་རྗེས་སུ་ལས་སླ་བོ་ཆགས་ཏེ། མངོན་རྟོགས་རྒྱན་གྱིས་ཐེག་པ་གསུམ་གྱི་ལམ་གྱི་འགྲོ་སྟངས་དང་། སངས་རྒྱས་ཀྱི་གོ་འཕངས་བསྒྲུབ་པར་རྒྱ་ཆེན་པོ་ཡག་པོ་ཞེ་བོ་གསུངས་ཀྱི་འདུག དབུ་མ་འཇུག་པའི་དོན་དག་གཙོ་བོ་དེ་སྟོང་ཉིད་ཀྱི་ལྟ་བ་གསུངས་ཀྱི་ཡོད་པ་རེད།
མངོན་རྟོགས་རྒྱན་གྱི་བརྗོད་བྱ་གཙོ་བོ་ཕར་ཕྱིན་གྱི་ལམ་དེ་བསམ་བློ་བཏང་ཡོང་དུས། ངོས་རང་གི་ངོས་ནས་ཆ་བཞག་ན་མངོན་རྟོགས་རྒྱན་དུ་བཤད་ཡོད་པའི་དོན་དག་དེ་དག་གང་འཚམ་སེམས་ལ་མྱོང་བ་སྐྱེས་བསྡད་པའི་ཟོལ་ཞིག་ཆགས་ཡོད། དབུ་མ་འཇུག་པའི་སྟོང་ཉིད་ཀྱི་སྐོར་ལ་ཆ་བཞག་ན་ཕལ་ཆེར་ངོས་ཀྱིས་སྟོང་ཉིད་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཡོད་པའི་ཟོལ་ཞིག་ཆགས་ཡོད། ཚོགས་ལམ་ཐོབ་ཡོད་པ་དང་། སྦྱོར་ལམ་ནས་ཡར་འགྲོ་ཐུབ་པའི་བརྩིས་རྒྱག་བཞིན་ཡོད། ལོ་མང་པོའི་རིང་བསམ་བློ་བཏང་ཡོང་དུས་ག་ལེར་སེམས་ལ་འགྱུར་བ་ཐེབས་ཡོང་གི་འདུག སེམས་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སླེབས་ཡོང་དུས། བསམ་བློ་ལྷོད་ལྷོད་ཆགས་ཡོང་གི་འདུག
སེམས་ནང་དུ་དངངས་སྐྲག་སྐྱེ་བ་སོགས་མི་ཡོང་བ་ཞིག་རེད། སེམས་ལ་ལྷོད་ལྷོད་ཤིག་ཤིག་ཡོང་གི་འདུག དངོས་གནས་དྲང་གནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བ་དེ་ངལ་གསོ་རྒྱག་པའི་ཐབས་ལམ་ཡག་ཤོས་དེ་རེད། བྱས་ཙང་ཆོས་གྲོགས་ཚོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟེར་བ་དེ་ཐོག་མར་ཐོས་བྱུང་གི་ཤེས་བ་སྐྱེ་བ་དང་། དེ་ནས་བསམ་བྱུང་གི་ཤེས་རབ་སྐྱེ། ག་ལེར་སྒོམ་བྱུང་གི་རྟོགས་པ་རྒྱུད་ལ་སྐྱེ་ཐུབ་པར་འབད་བརྩོན་བྱེད་དགོས་པ་རེད། ཆོས་བྱེད་ཟེར་བ་དེ་སྨོན་ལམ་བརྒྱབ་བསྡད་པ་དང་། ལྷ་ཁང་ལ་འགྲོ་བསྡད་པ་ཙམ་མ་ཡིན་པར་གཙོ་བོ་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སེམས་ལ་འགྱུར་བ་ཐེབས་རྒྱུ་གལ་ཆེན་པོ་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉིན་ལྟར་བསམ་བློ་བཏང་ཡོང་དུས། ག་ལེར་ག་ལེར་འགྱུར་བ་ཐེབས་ཡོང་གི་འདུག
ང་ཚོ་ཚང་མ་མི་གཅིག་པ་རེད། བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟེར་བ་དེ་ག་ལེར་སེམས་ལ་ཡོང་བསྡད་པ་ཞིག་ཏན་ཏན་རེད། གང་ལྟར་གོམས་དགོས་པ་དེ་གལ་ཆེན་པོ་རེད། ངས་ཡོང་གི་མ་རེད་བསམ་པའི་སྒྱིད་ལུག་དང་ལེ་ལོའི་བསམ་བློ་དེ་འདྲ་མ་བཏང་བར། ངས་ཡོང་གི་རེད་བསམ་པའི་ཐོག་ནས་བྱེད་དགོས་པ་རེད། ཆོས་གྲོགས་མང་པོ་ཞིག་གིས་བསམ་བློ་བཏང་ནས་འགྱུར་བ་འགྲོ་བཞིན་ཡོད་པ་རེད། སྐབས་སུ་བབ་པ་ཏཱ་ལའི་བླ་མ་ཆ་བཞག་པ་ཡིན་ནའང་། བསམ་བློ་ཡང་བསྐྱར་ཡང་བསྐྱར་བཏང་ནས་ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་འགྱུར་བ་ཐེབས་པ་ཞིག་ཡོང་བསྡད་ཀྱི་འདུག དེ་འདྲ་ཡིན་དུས་ང་ཚོ་ཚང་མས་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་བསམ་བློ་གཏང་ན། ཏན་ཏན་སེམས་ལ་འགྱུར་བ་ཐེབས་ཀྱི་རེད་བསམ་པའི་ཡིད་ཆེས་ཀྱི་ཐོག་ནས་ཧུར་ཐག་བྱས་ཤོག བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ནས་སེམས་ལྷོད་ལྷོད་ཆགས་དུས་ཚེ་སྒྲུབ་ཡག་ཤོས་དེ་རེད། ང་ཚོས་སྐྱབས་སུ་མཆི་ཟེར་ས་སངས་རྒྱས་བཅོམ་ལྡན་འདས་ལམ་ལ་བསླབ་སྟེ། མངོན་པར་རྫོགས་པར་སངས་རྒྱས་པ་རེད་མ་གཏོགས། དང་པོ་ནས་སངས་རྒྱས་ཡོད་པ་ཞིག་མ་རེད། ང་ཚོ་ཚང་མའི་རྒྱུད་ལ་དེ་བཞིན་གཤེགས་པའི་སེམས་བསྐྱེད་དེ་ཡོད་པ་རེད། ག་ལེར་སེམས་བསྐྱེད་ཀྱིས་སྐྱོན་ཇེ་ཆུང་དུ་གཏོང་བ་དང་། ཡོན་ཏན་གྱི་རིགས་རིམ་བཞིན་ཆེ་རུ་འགྲོ་བ་དེ་ཆོས་ཉིད་རེད། བསམ་བློ་བཏང་ན་ཏན་ཏན་ཡོང་རྒྱུ་རེད།
ང་ཚོའི་གཞུང་ཞིག་ཏུ། གོམས་ན་སླ་བ་མ་ཡིན་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཟེར་བ་བཞིན། གོམས་པར་བསྟེན་པ་ཡིན་ན་ག་ལེར་ལས་སླ་རུ་འགྲོ་ཡི་རེད། ངོས་རང་ཆུང་ཆུང་སྐབས་སུ་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློ་ལ་ཟིན་ཡོད་པ་རེད་དེ། དེ་འདྲའི་བསམ་བློ་གཏོང་བ་ཡོང་གི་མི་འདུག རྩེད་མོ་རྩེས་བ་མ་གཏོགས་ཡོད་པ་མ་རེད། ག་ལེར་ག་ལེར་བསམ་བློ་གཏོང་བ་བྱས་ཡོང་དུས། སེམས་ལ་འགྱུར་བ་ཐེབས་པ་དེ་མིག་མཐོང་ལག་ཟིན་གྱིས་འགྱུར་བ་ཐེབས་ཀྱི་འདུག ང་ཚོའི་སེམས་ཞུམ་རྒྱུ་ཡོད་པ་མ་རེད། ང་ཚོའི་རྒྱུད་དུ་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་རེད་ལ། ཐབས་ཤེས་ཀྱི་ལམ་རྒྱ་ཆེན་པོ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་པ་དང་། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་ཞིབ་ཚགས་པོ་ཞེ་བོ་གསུངས་ཡོད་དུས། འདི་དག་ཉམས་ལེན་བྱས་ན་འབྲས་བུ་མི་ཡོང་བ་ཅི་ལ་ཡོད་བསམ་པའི་སེམས་ཤུགས་སྐྱེད་ནས་ཉམས་ལེན་སྐྱེད་ཤོག ཅེས་བཀའ་སློབ་སྩལ་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།