མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་ལ་ཧྲིལ་བོའི་ཚོགས་ཆེན་གྱི་ཕྱི་ནང་།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་དོན་འགྲུབ་བཀྲ་ཤིས།

༄༅།། ཉེ་ལམ་ཡོ་རོབ་ཨེ་སི་ཊོ་ནེ་ཡ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཏུ་བཅར་རྒྱུ་བྱུང་། རྒྱལ་ཁབ་འདིར་སྔོན་ཆད་འགྲོ་མྱོང་མེད། བོད་པའི་སྤྱི་ཚོགས་ནང་རྒྱལ་ཁབ་འདི་དེ་ཙམ་ཡོངས་གྲགས་ཤིག་ཀྱང་མིན། ལོ་ཤས་གོང་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བརྡ་འཕྲིན་དང་འཕྲུལ་ལས་འཛིན་སྐྱོང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ཏེ། ཨེ་སི་ཊོ་ནི་ཡ་(Estonia)དང་། དྲ་ཐོག་གི་གཞུང་འཛིན་སྐྱོང་(E-Governance)། ཤོག་བུ་མེད་པའི་ལས་ཁུངས་(Paperless offce)ཟེར་བའི་ཚིག་འདི་གསུམ་རྒྱུས་ཡོད་དུ་གྱུར་སོང་། ཨེ་སི་ཊོ་ནེ་ཡ་ནི་དྲ་ཐོག་གི་གཞུང་འཛིན་སྐྱོང་ཉམས་མྱོང་དང་འཕྲུལ་རིག་ལག་རྩལ་ཧ་ཅང་མཐོ་ཞིང་། རྒྱལ་ཁབ་གཞན་མང་པོས་མིག་དཔེ་ལྟ་ཡུལ་ཞིག་ཆགས་ཡོད། ལོ་ཤས་གོང་ནས་དྷ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ལའང་ལས་དོན་ཁ་ཤས་ཐོག་མཉམ་ལས་གནང་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་དྲུག་པར་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་ལས་བྱེད་བཅུ་རྒྱལ་ཁབ་འདིར་ཕྱིན་ཏེ་དྲ་ཐོག་གི་གཞུང་འཛིན་སྐྱོང་དང་འཕྲུལ་ལས་སྐོར་ལ་སློབ་སྦྱོང་བྱས་ཡོད། རྒྱལ་ཁབ་འདིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྔ་ཤོས་གྲས་ཡིན་པ་དང་། དེ་སྔོན་བོད་དོན་ཐད་གྲོས་ཆོད་དང་བསྒྲགས་གཏམ་ཡང་རིམ་པ་སྤེལ་ཡོད།

བོད་མིའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ཁབ་འདིའི་ནང་ཆིབས་བསྒྱུར་ཐེངས་གསུམ་བསྐྱངས་མྱོང་ཡོད། ཕྱི་ལོ་ ༡༩༩༡།༡༠།༣ ཉིན་ཐེངས་དང་པོར་ཨེ་སི་ཊོ་ནེ་ཡར་ཆིབས་བསྒྱུར་བསྐྱངས། སྐབས་དེར་རྒྱལ་ཁབ་འདི་ཨུ་རུ་སུའི་འོག་ནས་རང་བཙན་ཐོབ་སྟེ་ཟླ་གཅིག་དང་ཕྱེད་ཙམ་ལས་ཕྱིན་མེད། བོད་པ་ལྟར་དམར་ཤོག་འོག་གི་དཀའ་སྡུག་ཚང་མ་མྱངས་ཚར་བའི་རྒྱལ་ཁབ་ཅིག་ཡིན་སྟབས། སྐབས་དེར་༧གོང་ས་མཆོག་དང་བོད་པར་བློ་ཐག་ཧ་ཅང་ཉེ་བོ་བྱུང་ཡོད་འདུག སྐབས་དེར་༧གོང་ས་མཆོག་ཨེ་སི་ཊོ་ནེ་ཡའི་ལྷོ་ཕྱོགས་གྲོང་ཁྱེར་ཝོལ་གྷ་ཞེས་པར་ཆིབས་བསྒྱུར་བསྐྱངས་ཡོད་སྟབས། གྲོང་ཁྱེར་དེའི་(Väike Emajõgi)ཞེས་པའི་གཙང་འགྲམ་དུ་ “༧གོང་ས་ཏཱ་ལའི་བླ་མས་ས་འདི་ཞབས་ཀྱིས་བཅག་ཅིང་བྱིན་གྱིས་བརླབས་པའི་གནས་ཡིན།” ཞེས་དྲན་རྟེན་ཞིག་ཀྱང་བཞེངས་ཡོད་པ་ད་ལྟ་མཇལ་རྒྱུ་ཡོད་འདུག ཕྱི་ལོ་ ༢༠༠༡།༦།༡༨ ཉིན་༧གོང་ས་མཆོག་རྒྱལ་ཁབ་འདིར་ཆིབས་བསྒྱུར་ཐེངས་གཉིས་པ་བསྐྱངས་པ་དང་། སྐབས་དེར་རྒྱལ་ཁབ་དེའི་སྲིད་བློན་མཱར་ཊི་ལཱར་(Mart Laar)མཆོག་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་(Tunne Kelam)མཆོག རྒྱལ་ས་ཊཱ་ལན་གྱི་སྤྱི་ཁྱབ་བཅས་ལ་མཇལ་འཕྲད་གནང་ཡོད་འདུག ཆིབས་བསྒྱུར་གསུམ་པ་ཕྱི་ལོ་ ༢༠༡༡།༨།༡༦ ཉིན་གནང་སྟེ་ཡུལ་དེའི་སྲིད་འཛིན་(Toomas Hendrik Ilves)མཆོག་དང་བློན་ཆེན་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་སྟབས། ཨེ་སི་ཊོ་ནེ་ཡའི་རྒྱ་ནག་གཞུང་ཚབ་ཀྱིས་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན། རྗེས་ལ་སྲིད་འཛིན་དེས་ཀྱང་རྒྱ་གཞུང་ལ་དགོངས་སེལ་ཞུས་པའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད།

ཐེངས་འདིའི་ཚོགས་འདུ་དེ་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་རང་དབང་མང་གཙོའི་འཕེལ་ཕྱོགས་དང་བསྟུན་ཏེ་༼ ༢༠༢༣ ལོའི་གོ་ལ་ཧྲིལ་བོའི་གུ་ཡངས་སྲིད་གཞུང་འབྲེལ་མཐུད་ལྷན་ཚོགས། ༽ (2023 Open Government Partnarship Global Summit) ཞེས་པའི་མགོ་བརྗོད་འོག་ཚོགས་པའི་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་ཞིག་རེད། ཐེངས་འདིར་རྒྱལ་ཁབ་བརྒྱ་ལྷག་ནས་ཚོགས་བཅར་བ་གྲངས་ ༢༣༠༠ མཉམ་ཞུགས་བྱས་ཡོད་པ་གསར་འགྱུར་ནང་ཐོན་འདུག གླིང་ཆེན་བདུན་ནས་ཕེབས་པའི་ཚོགས་བཅར་བའི་ཁྲོད་རྒྱལ་ཁབ་འདྲ་མིན་གྱི་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་བློན་ཆེན། ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་དང་སློབ་དཔོན་ཆེན་མོ། དེ་བཞིན་གསར་འགོད་པ་དང་ལས་འགུལ་བ་གྲགས་ཆེན། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་མང་གི་སྐུ་ཚབ་བཅས་འདུག་ལ། ཉི་ཧོང་དང་ཝེ་ཝན། སོག་པོ་དང་ཧོང་ཀོང་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཀྱང་ཚོགས་བཅར་བ་མང་པོ་ཕེབས་འདུག ཚོགས་འདུའི་བར་སེང་ཞིག་ནས་རྒྱ་ནག་སྐམ་སའི་སྤྱི་མང་ཐོབ་ཐང་དང་ཞབས་ཞུའི་ལས་འགུལ་བ་ཡིན་གསུང་མཁན་རྒྱ་རིགས་ཤིག་ལ་ཁྱུག་ཙམ་ཐུག་སོང་། ཚོགས་འདུ་ཁྱོན་ཡོངས་ཀྱི་ཁ་དབུགས་ལས་ཨུ་རུ་སུའི་དམག་འཁྲུག་ལ་ངོ་རྒོལ་དང་། ཡུག་རིན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་སོང་ལ། མ་གཞི་ཚོགས་འདུ་གོ་སྒྲིག་ཞུ་མཁན་གུ་ཡངས་སྲིད་གཞུང་འབྲེལ་མཐུད་ལྷན་ཚོགས་(Open Government Partnarship)ཀྱི་ཁོར་ཡུག་ཀྱང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་དང་འདྲ་མཉམ་སོགས་རིན་ཐང་ལྟ་བར་འཛིན་མཁན་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་མཉམ་འབྲེལ་ཐོག ཨེ་ཤ་ཡ་དང་ལྷོ་ཨ་ཧྥི་རི་ཁ། དཀྱིལ་ཤར་ཡུལ་གྲུ་བཅས་ཀྱི་རྒྱལ་ཁབ་ཆུང་ཁག་ལ་ཕྱིའི་བཙན་འཛུལ་དང་གནོན་ཤུགས་ལ་གདོང་ལེན་བྱེད་ཐབས་དང་། མང་གཙོ་དང་རང་དབང་རྩོད་ལེན་གནང་མཁན་མི་རིགས་དང་ཚོགས་སྡེ་ཁག་ལ་ནུས་སྟོབས་སྤེལ་ཐབས་ཤིག་ཡིན་པ་གསལ་བོ་རེད།

ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་ཨེ་སི་ཊོ་ནེ་ཡའི་སྲིད་བློན་ལྕམ་སྐུ་ཀཱ་ཇ་ཀ་ལ་སི་(Kaja Kallas)མཆོག་དང་། རྒྱལ་དོན་དྲུང་ཆེ་སྐུ་ཞབས་ཏཱ་མར་པི་ཊིར་ཀོབ་(Taimar Peterkop)མཆོག ལྷོ་ཡུ་རོབ་ཀྱི་རྒྱལ་ཁབ་ཁཱོ་སོ་བོ་(Kosovo)ཡི་སྲིད་བློན་སྐུ་ཞབས་ཨཱལ་བྷིན་ཁུར་ཊི་(Albin Kurti)བཅས་ཀྱིས་གཏམ་བཤད་སྤེལ་སྐབས། ཚོགས་འདུ་གོ་སྒྲིག་གནང་མཁན་གུ་ཡངས་སྲིད་གཞུང་འབྲེལ་མཐུད་ཅེས་པའི་སྒྲིག་འཛུགས་དེ་ནི། གུ་ཡངས་སྲིད་གཞུང་(Open government)དང་། མང་ཚོགས་ཀྱི་ནུས་སྟོབས་གོང་སྤེལ་(empower citizens)། ལྐོག་ཟ་རུལ་སུངས་ལ་རྒོལ་བ་(fight corruption)། དེང་གི་འཕྲུལ་རིག་(harness new technologies to strengthen governance)ལ་བརྟེན་ཏེ་སྲིད་སྐྱོང་སྲ་བརྟན་དང་ཞི་བའི་སྤྱི་ཚོགས་(civil society)འཛུགས་སྐྲུན་བྱེད་ཐབས་སོགས་ལ་གཞོགས་འདེགས་ཞུ་མཁན་ཞིག་ཡིན་སྐོར་བརྗོད་སོང་། ད་དུང་བརྡ་འཕྲིན་དང་འབྲེལ་མཐུད་གྲོས་མོལ་སོགས་འཇམ་པོའི་སྟོབས་ཤུགས་(Soft Power)ལ་བརྟེན་ཏེ་ཞི་བའི་སྤྱི་ཚོགས་དང་འཛམ་གླིང་ཞི་བདེ་བསྐྲུན་དགོས་པ་ནན་གྱིས་བརྗོད་སོང་། དེ་བཞིན་དྲ་ལམ་བརྒྱུད་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོ་ནེ་བྷི་ལེན་ཁིན་(Antony Blinken)མཆོག་དང་། ཡུག་ཁུ་རན་(Ukraine)གྱི་སྲིད་བློན་དྷེ་ནེ་སི་སམ་ཧེ་(Denys Shmyhai)། ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་མ་ལ་ཝི་(Malawi)ཡི་སྲིད་འཛིན་ཅཱག་བེ་ར་(Chakwera)། ཌོ་མི་ནེ་ཁན་(Dominica)སྤྱི་མཐུན་རྒྱལ་ཁབ་སྲིད་འཛིན་ལུའེ་སི་ཨ་བྷེ་ན་ཌར་(Luis Abinader)བཅས་ཀྱིས་གཏམ་བཤད་གནང་བའི་སྙིང་དོན་ཡང་། གྲངས་རིག་གི་གཞུང་འཛིན་སྐྱོང་(Digital governance)དང་། དྲ་ཐོག་གི་གཞུང་འཛིན་སྐྱོང་(E-Governance)། གུ་ཡངས་སྲིད་གཞུང་(Open government)བཅས་ནི། རྒྱལ་ཁབ་ཕྱི་གསལ་ནང་གསལ་(Transparency)དང་། ལས་དོན་ལ་འགན་འཁུར་(Accountability)། མི་མང་མཉམ་ཞུགས་(Participation)བཅས་ཡོང་བའི་གཞི་རྩ་ཡིན་པ་མ་ཟད། བགྲོད་ལམ་དེ་ནས་འགྲོ་བ་མིའི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ། གོ་ལའི་ཁོར་ཡུག་སྲུང་སྐྱོབ་བཅས་ལ་འགན་སྲུང་བྱེད་ཐུབ་སྐོར་བརྗོད་སོང་། ཐེངས་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གོ་ལ་ཧྲིལ་བོའི་ཚོགས་ཆེན་དེར་མཉམ་ཞུགས་བྱས་ཡོད། ཚོགས་ཆུང་དེའི་ནང་དགེ་བཤེས་སྨོན་ལམ་ཐར་ཕྱིན་དང་རྣམ་རྒྱལ་སྒྲོལ་དཀར། རྒྱལ་ལྡོང་ཕུར་པ་རྡོ་རྗེ། ཕྲན་དོན་གྲུབ་བཀྲ་ཤིས་བཅས་ཡོད་ལ། ངེད་ཅག་དང་ལྷན་དུ་རོགས་ཚོགས་དྷ་རམ་ས་ལའི་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་(NDI)དྷ་ས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་རི་ཤཱེ་ཌ་ཏཱ་ལགས་དང་། ལས་འཆར་འགན་འཛིན་དཔལ་ལྡན་ཕུན་ཚོགས་ལགས་གཉིས་ཀྱང་མཉམ་བཅར་ཞུས་ཡོད། ཐེངས་འདིའི་འགྲོ་སོང་ཡོངས་རྫོགས་ཚོགས་པ་འདིས་ནར་གཏོང་གནང་སོང་།

བོད་པའི་སྐུ་ཚབ་རྣམས་ཚོགས་འདུ་དེའི་ཚོགས་ཆུང་ཁག་ནང་རིམ་པ་བཞིན་མཉམ་ཞུགས་དང་། མི་སྣ་འདྲ་མིན་ལ་ཐུག་འཕྲད་བྱས་པའི་བརྒྱུད་རིམ་ཁྲོད། སྤྱིར་ཐེངས་འདིར་མི་ཚང་མ་དཀའ་ངལ་ཞིག་གམ་ལས་འགན་ཞིག་གི་ཆེད་དུ་ཡོང་བ་དང་། ལྷག་དོན་ད་ལྟའི་དུས་འདིར་འཛམ་གླིང་གི་པར་ཆས་ཚང་མའི་ཁ་ཨུ་ཡུ་དམག་འཁྲུག་ལ་སྐོར་ཡོད་པ་དང་། ནེ་ཇིར་(Niger)དམག་གིས་གཞུང་བཙན་འཕྲོག་དང་ལྷོ་སུ་ཌན་གྱི་དྲག་ཟིང་སོགས་གནས་ཚུལ་ཆེན་པོ་རིམ་བསྟུད་དུ་བྱུང་བ་སོགས་ལ་བརྟེན་ཏེ། ད་རེས་མི་སྣ་སུ་ལ་ཐུག་ཀྱང་སོ་སོའི་དཀའ་ངལ་དང་གནས་ཚུལ་དང་པོར་བཞག་སྟེ་བསྒྲགས་ཅི་ཐུབ་བྱེད་པ་ལས། གཞན་གྱི་དཀའ་ངལ་དང་གནས་ཚུལ་ལ་དོ་སྣང་དེ་ཙམ་མེད་ནའང་། ཨ་རི་དང་ཡུ་རོབ། ཁེ་ན་ཌ་དང་ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་ཆེ་ཁག་གི་མི་སྣ་ཚོ་བོད་དང་བོད་པའི་གནད་དོན་ལ་གདུང་སེམས་མཉམ་སྐྱེད་ཆེན་པོ་འདུག་པ་མ་ཟད། ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཨན་གྷོ་ལ་(Angola)དང་། མོ་རོ་ཁོ་(Morocco)། ཨ་ཧྥི་རི་ཁའི་ཀཱེན་ཡཱ་(Kenya)། ཨ་མེ་རི་ཁ་གླིང་གི་ཌོ་མི་ནེ་ཁཱ་<span;>(Dominica)དང་མེག་སི་ཁཱོ་(Mexico)སོགས་རྒྱལ་ཁབ་ཆུང་ཁག་གི་མི་སྣ་ཚོའང་ཏཱ་ལའི་བླ་མའི་སྙན་གྲགས་དང་། ཏཱ་ལའི་བླ་མར་དང་བ་བརྒྱུད་དེ་བོད་སྐོར་གང་འཚམ་ཤེས་ཀྱི་ཡོད་པའི་ཚོར་སྣང་བྱུང་སོང་།

ད་རེས་ཚོར་སྣང་གཞན་ཞིག་བྱུང་བ་ནི། དྷ་རམ་ས་ལའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ནུས་པས་མ་འདང་བ་མིན་པར། འབྲེལ་བས་མ་སྙོམས་པ་མ་གཏོགས་འདི་དང་འདི་ལྟ་བུའི་གོ་སྐབས་དང་སྡིངས་ཆ་མང་པོ་རག་གི་ཡོད་པ་ཚོར་སོང་ལ། འདི་ལྟ་བུའི་སྡིངས་ཆར་མཉམ་ཞུགས་བྱེད་པར་སྔོན་ལ་རྒྱུས་ལོན་དང་གྲ་སྒྲིག་ཡག་པོ་ཡོད་ན་གྲུབ་འབྲས་ཀྱང་བཟང་པོ་འཐོན་ངེས་ཡིན་པའི་གདེང་ཚོད་རྙེད་སོང་། ཐེངས་འདིར་ཡང་བོད་པའི་སྐུ་ཚབ་རྒྱལ་སྤྱི་རང་བཞིན་གྱི་ལྷན་ཚོགས་དེར་ཞུགས་པ་དང་། ཨེ་སི་ཊོ་ནེ་ཡའི་སྲིད་བློན་སོགས་རྒྱལ་ཁབ་རིམ་པའི་གནད་ཡོད་མི་སྣར་ཐུག་པ་དེ་ནི་ཕྱི་ལ་ཆབ་སྲིད་ཀྱི་བརྡ་ལན་ཞིག་དང་ནང་ལ་སེམས་ཤུགས་གི་སྐུལ་ལྕག་ཞིག་ཆགས་ཡོད།

ཕྱི་ཟླ་དགུ་བའི་བདུན་ཕྲག་དང་པོ་གཉིས་པ་འདིར་རྒྱ་གར་ནང་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་(G20)ཚ་ཚ་འུར་འུར་བྱས་ཡོད་པ་ལྟར། ཨེ་སི་ཊོ་ནེ་ཡའི་ནང་གོ་ལའི་གུ་ཡངས་སྲིད་གཞུང་འབྲེལ་མཐུད་ཚོགས་འདུ་(OGP)ཚ་ཚ་འུར་འུར་དང་། རྒྱལ་ས་ཊཱ་ལེན་གྲོང་ཁྱེར་དང་གནམ་ཐང་། མགྲོན་ཁང་ཆེ་ཁག་བཅས་སུ་ཚོགས་ཆེན་དེའི་མཚོན་རྟགས་གང་སར་མཐོང་རྒྱུ་འདུག ཚོགས་ཆེན་དེ་ཨེ་སི་ཊོ་ནེ་ཡ་གཞུང་གིས་གོ་སྒྲིག་གནང་བ་ཞིག་ཡིན་སྟབས། ཚོགས་བཅར་བ་རྣམས་རྒྱལ་ཁབ་ཀྱི་མགྲོན་པོ་གལ་ཆེན་དུ་བརྩི་བཞིན་འདུག་ལ། གྲོང་ཁྱེར་དེའི་ནང་གཞུང་གི་འགྲིམ་འགྲུལ་ཁག་ཀྱང་རིན་མེད་རེད།

ཚོགས་ཆེན་དེ་གོ་སྒྲིག་ཞུ་མཁན་ཨེ་སི་ཊོ་ནེ་ཡ་གཞུང་དང་གུ་ཡངས་སྲིད་གཞུང་འབྲེལ་མཐུད་ལྷན་ཚོགས་ཨོ་ཇི་ཕི་(OGP)གཉིས་ཡིན་པ་དང་། ཚོགས་བཅར་བ་ཚོར་འགྲོ་སོང་མཐུན་འགྱུར་ཞུ་མཁན་ཆེ་ཤོས་ཨ་རིའི་རོགས་ཚོགས་(USAID)དང་། ཨ་རིའི་མང་གཙོ་ཐེབས་རྩ་(NED)། ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་(NDI)སོགས་ཡིན་པ་ཚོགས་འདུའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨ་རིའི་རོགས་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་སཱ་མཱན་ཐ་པ་ཝོར་ (Samantha Power)མཆོག་གིས་གསལ་བཤད་གནང་སོང་།

ཨོ་ཇི་ཕི་ཟེར་བའི་ལྷན་ཚོགས་འདི་ཐོག་མ་ ༢༠༡༡ ལོར་ཨ་རིའི་ནེའུ་ཡོག་ཏུ་བྷར་རྫིལ་དང་ཨེན་ཌོ་ནེ་ཤི་ཡ། མེག་སི་ཁོ། ནོར་ཝེ། ཧྥེ་ལི་པིན། ལྷོ་ཨ་ཧྥི་རི་ཁ། དབྱིན་ཡུལ། ཨ་རི་བཅས་རྒྱལ་ཁབ་ ༨ མཉམ་འབྲེལ་ཐོག་བཙུགས་པ་དང་། ད་ལྟ་ཚོགས་མིའི་རྒྱལ་ཁབ་ ༧༥ དང་ས་གནས་ ༡༠༤ ཡོད་འདུག་ལ་ལས་ཁུངས་ཨ་མ་ཨ་རིའི་རྒྱལ་ས་ཝ་ཤིན་ཏོན་དུ་ཡོད་འདུག ཐེངས་འདི་ནི་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཡིན་ཞིང་། ཐེངས་རྗེས་མ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཀཱེན་ཡཱ་(Kenya)ནས་འཚོགས་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

ཉིན་དང་པོའི་ཚོགས་འདུ་དབུ་འཛུགས་དང་མཐའ་མའི་མཇུག་བསྡོམས་མཛད་སྒོར་ཚོགས་བཅར་བ་ཡོངས་ཚོགས་ཁང་ཆེན་པོ་ཞིག་ཏུ་ཚོགས་སོང་། དེ་མིན་ཚོགས་ཁང་ཆུང་བ་བཅུ་གྲངས་ཤིག་གི་ནང་ཚོགས་བཅར་བ་བརྒྱ་སྐོར་རེ་ལ་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་དང་བགྲོ་གླེང་གོ་སྒྲིག་གནང་འདུག སྤྱིར་བརྗོད་གཞི་གང་ལེན་མིན་དྲ་ཐོག་ནས་ཐོ་འགོད་བྱེད་དགོས་ཀྱང་། དངོས་གཞིའི་སྐབས་སོ་སོ་བརྗོད་གཞི་གང་ལ་མཉམ་ཞུགས་བྱེད་མིན་རང་དབང་རེད། ཚོགས་འདུ་གཅིག་ཆུ་ཚོད་གཅིག་དང་ཕྱེད་ཡས་མས་དང་། སྐད་ཡིག་གཙོ་བོ་དབྱིན་སྐད་རེད་ལ། སི་པེན་དང་ཧྥ་རན་སི། ཡུག་རིན། ཨེ་སི་ཊོ་ནེ་ཡ་བཅས་ཀྱི་ནང་ཐད་སྒྱུར་བྱེད་བཞིན་འདུག ཨེ་སི་ཊོ་ནེ་ཡ་རྒྱལ་ཁབ་འདི་ནི་བྱང་རྒྱ་མཚོ་ཆེན་མོའི་ཡན་ལག་བྷལ་ཊིཀ་(Baltic)གཙང་པོའི་འགྲམ་དུ་ཆགས་ཡོད། རྒྱལ་ཁབ་འདིའི་ལྷོ་ཕྱོགས་སུ་ལཱ་ཊི་ཝེ་ཡ་(Latvia)དང་། བྱང་དུ་ཧྥིན་ལན་ཌི་(Finland)། ནུབ་ཏུ་སི་ཝེ་ཌན་(Sweden)། ཤར་དུ་ཨུ་རུ་སུ་བཅས་ཡོད། ཨུ་རུ་སུ་(Russia)དང་ས་མཚམས་སྤྱི་ལེ་ ༢༩༤ ཙམ་གྱི་ས་འབྲེལ་ཡོད་པ་མ་ཟད། རྒྱལ་ཁབ་འདིར་མི་འབོར་ས་ཡ་གཅིག་དང་འབུམ་གསུམ་ ༡,༣༦༥,༨༨༤ ཡོད་པ་ལས་བརྒྱ་ཆ་བརྒྱ་ཆ་ ༢༢ ཨུ་རུ་སུའི་མི་རིགས་ཡིན་པ་དང་། སྔོན་ཆད་ཨུ་རུ་སུ་དམར་པོའི་འོག་ཚུད་དེ་ ༡༩༩༡ ལོར་གཞི་ནས་རང་བཙན་ཐོབ་ཡོད་སྟབས། ད་ལྟའི་ཨུ་རུ་སུ་དང་ཡུག་རིན་དམག་འཁྲུག་སྐབས་ཧ་ཅང་ཚོར་བ་རྣོ་བོ་དང་། ཡུག་རིན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཆགས་ཡོད་སྟབས། ཛ་དྲག་གི་དུས་སྐབས་འདིར་གོ་ལ་ཧྲིལ་བོའི་ཚོགས་ཆེན་དེ་ཡང་རྒྱལ་ཁབ་འདིར་ཚོགས་པར་ཆབ་སྲིད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད།

ཕྱི་ལོ་ ༡༩༨༧ ལོའི་ཕྱི་ཟླ་དྲུག་པ་ནས་བྷལ་ཊིཀ་གཙང་བོའི་རྒྱུད་ཀྱི་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་དམར་པོའི་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཅིང་། ཨེ་སི་ཊོ་ནི་ཡ་(Estonia)རྒྱལ་ཁབ་དང་ལ་ཊི་ཝེ་ཡ་(Latvia)རྒྱལ་ཁབ། ལི་ཊོ་ནི་ཡ་(Lithuania)བཅས་རྒྱལ་ཁབ་འདི་གསུམ་གྱི་མི་མང་འབུམ་གསུམ་ ༣༠༠,༠༠༠ ལྷག་གིས་ལག་གདང་སྦྲེལ་ཏེ། “ ང་ཡི་ཕ་ས། ང་ཕ་ས་ལ་དགའ”(Land of my Fathers, Land that I Love)ཞེས་པའི་གསར་བརྗེ་གླུ་དབྱངས་(Singing Revolution)ལས་འགུལ་སྤེལ་ཏེ་སྤྱི་ལེ་བརྒྱ་ཕྲག་མང་པོར་ཞི་བའི་གོམ་བགྲོད་བྱས་སྟབས། མཐར་ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུ་དམར་པོའི་གཞུང་འཐོར་ཞིག་སོང་སྟེ། བྷལ་ཊིག་གཙང་བོའི་འགྲམ་རྒྱུད་ཀྱི་ཨེ་སི་ཊོ་ནེ་ཡ་དང་ལ་ཐི་ཝེ་ཡ། ལི་ཐོ་ནི་ཡ་སོགས་ཨུ་རུ་སུའི་ལྷོ་ནུབ་ཀྱི་རྒྱལ་ཁབ་ ༡༥ ཙམ་ལ་རང་བཙན་ཐོབ་ཡོད།།

མཆན།
ཐེངས་འདིའི་ཚོགས་འདུ་ཚོགས་ཡུལ་དང་ཚོགས་བཅར་བའི་གཏམ་བཤད་ཡོངས་རྫོགས་དབྱིན་སྐད་དབྱིན་ཡིག་ཡིན་པ་དང་། དོན་གནས་ཁ་ཤས་དབྱིན་ཚིག་རང་སོར་བཞག་ན་བསྟན་དོན་གསལ་བ་དང་ནུས་པ་ཆེ་བ་ཡོད་སྟབས། རྩོམ་ཡིག་འདིར་དབྱིན་ཡིག་མང་པོ་ཞིག་བེད་སྤྱོད་གཏོང་དགོས་བྱུང་སོང་བས་(https://www.avpeesti2023.ee/en) (https://www.opengovpartnership.org/events/2023-ogp-global-summit-tallinn-estonia/)བཅས་ལ་རྩ་འཛིན་གནང་རོགས།།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese