འབུམ་རམས་པ་བྱེ་གཞོང་ཚེ་དབང་རྡོ་རྗེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ ཚེས་ ༡༤ ནས་ ༡༥ བར་གྱི་ཉིན་གཉིས་རིང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་བྱས་པའི་༼ ༢༠༢༤ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ ༽ཞེས་པའི་རྒྱལ་སྤྱིའི་ཚོགས་འདུར་མཉམ་ཞུགས་བྱེད་པའི་གོ་སྐབས་བྱུང་། ཚོགས་འདུ་མ་འཚོགས་པའི་ཉིན་གཅིག་གི་སྔོན་ལ་ ༢༠༢༤ ལོའི་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་བཅུ་དྲུག་པ་བྱེད་བཞིན་འདུག་པས། འོས་བསྡུའི་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་བྱས་ཏེ་རང་ཉིད་ལ་བློ་སྐྱེད་ཐོབ་པ་ཞིག་ལ། ཐའེ་ཝན་གླིང་ཕྲན་གྱི་ཆབ་སྲིད་ལམ་ལུགས་དེ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ལམ་ལུགས་ཤིག་ཡིན་པ་དང་། ཐའེ་ཝན་མི་དམངས་ཀྱི་ཆབ་སྲིད་འདམ་ག་བྱེད་སྟངས་དེས་མང་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་གྱི་གཞུང་སྲ་བརྟན་གཏོང་གི་ཡོད་ལ། དེ་ནི་ཐའེ་ཝན་མི་དམངས་ཀྱི་ཆབ་སྲིད་ཀྱི་ཕུགས་འདུན་ངོ་མ་དེ་ཡིན་པའི་ངེས་ཤེས་སྐྱེས་སོང་།
ཉིན་གྲངས་དྲུག་ཙམ་རིང་ཐའེ་ཝན་དུ་ཉམས་ཞིབ་སྐོར་སྐྱོད་བྱས་པའི་བརྒྱུད་རིམ་ནང་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་། ཞིབ་འཇུག་སློབ་མ། དེ་བཞིན་གནད་ཡོད་མི་སྣ་མང་དག་ཅིག་ལ་ཐུག་འཕྲད་བགྱིས་པ་དང་། བརྗོད་གཞི་འདྲ་མིན་ཐོག་གླེང་མོལ་བྱེད་པའི་གོ་སྐབས་ཀྱང་བྱུང་། འདིར་གུས་པས་སྲིད་འཛིན་འོས་བསྡུ་ཆེན་མོའི་བརྒྱུད་རིམ་ལ་ལྟ་ཞིབ་བྱས་པའི་མྱོང་བརྒྱུད་གཞིར་བྱས་ཏེ། ཐའེ་ཝན་གྱི་མང་གཙོའི་འཕེལ་ཕྱོགས་ལས་འཕྲོས་ནས་བོད་དང་ཐའེ་ཝན་གྱི་འབྲེལ་ལམ་སྐོར་ནས་བསམ་ཚུལ་ཁ་ཤས་གླེང་འདོད་བྱུང་། རྩོམ་ཐུང་འདི་བོད་དང་ཐའེ་ཝན་གྱི་འབྲེལ་ལམ་ཐད་ལ་ཚད་མཐོའི་དབྱེ་ཞིབ་བགྱིས་པ་མིན་ཡང་། གུས་པ་རང་ཉིད་ཀྱིས་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་དང་ཆབ་སྲིད་ཚན་རིག་གི་རྨང་གཞིའི་ཤེས་བྱར་སྦྱངས་པ་ཅུང་ཟད་བགྱིས་མྱོང་ཕྱིར། ས་ཁམས་ཐབས་ཇུས་དང་ཆབ་སྲིད་ཚན་རིག་གི་ངོས་ནས་བཤད་ན། མ་འོངས་པའི་བོད་དང་ཐའེ་ཝན་གྱི་འབྲེལ་ལམ་བར་ཐུན་མོང་གཞི་རྟེན་འཚོལ་རྒྱུར་ཕན་འབྲས་ཆེན་པོ་ཡོད་པར་མཐོང་།
༡ སྤྱིའི་ཆ་ནས་ཐའེ་ཝན་མང་གཙོའི་ལམ་ལ་བསྐྱོད་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་ཕྱིན་ཡོད། དམིགས་གསལ་ཞིག་ལ་ཐའེ་ཝན་མི་དམངས་ཀྱི་མང་གཙོའི་བསམ་བློ་འཁྱེར་ཕྱོགས་དང་འཚམས་པའི་ཐོག་ནས་གོམ་པ་མདུན་སྤོས་བྱེད་སྟངས་ལ་གཞིགས་ན། ཐའེ་ཝན་གྱི་མང་གཙོའི་ལམ་སྲོལ་དེ་མང་གཙོ་ཡར་ཐོན་ཅན་གྱི་ལམ་ལུགས་ཀྱི་ཚད་དང་མཉམ་པར་ཡོད་པའི་གདེང་འཇོག་བྱེད་ཐུབ། ཐེངས་འདིའི་འོས་བསྡུ་ཆེན་མོའི་ཁྲོད་ནས་ཤེས་རྟོགས་ཐུབ་པ་ནི། ཐའེ་ཝན་གཞུང་དེ་མ་འོངས་པར་འཛམ་གླིང་ནང་མིག་དཔེར་འོས་པའི་མང་གཙོའི་ལམ་ལུགས་ཀྱི་གཞུང་ཞིག་ཆགས་ཐུབ་པའི་རེ་བ་དང་གདེང་སྤོབས་ཆེན་པོ་སྤྲད་སོང་། གཞན་ཡང་རྒྱ་ནག་དང་འབྲེལ་བ་ཡོད་པའི་ཆ་ནས་བཤད་ན། རང་དབང་དང་མང་གཙོའི་ལྟ་གྲུབ་སྲོག་ཤིང་དུ་འཛིན་པའི་ཐའེ་ཝན་འོས་བསྡུ་ཆེན་མོ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རང་བཞིན་གྱིས་བློ་འཚབ་གསར་པ་ཞིག་སྐྱེས་སུ་བཅུག་ཡོད་ལ། རང་དབང་དང་དྲང་བདེན་ལ་དགའ་མོས་ཡོད་མཁན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་མི་དམངས་ལ་ཡང་རང་དབང་དང་མང་གཙོའི་རིན་ཐང་མངོན་ཐུབ་པ་བྱུང་ཡོད། གནས་སྟངས་དེས་མཚོ་འགག་གཉིས་ཀྱི་མི་མང་གི་མང་གཙོའི་རང་དབང་ལ་ཧེ་བག་ཆེན་པོ་ཡོད་པ་སྟོན་ཐུབ་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་མིའི་བསམ་བློའི་རང་དབང་ལ་གཞུང་འཛིན་ངོས་ནས་གཅུན་སྡོམ་མེད་པར་མི་མང་ལ་ཡོད་འོས་པའི་རང་དབང་ལོངས་སུ་སྤྱོད་ཐུབ་པའང་གསལ་པོར་མངོན་ཡོད།
༢ ཐའེ་ཝན་གྱི་ཆབ་སྲིད་ལམ་ལུགས་དེ་སྲིད་འཛིན་གཙོ་བོ་འཛིན་པའི་དམངས་གཙོའི་ལམ་ལུགས་(Presidential Form of Government)ཤིག་ཡིན། འདས་པའི་ལོ་ངོ་བཅུ་ཕྲག་ནང་ཐའེ་ཝན་སྲིད་འཛིན་འོས་བསྡུ་དེ་གཙོ་བོ་ཆབ་སྲིད་ཚོགས་པ་གཉིས་ཀྱི་བར་གཞུང་འཛིན་འོས་བསྡུའི་འགྲན་རྩོད་ཅིག་ཆགས་ཏེ། གོ་མིན་ཏང་སྲིད་དོན་ཚོགས་པ་(KMT)དང་ཐའེ་ཝན་མང་གཙོ་ཡར་ཐོན་སྲིད་དོན་ཚོགས་པ་(DPP)གཉིས་ཀྱི་བར་ཐའེ་ཝན་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་འོས་བསྡུ་ཐེངས་བརྒྱད་པ་དེ་ཆགས་ཡོད། འོས་བསྡུའི་བརྒྱུད་རིམ་ནང་གཞུང་འཛིན་འགྲན་རྩོད་བྱེད་མཁན་གཙོ་བོ་སྲིད་དོན་ཚོགས་པ་གཉིས་དེ་རང་ཡིན། འོན་ཀྱང་ད་རེས་འོས་བསྡུ་ཆེན་མོའི་སྐབས་སྲིད་དོན་ཚོགས་པ་གསུམ་གྱི་བར་འོས་བསྡུའི་འགྲན་རྩོད་གསར་པ་ཞིག་ཆགས་ཡོད་པ་དེ་ནི། ཕྱི་ལོ་ ༢༠༡༩ ལོར་གསར་དུ་བཙུགས་པའི་ཐའེ་ཝན་མི་དམངས་ཚོགས་པ་(TPP)ཟེར་བའི་ཆབ་སྲིད་ཚོགས་པ་གསར་པ་འདི་ཡིན་ལ། ཐའེ་ཝན་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཨང་གསུམ་པ་འདིས་ད་ལོའི་འོས་བསྡུ་ཆེན་མོའི་སྐབས་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་པར་བརྟེན། མ་འོངས་པར་ཐའེ་ཝན་གྱི་གཞུང་འཛིན་ཆབ་སྲིད་ཚོགས་པའི་གནས་བབས་དང་ལམ་ལུགས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པར་ངོས་འཛིན་བྱས་ཆོག འདས་པའི་དུས་ཚོད་ནང་གཞུང་འཛིན་ཚོགས་པ་སུ་དང་གང་ཞིག་སྲིད་སྟེགས་ཐོག་བསླེབས་ཡོད་ཀྱང་རུང་། བོད་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ལ་དམིགས་གསལ་འགྱུར་ལྡོག་ཆེན་པོ་གང་ཡང་ཕྱིན་མེད། འོན་ཀྱང་མ་འོངས་པར་གཞུང་འཛིན་ཆབ་སྲིད་ཚོགས་པ་མང་པོ་སླེབས་ཏེ་ཐའེ་ཝན་གཞུང་གི་ཕྱི་སྲིད་ཀྱི་ལངས་ཕྱོགས་དང་། བྱེ་བྲག་ཏུ་མི་མང་གི་ཆོས་ལུགས་དད་མོས་དང་རིག་གཞུང་ལ་འཛིན་པའི་ལྟ་གྲུབ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གཞུང་གི་སྲིད་བྱུས་ལ་ལྟ་ཚུལ་འཛིན་སྟངས་སོགས་ལ་འགྱུར་བ་ཕྱིན་ཚེ། བོད་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ཡང་སྔར་བས་ཇེ་ལེགས་སུ་འགྲོ་ཞིང་། ཐའེ་ཝན་ནང་བོད་དོན་སྐོར་ལ་དོ་སྣང་དང་རྒྱབ་སྐྱོར་མང་དུ་འགྲོ་སྲིད།
༣ ཕྱི་ལོ་ ༡༩༧༡ ལོ་ནས་བཟུང་རྒྱལ་སྤྱིའི་ནང་ཐའེ་ཝན་ལ་གཞུང་འབྲེལ་ཐོག་ནས་ངོས་འཛིན་དང་འབྲེལ་ལམ་བྱེད་ཕྱོགས་ཤུགས་ཆུང་དུ་ཕྱིན་ཡོད། དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གི་བདག་དབང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་པ་ངོས་འཛིན་བྱས་པའི་རྐྱེན་གྱིས་ཡིན། འོན་ཀྱང་ཐའེ་ཝན་གྱི་དཔལ་འབྱོར་སྟོབས་ཤུགས་དང་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་ཐའེ་ཝན་མི་དམངས་མང་གཙོའི་གོམ་སྟབས་ཀྱི་ལམ་བུར་བསྐྱོད་ནས། ད་ཆ་འཛམ་གླིང་ནང་མང་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཞིག་དང་གཅིག་མཚུངས་ཀྱི་གནས་བབས་ཆགས་ཐུབ་པ་བྱུང་ཡོད། ཐའེ་ཝན་མི་དམངས་ཀྱིས་རྒྱུན་དུ་སེམས་འཚབ་བྱེད་དགོས་ས་དེ་རྒྱ་ནག་གི་སྡིགས་ར་དང་གནོན་ཤུགས་ཡིན། རྒྱ་ནག་གཞུང་གིས་ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བསྒྲགས་ནས་ཐའེ་ཝན་གྱི་ཡར་རྒྱས་དང་ཕྱི་འབྲེལ་སྲིད་བྱུས་ལ་གནོན་ཤུགས་དང་དོ་ཕོག་བཟོས་དང་བཟོ་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་ནང་ཐའེ་ཝན་དང་གཞུང་འབྲེལ་བརྒྱུད་ལམ་ཐོག་ནས་འབྲེལ་བ་བཙུགས་པ་ཇེ་ཉུང་དུ་འགྲོ་བཞིན་ཡོད། སྤྱིར་རྒྱལ་སྤྱིའི་ནང་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་བ་ཡོད་མཁན་ད་ལྟའི་ཆར་གླིང་ཕྲན་རྒྱལ་ཁབ་བཅོ་ལྔ་ལས་མི་འདུག ཕྱི་ལོ་ ༢༠༢༤ ལོའི་ཐའེ་ཝན་སྲིད་འཛིན་འོས་བསྡུ་ཆེན་མོའི་རྒྱལ་ཁ་དེ་མང་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་ལེ་ཆིན་ཏི་(赖清德, Lai Ching-te)ལ་ཐོབ་ཡོད་སྟབས། ཉིན་གཉིས་སོང་རྗེས་ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ནའུ་རུ་(Nauru)ཡིས་ཐེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་ལམ་བྱ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད། དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ཡིན་པ་སྲིད་དོན་དབྱེ་ཞིབ་པས་ཚིག་ཐག་བཅད་ནས་བཤད་ཡོད། དེ་ཡང་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་མཐུན་པའི་འོས་མི་ཞིག་ཐའེ་ཝན་གྱི་གཞུང་འཛིན་པར་འོས་འདེམས་བྱས་པ་དེ་ལ་རྒྱ་ནག་གིས་མི་འདོད་པའི་ཆབ་སྲིད་ཀྱི་རྣམ་འགྱུར་དྲག་པོ་སྟོན་གྱི་ཡོད་པའི་དཔེ་མཚོན་ཞིག་རེད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་རྒྱ་ནག་གིས་ཐའེ་ཝན་ལ་འཛིན་པའི་སྲིད་བྱུས། ད་ལྟའི་བོད་དང་ཐའེ་ཝན་གྱི་གནས་བབས་བཅས་ལ་གཞིགས་ན། བོད་དང་ཐའེ་ཝན་བར་རང་གཞན་གཉིས་ཕན་གྱི་ཐབས་ཇུས་ཐོག་ནས་ཐུན་མོང་གི་གཞི་རྟེན་འཚོལ་དགོས་པ་དེ་དུས་ལ་བབ་ཡོད།
༤ བོད་དང་ཐའེ་ཝན་བར་ཐུན་མོང་གཞི་རྟེན་འཚོལ་དགོས་ན། ཕན་ཚུན་བར་ཟུང་འབྲེལ་གྱི་ངོས་ནས་ནུས་ཤུགས་སྟོན་ཐུབ་པ་ག་རེ་ཡོད་པ་དེ་ངོས་འཛིན་བྱ་དགོས། དེ་ཡང་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་ལྟ་དགོངས་དང་མང་གཙོའི་རིན་ཐང་དེ་བཞིན་ཐུན་མོང་གི་གདོང་ལེན་བྱེད་དགོས་ས་ལ་གཅིག་མཐུན་གྱི་བསམ་བློའི་ཐབས་ཇུས་འཁྱེར་ཕྱོགས་ཐོག་གཞི་རྟེན་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན་ལ། ནང་སྒོས་སུ་ཐུན་མོང་གི་ཐབས་ཇུས་ལ་གཞི་བཅོལ་ནས་བོད་དང་ཐའེ་ཝན་གྱི་གཞོན་སྐྱེས་བར་མཐུན་ཕྱོགས་ཀྱི་བསམ་བློའི་རྨང་གཞི་བསྐྲུན་དགོས།
༥ ཕྱི་ལོ་ ༢༠༢༤ ལོའི་ཐའེ་ཝན་གྱི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ལེ་ཆིན་ཏི་ལགས་ནི་ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་བརྟན་པོ་འཛིན་མཁན་ཞིག་ཡིན་པས། བོད་དང་ཐའེ་ཝན་བར་མ་འོངས་པའི་ཆབ་སྲིད་ཀྱི་གནས་བབས་དང་འབྲེལ་ལམ་ཚད་མཐོ་རུ་གཏོང་དགོས་ན། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༤ཉིན་གྱི་སྲིད་འཛིན་དམ་འབུལ་ཞུ་བའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཡང་ན་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་མགྲོན་འབོད་བྱ་རྒྱུ་ནི་མཐུན་ལམ་སོར་ཆུད་དང་ཐུན་མོང་གི་གཞི་རྟེན་འཚོལ་བའི་སྲ་བརྟན་གྱི་རྨང་གཞི་ཡག་ཤོས་དེ་ཡིན་པར་མ་ཟད། རྒྱལ་སྤྱིའི་སྟེང་སྲིད་འཛིན་ཁོང་གི་སྙིང་སྟོབས་དང་གཞུང་གཉིས་ཀྱི་མང་གཙོའི་རིན་ཐང་ཡང་ངོམ་ཐུབ་པར་གདོན་མི་ཟ་བས། དེ་ཡིས་རྒྱ་ནག་དམར་ཤོག་ལ་མང་གཙོའི་ལྟ་གྲུབ་ཀྱི་ལམ་ནས་ཆབ་སྲིད་ཀྱི་བརྡ་ལན་གལ་ཆེན་པོ་ཞིག་སྤྲོད་ཐུབ་ངེས།