དྭང་སློབ་འགོ་འཛིན་ཟུར་པ་ཟླ་བ་ཤོར་ཡཱ་ལྕགས་ར། Dawa Shaurya Chakra
དེ་ཡང་བཀའ་ཟུར་མདོ་སྔགས་བསྟན་འཛིན་ལགས་ཀྱིས་ཤུལ་རིང་མི་ཚེའི་བྱུང་རབས་གནད་བསྡུས་དེབ་ཤོག་གྲངས་ ༢༩༡ ནང་འཁོད་གསལ་ལྟར་ཟུར་འདོན་ཞུས་པ། ༡༩༥༩ ལོར་བཙན་རྒྱལ་རྒྱ་དམར་གུང་ཁྲན་ཇག་ཚོགས་ནས་བོད་ཀྱི་ས་སྡེ་ཡོངས་རྫོགས་ཐོབ་ཐང་སྤུ་ཙམ་མེད་བཞིན་དུ་ཁྲིམས་འགལ་བཙན་འཕྲོག་བྱས་སྟབས། སྤུན་ཟླ་ཁྱོན་ཆེ་ཞིག་ནས་བསྟན་སྲིད་རང་བཙན་སླར་གསོའི་ཆེད་དུ་ཨ་མི་རི་ཀའི་ས་གནས་ཀོ་ལོ་རཱ་ཀྲོ་ཞེས་པར་གསང་བའི་འཇབ་དམག་སྦྱོང་བརྡར་དུ་བསྐྱོད་ཡོད་པ་དང་། དེའི་གྲས་སུ་གཞུང་དམག་རྙིང་པ་དང་། ཡུལ་དམག་བཅས་དོན་དུ་དབུས་གཙང་ཆོལ་ཁའི་ཁོངས་ནས་སྔ་རྗེས་རིམ་པར་མི་གྲངས་ ༡༥༠ ལྷག་ཙམ་ནས་རང་སྲོག་བློས་བཏང་གིས་དྲག་དམག་སྦྱོང་བརྡར་ནང་ཞུགས་ཏེ། མཐར་ཞབས་འདེགས་ཇི་ལྟར་ཞུས་པའི་ལོ་རྒྱུས་རྨ་མེད་གྲངས་ཚན་ཡོད་པའི་ཁོངས་ནས་གུས་པས་འདིར་ཆ་ཤས་ཙམ་ཞིག་ཟུར་འདོན་བྱས་པ། དེ་ཡང་འཇབ་དམག་ལས་དོན་ནང་དངོས་སུ་ཞུགས་མྱོང་ཡོད་པ་བོད་དམག་རྙིང་པ་ཆ་དང་གཟིམ་དམག་བུ་བཟང་ལགས་ད་ལྟ་རྡ་ས་བཞུགས་སྒར་དུ་འཚོ་བཞུགས་ཡོད་མུས་ཀྱི་ཐུགས་རེ་ལྟར། ༢༠༠༡ ཟླ་ ༤ ཚེས་ ༧ ཉིན་ཁོ་རང་གི་དངོས་མྱོང་བྱུང་རིམ་ལོ་རྒྱུས་གསུངས་པ་ཇི་བཞིན་འདིར་འགོད་པར། གུས་ནས་ལོ་རྒྱུས་སྙིང་བསྡུས་གཤམ་དུ་ཟུར་འདོན་ཞུས་པ་ཡིན། ལོ་རྒྱུས་དངོས། བུ་བཟང་ལགས་ནས་གསུངས་དོན། ༡༩༦༠ ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་གཞུང་དམག་རྙིང་པ་དང་། དབུས་གཙང་ཡུལ་དམག་བཅས་ཐོན་ཚོ་སྔོན་མའི་གྲས་སུ་མི་གྲངས་ ༢༠ ཐམ་པ་རྡོར་གླིང་ས་ཨ་རིའི་དམག་སྲིད་མཐུན་གྲོགས་རྒྱལ་ཁབ་བརྒྱད་ཀྱི་ཁོངས་གཏོགས་ཤར་སྤ་ཀི་སི་ཐན། (སྦང་ལ་སྡེ་ཤི།) ནས་བྱང་ཨ་མི་རི་ཀར་གསང་བའི་འཇབ་དམག་སྦྱོང་བརྡར་དུ་གནམ་ཐོག་ནས་བསྐྱོད་པ་ཡིན།
ང་ཚོ་དྭང་སློབ་མི་གྲངས་ ༢༠ ཐམ་པ་དེ་དག་སུ་དང་སུ་ཡིན་བོད་རིགས་སྤུན་ཟླ་རྣམས་ལ་ངོ་སྤྲོད་ཆེད་དུ་འདིར་མིང་སྨྲོས་ཞུ་ན།
༡ ཀ་དང་སྐུ་སྲུང་ལྡིང་དཔོན་བྲོ་སང་། སྐུ་སྲུང་ནས་བགྲེས་ཡོལ་ཕེབས།
༢ ཀ་དང་སྐུ་སྲུང་བྱམས་པ། སྐུ་སྲུང་ཞུ་མུས་རྡ་སར་འདས།
༣ ཀ་དང་སྐུ་སྲུང་དམག་བསྟན་པ། སྐུ་སྲུང་ནས་བགྲེས་ཡོལ་ཕེབས།
༤ ཀ་དང་སྐུ་སྲུང་དམག་བསོད་ནམས་བཀྲིས། སུད་སི་ལན་ཌིར་ཡོད།
༥ ཀ་དང་སྐུ་སྲུང་དམག་འཕྲིན་ལས། རླུང་འཕྲིན་སློབ་ཐོན་གློ་སྒྲིག་ཁོངས་བཏང་།
༦ ཀ་དང་སྐུ་སྲུང་དམག་རྣམ་རྒྱལ། རླུང་འཕྲིན་སློབ་ཐོན་གློ་སྒྲིག་ཁོངས་བཏང་།
༧ ཀ་དང་སྐུ་སྲུང་དམག་ངག་དབང་། ལྕགས་ར་དཔལ་འབར་དུ་གནམ་མཆོང་བརྒྱབས།
༨ ཁ་དང་གྲ་བཞི་ལྡིང་དཔོན་བསྟན་འཛིན། ཨ་ཡེ་ཀྲི་སྤི་དམག་ཁོངས་འདས།
༩ ཁ་དང་གྲ་བཞི་དམག་སྙེ་ཐང་ཆོས་མཛད། ལྕགས་ར་དཔལ་འབར་དུ་གནམ་མཆོང་བརྒྱབས།
༡༠ ཁ་དང་གྲ་བཞི་དམག་རྡོ་རྗེ་ཕུན་ཚོགས། སྨར་ཁམས་སུ་གནམ་མཆོང་བརྒྱབས།
༡༡ ང་དང་རྒྱལ་རྩེ་ལྡིང་དཔོན་རྣམ་རྒྱལ་དབང་འདུས། སྤྱི་འཐུས། བདེ་སྐྱིད་གླིང་དུ་ཡོད།
༡༢ ང་དང་རྒྱལ་རྩེ་དམག་དགྲ་འདུལ། སྨར་ཁམས་སུ་གནམ་མཆོང་བརྒྱབས།
༡༣ ང་དང་རྒྱལ་རྩེ་དམག་བུ་ཕྲུག རྒྱ་གར་གསང་ལས་ནང་ཞུགས།
༡༤ ང་དང་རྒྱལ་རྩེ་དམག་ཕུར་བུ་རྒོད་སྐྱེས། རྒྱ་གར་གསང་ལས་ནང་ཞུགས།
༡༥ ཕྲན་ཆ་དང་དམག་བུ་བཟང། སྨར་ཁམས་སུ་གནམ་མཆོང་བརྒྱབས།
༡༦ ལྷོ་ཁ་རོང་ཆོས་ཉིད་ཡེ་ཤེས། སོག་སྡེར་གནམ་མཆོང་བརྒྱབས།
༡༧ རྒྱལ་རྩེ་བཀྲས་སྡེའི་བཀྲིས། སོག་སྡེར་གནམ་མཆོང་རྗེས་གསང་ཡིབ་བརྩོན་དུ་བསྡད།
༡༨ ཀོང་པོ་བློ་བཟང་རབ་རྒྱས། རྒྱ་གར་གསང་ལས་དང་། དབུས་གཙང་སྤྱི་འཐུས། མེའོ་ཆོས་གླིང་གཞིས་འགོ་ཡིན་མུར་འདས།
༡༩ མདོ་མཁར་བུ་ཕྲུག རྒྱ་གར་གསང་ལས་ནང་ཞུགས།
༢༠ མིང་མ་དྲན།
ཕྲན་རྣམས་དྲག་སྦྱོང་བྱེད་ཡུལ་ཨ་རིའི་ས་གནས་ཀོ་ལོ་རཱ་ཀྲོའམ་གསང་མིང་ལ་ལྡུམ་ར་ཞེས་པར་སྦྱོར་བརྡར་སྤྲད་པའི་སྐད་སྒྱུར་གནང་མཁན་ཇ་ཡུལ་བ་བཀྲིས་ཆོས་དར་དང་། ཇ་ཡུལ་སྨད། གཞིས་རྩེ་འཕྲིན་ལས་དཔལ་འབྱོར། རྒྱལ་རྩེ་ནང་སྒང་བསོད་ནམས། ཨ་འབྲུག་ཚང་ཨ་སྤེན། གཞིས་རྩེ་བཀྲིས་དཔལ་འབྱོར། ད་དུང་རེ་གཉིས་མིང་ཙམ་དྲན་པ་བཅས་ཡིན། ཨ་རིར་དྲག་སྦྱོང་ཁོངས་ནས་ཕྲན་ཚོ་མི་བདུན་གསང་བའི་འཇབ་དམག་སྦྱོང་བརྡར་ཐོན་རྗེས། ༡༩༦༢ ཟླ་ ༣ ཚེས་ ༡༥ ཉིན་གྱི་དགོང་དྲོ་ཉི་མ་ལ་ཁར་མ་བཞུད་ཙམ་ལ་ཤར་སྤ་ཀི་སི་ཐན་ནས་གནམ་གྲུར་ཞུགས་ཏེ། བོད་ཀྱི་མཁའ་ཐོགས་ས་དཔྱད་ཚད་འཛིན་ལྡིང་སྐོར་གང་ཙམ་བརྒྱབས་མཐར་མཚན་མོའི་ཆུ་ཚོད་ ༡༠ ཐོག་མདོ་སྟོད་སྨར་ཁམས་སུ་གནམ་ཐོག་ནས་མཆོངས་བ་ཡིན། སྤྱིར་བཏང་སྒྲིག་འཛུགས་ཀྱི་འགྲོ་སྟངས་ལྟར་སྨར་ཁམས་ཡེ་ཤེས་ཕྲན་གཉིས་འགོ་བྱེད་ལས་འགན་སྤྲོད་ཡོད་ཅིང་། གནམ་ཐོག་ནས་མཆོང་མི་བདུན་པོ་གཤམ་གསལ་རྣམས་ཡིན།
༡ སྨར་ཁམས་ཕུར་པ་དོན་གྱི་བུ་ཡེ་ཤེས་དབང་རྒྱལ།
༢ རླུང་འཕྲིན་དང་སྨན་པའི་འགན་ཁུར་བ་ཕྲན་ཆ་དང་དམག་བུ་བཟང་།
༣ རླུང་འཕྲིན་གཏོང་མཁན་ཁ་དང་གྲྭ་བཞི་དམག་རྡོ་རྗེ་ཕན་ཚོགས།
༤ མེ་མདའ་ཆེ་བ་འཕེན་མི་རྒྱལ་རྩེ་དམག་དགྲ་འདུལ།
༥ རླུང་འཕྲིན་གཏོང་མཁན་ཚ་བ་རོང་བ་ཨོ་རྒྱན་རྡོ་རྗེ།
༦ ལི་ཐང་བློ་བཟང་།
༧ ལི་ཐང་བཀྲིས་རྒྱལ་མཚན་བཅས་ཡིན།
ང་ཚོས་གནམ་མཆོང་རྒྱག་ཡུལ་དམིགས་ཚད་བཟུང་ས་སྨར་ཁམས་ཕུ་པ་དཔོན་ཚང་གི་ཉེ་འཁྲིས་མུ་བདེ་སྤང་ཐང་ཟེར་བའི་ས་ཐོག་ཏུ་གནམ་གྲུ་ནས་མཆོང་ཁུལ་བྱས་པ་ཡིན་ཡང་། སང་ཉིན་ནམ་ལངས་ཏེ་ས་ཁྲར་ལྟ་སྐབས་མཚན་མོ་ས་ཚོད་མ་ཐིག་པར་གོ་འཇོ་དང་སྨར་ཁམས་དགྱེད་ཚོགས་གཉིས་ཀྱི་ས་མཚམས་རྩི་སྲོང་རག་ཁྲི་ཟེར་བའི་མགོར་བབས་འདུག མཆོང་ཡུལ་ས་ཆ་ཏོག་ཙམ་ནོར་བ་དང་། ལི་ཐང་བཀྲིས་རྒྱལ་མཚན་གྱི་ལག་པ་གཡས་པར་བརྡབ་སྐྱོན་ཕྲན་བུ་བྱུང་བ་ལས་དེ་བྱིངས་ཚང་མ་བདེ་ཐང་ཡིན་པ་དང་། ཁོང་རྣམས་སོ་སོར་མེ་མདའ་རིང་ཐུང་གཉིས་རེ་དང་། རླུང་འཕྲིན་བཟའ་ཆས་དགོས་མཁོ་མཉམ་འཁྱེར་གྱིས་དཔའ་ངར་སྙིང་སྟོབས་ལྡན་པའི་ངང་རྒྱ་དམག་ལ་ཕར་རྒོལ་ཤུགས་ཆེན་གྱིས་དགྲ་བོ་རྒྱ་དམར་ཤི་རྨས་མང་པོ་བཏང་བས་ལོ་རྒྱུས་ཧ་ཅང་རིང་པོ་འདུག་ཀྱང་ཡིག་རྫོབ་ལ་ཞེད་ནས་འདིར་བྲིས་མེད། འོན་ཀྱང་སྙིང་བསྡུས་ཤིག་ཞུས་ན། ཡེ་ཤེས་དབང་རྒྱལ་ཕ་རྒན་ཕུ་པ་དཔོན་ཁོང་སྐུ་སྲོག་ཤོར་བ་དང་། གྲགས་པ་བླ་མ་དང་། སྨད་པ་དཔོན་ངོ་མཇལ་གྱིས་གཙོས་པའི་གུང་རྒོལ་དམག་སྐྱར་སེར་བདུན་ཅུ་ཙམ་ཞིག་ཉེ་འཁོར་རི་ལ་བཞུགས་ཡོད་པ་རྣམས་དང་མཇལ་འཕྲད་བྱུང་འདུག་པ་ཕན་ཚུན་མཇལ་འཕྲད་བྱུང་སྐབས་ཤི་གསོན་ཐུག་པ་ལྟར་འཇུ་རེས་འཐམས་རེས་དགའ་མགུ་དཔག་ཏུ་མེད་པ་བྱུང་། དེ་ནས་དགའ་སྤྲོའི་འཛུམ་མདངས་ཀྱི་མུ་ནས་ཁོང་ཚོ་མི་བདུན་ནས་བརྗོད་གསལ། རྒྱ་གར་དུ་རྒྱལ་བ་ཡིད་བཞིན་ནོར་བུ་མཚན་དཔེའི་དཀྱིལ་འཁོར་ལ་ཉེ་ཞོ་མེད་པར་སྐུ་ཁམས་ཟིལ་བ་ཁྲོམ་ཁྲོམ་བཞུགས་ཡོད་ཐོག་རླབས་ཆེན་གྱི་མཛད་འཕྲིན་གོང་འཕེལ་གྱིས་བོད་དོན་འཛམ་གླིང་ཡོངས་ལ་ཁྱབ་པ་དང་། དགོས་སུ་རྡ་རམ་ས་ལ་ཞེས་པའི་ས་གནས་སུ་བོད་གཞུང་གསར་འཛུགས་གནང་ཡོད་པའི་ཐོག རྒྱ་གར་གཞུང་ནས་བཙན་བྱོལ་བ་རྣམས་ལ་དངུལ་དངོས་བཟའ་ཆས་སོགས་ཀྱི་མཐུན་རྐྱེན་རྒྱ་ཆེ་གནང་སྟེ་ས་ཞིང་ཡོད་པའི་གཞིས་ཆགས་དང་། བཟོ་གྲྭ། ལམ་ལས་སོགས་ལ་རང་རང་འདོད་མོས་འཚོ་བའི་རྟེན་གཞི་ཡག་པོ་ཡོད་པ། དེ་བཞིན་ན་གཞོན་བུ་ཕྲུག་རྣམས་ལ་སློབ་གྲྭ་དང་། ༧རྒྱལ་བསྟན་སླར་གསོའི་ཆེད་ཆོས་སྡེ་དགོན་ཁག་མང་པོ་གསར་འཛུགས་ཡོད་ཚུལ་དང་། ལྷག་དོན་དུ་ཆོལ་གསུམ་བོད་མི་མང་པོས་རང་དབང་སླར་གསོའི་ཆེད་དུ་ཨ་མི་རི་ཀར་དྲག་པོའི་སྦྱོང་བརྡར་བྱེད་ཀྱི་ཡོད་པའི་ཁོངས་ནས་ད་ལམ་ང་ཚོ་ཡོང་དོན་སོགས་གསལ་བཤད་རྒྱས་པ་གནང་འདུག
དེ་ནས་བླ་དཔོན་གཉིས་ཅན་ཁོངས་རྣམས་ཀྱིས་གསུངས་དོན། ང་ཚོ་སྨར་ཁམས་ནང་གསེས་ཡུལ་དགོན་གསུམ་ལ་སྐྱ་སེར་དམག་མི་གྲངས་ ༧༠༠ སྐོར་ཡོད་པ་ནས། ༡༩༥༦ ལོ་མཇུག་ནས་ད་ལྟ་བར་གུང་རྒོལ་འཐབ་འཁྲུག་བྱས་ཏེ་ལམ་ཟད་དཔུང་པར་མ་ཐུག་ཙམ་གྱི་གནས་སུ་ཡོད་པའི་ཐོག ད་ལམ་ཁྱེད་རྣམས་ནས་དཀའ་ཉེན་གང་ལའང་འཛེམས་མེད་ང་ཚོར་རྒྱབ་སྐྱོར་དངོས་སུ་གནང་བར་ཕེབས་པ་ནི་ཐུགས་རྗེ་བླ་མེད་དུ་ཆེ། དམིགས་བསལ་གཏམ་བཟང་ཞིག་ལ་རྒྱ་གར་ས་ཐོག་ཏུ་བོད་གཞུང་དགའ་ལྡན་ཕོ་བྲང་སླར་ཡང་གཞི་ཚུགས་པའི་ཐོག བོད་ཁ་བ་གངས་ཅན་པའི་འདི་ཕྱིའི་༧སྐྱབས་གནས་རྒྱལ་བ་རིན་པོ་ཆེ་སྐུ་ཁམས་གསལ་བཞུགས་ཡོད་པ་ནི་ང་ཚོ་བློ་བདེ་སེམས་སྐྱིད་འདི་ལས་ལྷག་པ་ཅི་ཡོད་གསུངས་པ་སོགས་བཟང་ངན་བདེ་སྡུག་བཀའ་མོལ་ཅི་རིགས་ཤིག་ཆུ་ཚོད་ལྔ་ཙམ་རིང་གསུངས་རེས་གནང་བའི་མཐའ་དོན་དུ། ད་ནས་བཟུང་ཕྲན་ཚོ་ཟླ་སྒྲིལ་བྱེད་རྒྱུ་དང་། རང་རེ་རྣམས་ཤི་གསོན་བདེ་སྡུག་གར་ཐུག་མཉམ་མྱོང་བྱེད་རྒྱུ་ཡིན་བརྗོད་པ་དེར་ཕལ་ཆེ་བའི་མིག་ནས་མཆི་མ་འབབ་བཞིན་ཕན་ཚུན་བརྩེ་དུང་དང་། ཡིད་ཆེས་ཆེ་རུ་སོང་གནང་ཚུལ་ཞིག་བྱུང་འདུག དེ་འཕྲལ་སྨར་ཁམས་ཁུལ་གྱི་གནས་སྟངས་ལ་གཞིགས་པས་ཕྲན་ཚོ་དམག་མང་དང་བཅས་པ་བོད་ཀྱི་བྱང་རྒྱུད་ཁུལ་མི་འགྲོ་ཀ་མེད་བྱུང་སྐོར། ༡༩༦༢ ཟླ་ ༤ ཚེས་ ༨ ཉིན་ཨ་རིར་རླུང་འཕྲིན་ཁ་གསལ་བཏང་འདུག དེ་རྗེས་ཕྱི་ཟླ་ ༤ ཚེས་ ༩ ཉིན་བྱང་ཕྱོགས་སུ་འགྲོ་བའི་ལམ་བར་དུ་གློ་བུར་རྒྱ་དམག་ཁྱོན་ཆེ་ཞིག་དང་གདོང་ཐུག་བྱུང་སྟབས་དམག་འཐབ་ཤུགས་ཆེ་བྱེད་དགོས་ཐུག་སྟེ་རང་ཤོག་ནས་གོང་གསལ་གྲྭ་བཞི་དམག་རྡོ་རྗེ་ཕུན་ཚོགས་དང་། སྨར་ཁམས་པའི་དམག་མི་བཅུ་གཉིས་དགྲར་ཤོར་དང་། ཕར་ཡང་དེ་ཉིན་སྔ་ཆར་རྒྱ་དམག་བརྒྱ་དང་ལྔ་བཅུ་ཙམ་ལ་ཤི་རྨས་བཟོས་ཀྱང་ཉིན་གུང་ཡོལ་ཙམ་ལ་རང་རེའི་རྒྱལ་སྲུང་དམག་མི་བྱིངས་ལ་གོ་ལག་སྤུས་དག་མེད་པ་དང་། མདེའུ་འཛད་མེད་འཕེན་པའི་ཆ་རྐྱེན་མེད་པར་ཁོང་ཚོས་ཚོད་འགམ་གྱིས་སྣང་མེད་མཐོང་ཆུང་ངང་མེ་མདའ་འཕེན་བཞིན་མདུན་དུ་རྒྱ་དམག་ཆུ་ལུད་པ་ནང་བཞིན་ཡོང་གིན་འདུག་པའི་སྟེང་ང་ཚོ་གནམ་མཆོང་པ་རྣམས་ནས་ལག་སྦོམ་དང་། མདེའུ་ལྔ་བཅུ་དང་བརྒྱ་ཐམ་པ་རྒྱུག་ཐུབ་པའི་མེ་མདའ་སྦག་སྦག་ཤ་སྟག་རྒྱག་སྐབས་བསད་པ་ལ་རྩིས་གྲངས་མེད་པ་ལྟ་བུ་ཞིག་ཤི་སོང་ཡང་། དམག་མི་ཤི་བར་སེར་སྣ་ཕངས་སེམས་རྩ་བ་ནས་མེད་པར་དམག་དཔོན་གཅིག་ནས་ངར་སྟབས་སུ་ “ཁྲོང་ང་ཁྲོང་ང།” ཟེར་བཞིན་མཆོང་ཡོང་གི་འདུག་པས། དགོང་དྲོ་ཙམ་ལ་མཐོང་ཁྱབ་ས་ཁུལ་ཚང་མར་བརྒྱ་དཔོན་ཁོ་པས་གཙོས་རྒྱ་རོས་ཁེངས་སོང་། དེ་ནས་མུན་རུབ་མཚམས་རེ་ཞིག་དམག་མཚམས་ཆད་དེ་ཕྲན་རྣམས་ལམ་སེང་མཚན་བགྲོད་བྱས་པ་ཡིན། ཚེས་ ༡༥ ཉིན་མལ་གསོ་བཅག་མར་སྡོད་རྒྱུའི་གྲོས་ཁ་བྱས་ཀྱང་ཞོགས་པ་ནམ་ལངས་མཚམས་གཡས་གཡོན་རི་ལྡེབས་དང་མདུན་རི་ཁག་ནས་རྒྱ་དམག་གྲོག་ཚང་བརྡོལ་བ་ལྟར་ཤི་ལྕེབས་ཀྱིས་མཆོང་ཡོང་གི་འདུག་པ་ང་ཚོ་སྡོད་ཡུལ་ས་ཁྱོན་མི་ཆེ་ཡང་གོ་ལག་ཡག་གྲས་ཕྱག་བགོས་ཀྱིས་ས་ཁུངས་བཟུང་སྟེ་འཐབ་འཁྲུག་ནུས་ཤུགས་ཅི་ཡོད་བྱས་པར་ཆུ་ཚོད་ ༡༑ ཙམ་ལ་ངས་གཡས་ཕྱོགས་ལ་ལྟ་སྐབས་ལི་ཐང་བློ་བཟང་དང་། ལི་ཐང་བཀྲིས་རྒྱལ་མཚན་གཉིས་ཀ་མདེའུ་རྩ་རྫོགས་ཀྱིས་ཤི་སྨན་ཟོས་ནས་ཤི་ཚར་འདུག དེ་མཚམས་གྲགས་པ་རིན་པོ་ཆེས་ཀྱང་གསུང་ཤུགས་ཆེན་པོས་ཨ་རོགས་ཤི་སྨན་ཡོད་ན་ང་ལ་གཅིག་སྤྲོད་ཤོག་གསུངས་བྱུང་ཡང་ང་ལ་ཤི་སྨན་གཅིག་རང་མ་གཏོགས་ལྷག་མ་མེད་ཅེས་ཞུས་ཏེ་འབུལ་མ་ཐུབ། དེའི་སྐབས་གཡོན་ཕྱོགས་སུ་གྲགས་པ་བླ་མ་དང་ཡེ་ཤེས་དབང་རྒྱལ། རྒྱབ་ཕྱོགས་སུ་རྒྱལ་རྩེ་དམག་དགྲ་འདུལ་དང་ཚ་བ་རོང་པ་ཨོ་རྒྱན་རྡོ་རྗེ་སོགས་ཡོད་མེད་ལྟ་བར་འགྲོ་བ་ལ་མདེའུ་ཆར་པ་འབབ་པ་ལྟ་བུས་ཁོང་ཅག་ཤི་གསོན་ཇི་ཆགས་མཐོང་རྟོགས་མ་བྱུང་། ངའི་འཁྲིས་སུ་ཡོད་པའི་ཁམས་པ་གསུམ་ཀ་བསད་ཚར་སོང་། དེ་མཚམས་ཉེ་འཁོར་དུ་རྒྱ་དམག་དང་། རང་དམག་ལག་འཛིང་ཕྲན་བུ་ཐུག་སོང་བ་ཕྲན་ནས་རོགས་བྱེད་རྩིས་བྱས་ཀྱང་མདུན་ཕྱོགས་རྒྱ་དམག་ཆུ་ལུད་པ་ལྟ་བུ་མཆོང་ཡོང་མཁན་རྣམས་ལ་མེ་མདའ་མུ་མཐུད་འཕེན་དགོས་པ་དང་། ཁའི་ནང་ཤི་སྨན་བཅུག་སྟེ་མདེའུ་རྫོགས་བཅུག་རྗེས་མ་ཤི་བར་གྲི་འཐབ་བྱེད་དགོས་དྲན་བྱུང་། མེ་མདའ་འཕང་མུར་གློ་བུར་ལྟག་རྒྱབ་ནས་ཐིང་སྒྲ་ཞིག་གྲགས་པའི་སྣང་བ་བཅས་ཤི་སྨན་མིད་པར་སོང་མིན་མ་ཚོར་བར་རང་ཉིད་དྲན་མེད་དུ་སོང་འདུག མཐའ་མ་རྒྱ་དམག་ནས་མེ་མདའི་མཇུག་ཤིང་གཞུས་ཏེ་ཁ་ནང་ཡོད་པའི་ཤི་སྨན་མིད་པ་བཙིར་ནས་བཏོན་ཏེ་འཛིན་བཟུང་བྱས། གང་ལྟར་དེ་ཉིན་ཕུ་པ་ཚང་གི་ཁོངས་གཏོགས་བུ་ལོ་བཅུ་དྲུག་ཙམ་སོན་པ་རྨས་མ་དང་། སྨད་པ་དཔོན་དང་ཕུ་པ་དཔོན་གྱི་བུ་མོ་གཉིས་བཅས་གཞན་རྨས་མ་མི་བཅུ་ལྷག་འཛིན་བཟུང་བྱས་པ་ལས་གཞན་བླ་དཔོན་བཅས་ཚང་མའི་ཚེ་སྲོག་བོད་བསྟན་སྲིད་ཀྱི་དོན་དུ་ཤོར་འདུག དེ་བཞིན་གོང་གསལ་ས་གནས་ནས་མི་མང་པོ་ལྕགས་ར་དཔལ་འབར་དང་། སོག་སྡེར་སོགས་ལ་ཡང་གོང་བཞིན་གནམ་མཆོང་བརྒྱབས་འདུག
རྒྱལ་གཅེས་དཔའ་བོ་ཁོང་རྣམས་ཀྱི་བློས་གཏོང་ལ་བསྔགས་བརྗོད་དང་སླར་སྨོན་པ། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད་གཅེས་པའི་ལུས་སྲོག་ལོངས་སྤྲོད་ཡོངས་བཏང་སྟེ། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།