རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་མགོ་འཛིན་ ༢༥ ལ་ནག་ཉེས་དང་འབྲེལ་བའི་རྒྱ་གར་གྱི་ཁྲིམས་ཡིག་དང་། ཁྲིམས་གཅོད་ལམ་ལུགས། བྱིས་པ་དང་བུད་མེད་ལ་རྒོལ་བའི་ནག་ཉེས་ཁྲིམས་ཡིག་སྐོར་གྱི་ཟབ་སྦྱོང་སྤྲོད་བཞིན་འདུག
དེ་རིང་དང་སང་ཉིན་ཉིན་གྲངས་གཉིས་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་གོ་སྒྲིག་འོག དྷ་ས་ཨིམ་པེ་རེལ་གསོལ་མགྲོན་ཁང་དུ་བོད་མིའི་བྱང་ཤར་ཁུལ་གྱི་ས་གནས་མགོ་འཛིན་ ༢༥ ལ་ནག་ཉེས་དང་འབྲེལ་བའི་རྒྱ་གར་གྱི་ཁྲིམས་ཡིག་དང་། ཁྲིམས་གཅོད་ལམ་ལུགས། བྱིས་པ་དང་བུད་མེད་ལ་རྒོལ་བའི་ནག་ཉེས་ཁྲིམས་ཡིག་སྐོར་གྱི་ཟབ་སྦྱོང་འཚོག་བཞིན་འདུག
དེ་རིང་འདི་གའི་གསར་འགོད་པས་བོད་མིའི་ཁྲིམས་ལུགས་རིག་པ་བའི་སྤྱི་ཁྱབ་དྲུང་ཆེ་དང་ཁྲིམས་རྩོད་པ་བསྟན་འཛིན་སྒྲོལ་དཀར་ལགས་སུ་ཟབ་སྦྱོང་དེ་འཚོགས་པའི་དམིགས་ཡུལ་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར། ཁོང་མོས། ང་ཚོ་ལས་ཀ་བྱེད་བཞིན་པའི་སྐབས་སུ་མི་མང་ལ་གོ་རྟོགས་མེད་པའི་རྐྱེན་གྱིས་དཀའ་ངལ་འཕྲད་གཞིའི་གནས་སྟངས་མང་པོ་ཆགས་ཀྱི་འདུག གཞིས་ཆགས་ནང་ལ་དཀའ་ངལ་བྱུང་བ་ཡིན་ན་ཐོག་མར་ཞུ་ཡུལ་ས་གནས་མགོ་འཛིན་ཆགས་ཀྱི་ཡོད་པར་བརྟེན། ས་གནས་མགོ་འཛིན་ལ་གོ་རྟོགས་མེད་ན་མི་མང་ལ་འགྲོ་སྟངས་དང་འགྲོ་ལུགས་བཤད་ཐུབ་ཀྱི་མེད་པ་རེད། དེར་བརྟེན་ས་གནས་མགོ་འཛིན་རྣམས་ལ་དམིགས་བསལ་གྱིས་ཁྲིམས་དང་འབྲེལ་བའི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་མཐོང་ནས་ཟབ་སྦྱོང་འདི་གོ་སྒྲིག་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
བོད་པའི་སྤྱི་ཚོགས་ནང་བྱིས་པ་དང་བུད་མེད་ལ་རྒོལ་བའི་ནག་ཉེས་ཁྲིམས་ཡིག་སྐོར་ཟབ་སྦྱོང་གནང་རྒྱུའི་གལ་གནད་དང་འབྲེལ་ནས་ཁོང་མོས། ང་ཚོ་བོད་པའི་སྤྱི་ཚོགས་ནང་བུད་མེད་དང་བྱིས་པ་ལ་རྩུབ་སྤྱོད་རིགས་བྱུང་གི་ཡོད་པ་རེད། མི་དེ་ཚོས་དེ་དང་འབྲེལ་བའི་སྐད་ཆ་བཤད་པར་དགག་པ་རྒྱག་གི་ཡོད་པ་རེད། དེར་བརྟེན་ང་ཚོས་དེའི་སྐོར་ལ་གང་མང་མང་བཤད་ཐུབ་ན་ཡག་པོ་འདུག་བསམ་ནས་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཡིན། ཟབ་སྦྱོང་འདིའི་ནང་བུད་མེད་དང་བྱིས་པར་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་དོན་ནི། ནག་ཉེས་དེ་དག་བྱུང་དུས་སོ་སོས་ངོས་འཛིན་བྱེད་མི་ཐུབ་པ་དང་། དེ་དག་ཁྲིམས་འགལ་ཡིན་མིན་ཧ་གོ་ཡི་མེད་པར་བརྟེན། ཁྲིམས་ཡིག་གཞིར་བཟུང་དེ་དག་ནག་ཉེས་ཆགས་ཀྱི་ཡོད་པས་དེ་དག་གི་གོ་རྟོགས་ཡོད་ན་ངོས་འཛིན་བྱེད་པར་ཕན་ཐོགས་ཡོད་བསམ་གྱི་འདུག ཅེས་བརྗོད་བྱུང་།
གཞིས་ཆགས་ཁག་ཏུ་བུད་མེད་ལ་བཙན་གཡེམ་གྱི་གནད་དོན་དང་འབྲེལ་ནས་ཁྲིམས་རྩོད་པ་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས། གཞིས་ཆགས་ཁག་ཏུ་བུད་མེད་དང་བྱིས་པ་ལ་བཙན་གཡེམ་སོགས་བྱུང་བ་ཡིན་ན། གཞིས་ཆགས་ནང་ཁུལ་དུ་མནན་བཞག་པ་དེ་ཁྲིམས་དང་འགལ་གྱི་ཡོད། རྒྱ་གར་གྱི་བྱིས་པའི་ཁྲིམས་ཡིག་(POCSO) ཁྲིམས་གཞིར་བཟུང་། ཕྲུ་གུར་རྩུབ་སྤྱོད་རིགས་བྱུང་བ་ཡིན་ན་ཕྲུ་གུས་ཁྲིམས་གཏུགས་མ་བྱས་ཀྱང་། མི་སུ་ཞིག་གིས་ཤེས་རྟོགས་ཐུབ་ན་དེས་ཁྲིམས་གཏུགས་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། གལ་སྲིད་མི་དེས་ཕྲུ་གུ་ཞིག་ལ་རྩུབ་སྤྱོད་ཀྱི་ཉེས་དོན་བྱུང་གི་ཡོད་པ་ཤེས་རྟོགས་ཡོད་ཀྱང་ཁྲིམས་གཏུགས་མ་བྱས་པ་ཡིན་ན། མི་དེ་ལ་ཟླ་དྲུག་གི་ཉེས་ཆད་ཕོག་པ་དང་། ས་གནས་མགོ་འཛིན་དང་། སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་སོགས་ཀྱིས་ཁྲིམས་གཏུགས་མ་བྱས་པ་ཡིན་ན་ལོ་གཅིག་གི་ཁྲིམས་ཆད་ཕོག་གི་ཡོད། བྱིས་པ་དང་བུད་མེད་ལ་བཙན་གཡེམ་སོགས་ནག་ཉེས་རིགས་བྱུང་བའི་སྐབས། ཕ་མ་དང་སྤུན་མཆེད་ཀྱིས་རྒྱབ་སྐྱོར་བྱེད་དགོས་པ་དང་། དེས་བུད་མེད་དང་བྱིས་པའི་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཡོང་གི་རེད། ཅེས་བརྗོད་བྱུང་།
ཐེངས་འདིའི་ཟབ་སྦྱོང་ནང་བྱང་ཤར་ཁུལ་གྱི་ས་གནས་མགོ་འཛིན་ ༢༥ མཉམ་ཞུགས་བྱས་ཡོད། ད་བར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་ཟབ་སྦྱོང་ཕུལ་ཟིན་ཞིང་། ད་ལན་གྱི་ཟབ་སྦྱོང་དེ་ནི་ས་གནས་མགོ་འཛིན་རྣམས་ལ་ཟབ་སྦྱོང་སྤྲོད་ཐེངས་གསུམ་པ་ཆགས་ཀྱི་ཡོད་འདུག་པ་མ་ཟད། ས་གནས་མགོ་འཛིན་རྣམས་ཀྱིས་ཀྱང་ཁྲིམས་ལུགས་སྐོར་གྱི་ཟབ་སྦྱོང་དེས་ཕན་ཐོགས་ཆེན་པོ་བྱུང་བའི་ངོས་འཛིན་གནང་གི་ཡོད་པར་བརྟེན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་མུ་མཐུད་དུ་ས་གནས་མགོ་འཛིན་རྣམས་ལ་ཟབ་སྦྱོང་སྤྲོད་རྒྱུའི་འཆར་གཞི་འདུག
ཕྱི་ལོ་ ༢༠༠༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་པའི་སྤྱི་ཚོགས་ནང་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དགོས་རྒྱུའི་གལ་གནད་ཤིན་ཏུ་ཆེ་བའི་བཀའ་བསྩལ་བ་ལྟར། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་ཁྲིམས་རྩོད་པ་དང་ཁྲིམས་ལུགས་ཀྱི་སློབ་སྦྱོང་བྱེད་མཁན་མི་གྲངས་ ༤༡ གིས་ཚོགས་འདུ་འཚོགས་ཏེ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དབུ་འཛུགས་དང་། ཕྱི་ལོ་ ༢༠༡༦ ལོར་དངོས་སུ་གསར་འཛུགས་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཆགས། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རྣམས་ལ་རིན་མེད་དང་རིན་པ་ཆུང་བའི་ཐོག་ནས་ཁྲིམས་ལུགས་བརྒྱུད་རོགས་རམ་དང་ལམ་སྟོན་གནང་རྒྱུ་དང་། བོད་པའི་སྤྱི་ཚོགས་ནང་ཁྲིམས་ལུགས་ཀྱི་གོ་རྟོགས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་སོགས་རེད་འདུག ཕྱི་ལོ་ ༢༠༡༦ ནས་ད་བར་བོད་མི་ ༣༠༠༠ ལྷག་ལ་ཁྲིམས་ལུགས་བརྒྱུད་ནས་རོགས་རམ་བྱས་ཡོད་འདུག་ལ། བོད་པའི་སྤྱི་ཚོགས་ནང་ཁྲིམས་ལུགས་ཀྱི་གོ་རྟོགས་སླད་བརྙན་ཐུང་བཟོ་རྒྱུ་དང་། སློབ་གྲྭ་དང་། གཞིས་ཆགས། དགོན་སྡེ་ཁག་སོགས་ལ་ཟབ་སྦྱོང་སྤྲད་དང་སྤྲོད་མུས་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།