བོད་ཀྱི་གངས་ཤུད་ལུས་རྩལ་པ་བཀྲ་ཤིས་དགེ་འདུན་དང་བཀྲ་ཤིས་བསྟན་སྒྲོལ་གཉིས་ལ་གསེར་གྱི་རྟགས་མ་ཐོབ་འདུག
ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༧ བར་ཉིན་ལྔའི་རིང་རྒྱ་ནག་ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་གྱི་པེ་ཏ་མཚེའུ་རྒྱུད་དུ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་གངས་ཤུད་འགྲན་སྡུར་འཚོགས་ཡོད་ཅིང་། ཐེངས་འདིའི་གངས་ཤུད་འགྲན་ཚོགས་ཐོག་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཡོང་བའི་གངས་ཤུད་ལུས་རྩལ་པ་ ༢༠༠ ཙམ་འགྲན་ཞུགས་བྱས་ཡོད་པའི་ཁྲོད། བོད་པའི་ལུས་རྩལ་པ་བཀྲ་ཤིས་དགེ་འདུན་ལ་སྐྱེས་པའི་ཚོགས་ཆུང་གི་སྤྱི་ལེ་གསུམ་གྱི་འགྲན་རྒྱུག་ལས་སྐར་མ་ ༢༦ དང་སྐར་ཆ་ ༥༣ ། གྲངས་ཆུང་ ༧༦ ཀྱི་གྲུབ་འབྲས་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། བོད་པའི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ་ལ་བུད་མེད་ཚོགས་ཆུང་གི་འགྲན་རྒྱུག་ལས་སྐར་མ་ ༣༢ དང་སྐར་ཆ་༡༨ གྲངས་ཆུང་ ༣༠ བླངས་ཏེ་གསེར་གྱིི་རྟགས་མ་ཐོབ་ཡོད་འདུག དེ་བཞིན་བོད་པའི་ལུས་རྩལ་པ་ཚེ་དབང་རྡོ་རྗེ་དང་དབྱངས་ཚེ་གཉིས་ལ་སྐྱེས་པའི་ཚོགས་ཆུང་གི་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ་ཡོད་པ་དང་། བསྟན་འཛིན་ཆོས་འཕེལ་དང་འཇམ་དབྱངས་བློ་གྲོས་ལ་ཨང་བཞི་པ་དང་ཨང་ལྔ་པ་བཅས་ཐོབ་ཡོད་འདུག
སྐབས་དེར་བོད་ཀྱི་ལུས་རྩལ་པ་བཀྲ་ཤིས་དགེ་འདུན་གྱིས། ཐེངས་འདིའི་ལུས་རྩལ་གྱི་འགྲན་སྡུར་བརྒྱུད་དེ་ངས་མུ་མཐུད་ནས་ལུས་རྩལ་འགྲན་ཚོགས་སུ་མཉམ་ཞུགས་བྱས་ཏེ་ལུས་རྩལ་གྱི་གྲུབ་འབྲས་ཚད་མཐོ་བོ་ལེན་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་འདུག་ལ། བོད་པའི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ་གྱིས། ཐེངས་འདིའི་འགྲན་སྡུར་ནང་འབད་བརྩོན་བྱས་མཐར་ལུས་རྩལ་པ་རེ་རེ་བཞིན་རྒྱབ་ཏུ་བསྐྱུར་ཐུབ་ཡོད་སྐོར་བརྗོད་འདུག
རང་ལོ་ ༡༧ ཡིན་པའི་བོད་ཀྱི་ལུས་རྩལ་པ་བཀྲ་ཤིས་དགེ་འདུན་ནི་བོད་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ནས་ཡིན་ཞིང་། ད་ལྟ་བོད་ལྗོངས་མི་རིགས་སློབ་ཆེན་ཟེར་བའི་ནང་ལོ་རིམ་གཉིས་པའི་སློབ་སྦྱོང་བྱེད་བཞིན་ཡོད་འདུག བོད་ལྗོངས་གངས་ཤུད་ལུས་རྩལ་རུ་ཁག་ཟེར་བའི་ལུས་རྩལ་པ་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ནས་བཟུང་དཔལ་འབར་རྫོང་ལྟེ་གནས་སློབ་ཆུང་ནས་ཆབ་མདོ་གྲོང་ཁྱེར་ལུས་རྩལ་སློབ་གྲྭར་བདམས་ཐོན་བྱུང་འདུག ཕྱི་ལོ་ ༢༠༡༧ ལོར་ལྷ་ས་གྲོང་ཁྱེར་ལུས་རྩལ་ལག་རྩལ་སློབ་གྲྭར་ཞུགས། ཕྱི་ལོ་ ༢༠༢༣ ལོར་བོད་ལྗོངས་གངས་ཤུད་རུ་ཁག་ཟེར་བའི་ནང་བདམས་ཐོན་བྱུང་སྟེ། རྒྱ་ནག་རྒྱལ་ཡོངས་ཀྱི་འགྲན་ཚོགས་ཁག་ཏུ་ཐེངས་མང་པོ་འགྲན་ཞུགས་བྱས་ཡོད་འདུག
དེ་བཞིན་བོད་ཀྱི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ་ནི་ཕྱི་ལོ་ ༢༠༡༤ ལོར་བོད་ལྗོངས་ལུས་རྩལ་སློབ་གྲྭ་ཟེར་བར་འཛུལ་ཞུགས་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༡༧ ལོ་ནས་རི་འཛེགས་གངས་ཤུད་ལུས་རྩལ་ཐོག་སློབ་སྦྱོང་བྱེད་མགོ་བཙུགས། ཕྱི་ལོ་ ༢༠༢༡ ལོ་ནས་རི་འཛེགས་གངས་ཤུད་ཀྱི་ལས་འགུལ་ནང་འགྲན་ཞུགས་ཀྱིས་གྲུབ་འབྲས་ཡག་པོ་བླངས། ཕྱི་ལོ་ ༢༠༢༣ ལོར་བོད་ལྗོངས་མི་རིགས་སློབ་ཆེན་ཟེར་བའི་ལུས་རྩལ་སྡེ་ཚན་གྱི་ལུས་རྩལ་དགེ་འོས་ཆེད་སྦྱོང་བྱས། ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་དགུན་ཁའི་གངས་ཤུད་འགྲན་སྡུར་ཐོག་བུད་མེད་ཀྱི་ཨང་གཉིས་པ་དང་། འདི་ལོའི་ཟླ་ ༢ ནང་རྒྱལ་ཡོངས་དགུན་དུས་གངས་ཤུད་འགྲན་ཚོགས་སྐབས་བཅུ་བཞི་བའི་ཐོག་ཁོང་མོ་དང་སྐལ་བཟང་རྣམ་རྒྱལ་གཉིས་ལ་གསེར་གྱི་རྟགས་མ་ཐོབ། དེ་བཞིན་ཕྱི་ལོ་ ༢༠༢༤ ལོའི་ཨེ་ཤ་ཡ་རི་འཛེགས་གངས་ཤུད་འགྲན་ཚོགས་ཐོག་མཉམ་ཞུགས་བྱས་ཏེ་ཨང་བཞི་བ་ཐོབ་ཡོད་འདུག
རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༧ བར་བོད་ཀྱི་ལུས་རྩལ་པ་ཁག་ཅིག་ལམ་ཐག་ཐུང་བ་དང་། མཉམ་བསྲེས་རྒྱུག་འགྲན། མི་སྒེར་གྱི་རྒྱང་རྒྱུག་སོགས་ཀྱི་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།