ལ་དྭགས་དང་རྟ་དབང་གི་གནད་ཡོད་མི་སྣ་ཁག་ལ་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༡ ཉིན་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་དབུས་པའི་ལ་དྭགས་རི་ལྗོངས་ཡར་རྒྱལ་ལྷན་ཚོགས་ཀྱི་སྡེ་དཔོན་ཁག་ཅིག་དང་། དེ་བཞིན་ལྡུམ་ར་བསམ་གཏན་གླིང་དགོན་པའི་སྐུ་ཚབ་དང་ནང་པ་ཚོགས་འདུའི་སྐུ་ཚབ་གཅིག་བཅས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་ཕྱི་ལོ་ ༢༠༢༤ ལོའི་དབྱར་ཁར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ལྡུམ་རྭ་དང་གླེ་རུ་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། ༧མགོན་པོ་གང་ཉིད་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་བཀའ་བཞེས་བཟང་པོ་སྩལ་གནང་མཛད་ཡོད། ཕྱི་ཟླ་ ༣ ཚེས་ ༡༣ ཉིན་རྟ་དབང་དགའ་ལྡན་ལྷ་རྩེ་རྣམ་རྒྱལ་དགོན་པའི་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་ཚབ་མི་སྣ་ཁག་ཅིག་ནས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་འབྲེལ། ༧གོང་ས་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བཀྲིན་མཛད་རྒྱུའི་གསོལ་འདེབས་ཞུས་པར་༧མགོན་པོ་གང་ཉིད་མཆོག་གིས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད།
ཨ་རིའི་སྤྱི་འབངས་ཐོབ་ཐང་རྩོད་ལེན་པ་དང་དབུ་ཁྲིད་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་མཆོག་གི་ནང་མིར་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ཉིན་ཨ་རིའི་སྤྱི་འབངས་ཐོབ་ཐང་རྩོད་ལེན་པ་དང་དབུ་ཁྲིད་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་ (Dr Martin Luther King) མཆོག་གི་བུ་དང་ནང་མི་རྣམས་ཀྱིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་འགྲོ་བ་མི་ཐེར་འབུམ་བདུན་ནས་བརྒྱད་བར་ཡོད་པའི་མི་ཚང་མ་གཅིག་མཚུངས་ཡིན་སྟབས། ང་ཚོ་ཚང་མས་མི་སྒེར་གྱི་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས།
རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཀང་གྷ་ནཱར་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༥ ཉིན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀང་གྷ་ནཱ་ (Kangana Ranaut) དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རྗེ་རམ་ (Jai Ram Thakur) མཆོག་རྣམ་གཉིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁ་གྲུབ་རྗེས་ཀང་གྷ་ནཱའི་སྒེར་གྱི་ཨིན་སི་ཌ་ར་གྷ་རམ་ (Instagram) སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དངོས་སུ་མཇལ་བཅར་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་འབྲེལ། ཉིན་མོ་དེ་ནི་རང་ཉིད་ཀྱི་མི་ཚེ་ནང་ཆེས་ཁྱད་པར་ཅན་གྱི་དུས་ཚེས་ཤིག་ཡིན། ཞེས་སྤེལ་ཡོད། ཕྱི་ཟླ་ ༥ ཚེས་ ༢༩ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་བལ་མཐའ་མཚམས་ཀྱི་སྦས་ཡུལ་རོལ་བ་གླིང་གི་དད་ལྡན་པ་མི་མང་ཉི་ཤུ་ལྷག་གིས་༸གོང་ས་རྒྱལ་བ་རིན་པོ་མཆོག་ལ་མཇལ་ཁ་ཞུས་སོང་། སྦས་ཡུལ་རོལ་བ་གླིང་ནི་བོད་དང་ཁ་ཐག་ཆེས་ཉེ་བའི་ས་མཚམས་ཏེ་གངས་རི་གཅིག་གི་ཕབ་རྒྱབ་ཚུར་རྒྱབ་ཡིན་འདུག ཉེ་སྔོན་བོད་བལ་ས་མཚམས་ཁག་ནས་དད་ལྡན་སེར་སྐྱ་མི་མང་ཚོགས་ཆུང་བྱས་ནས་བཞུགས་སྒར་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུ་རུ་ཡོང་གི་ཡོད་པ་ལྟར། དེ་ལན་མཇལ་བཅར་ཚོགས་ཆུང་གསུམ་པ་དེ་ཡིན་འདུག
རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གྲགས་ཅན་ཤཱ་ཤི་ཐ་རུར་ལགས་སུ་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༣༠ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་ (Congress) གྲོས་ཚོགས་འཐུས་མི་དང་རྩོམ་པ་པོ་གྲགས་ཅན་ཤཱ་ཤི་ཐ་རུར་ (Shashi Tharoor) ལགས་ཀྱིས་་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུའང་མཇལ་མོལ་གནང་ཡོད་འདུག
ཨ་རིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་གནང་།
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཞུགས་སྒར་ཕོ་བྲང་དུ་མཇལ་འཕྲད་ཞུས་པ་དང་བསྟུན། ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སྤྱན་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། ངོས་རང་དེ་སྔ་མའོ་ཙེ་ཏུང་དང་མཇལ་འཕྲད་སྐབས་སུ་མའོ་ཡིས་ཆོས་དུག་རེད་ཅེས་བརྗོད་བྱུང་། དེ་ནི་ཁོ་རང་རྨོངས་པའི་དབང་གིས་རེད། གལ་སྲིད་ཁོ་ད་ལྟ་གསོན་པོར་ཡོད་པ་དང་། ཆོས་ལ་སློབ་གཉེར་ཅུང་ཙམ་བྱས་ཡོད་ཚེ་ཁོང་ནང་པ་ཆགས་ཀྱི་རེད། ཆབ་སྲིད་ཀྱི་ཆ་ནས་ང་ཚོའི་རྒྱལ་ཁབ་ཤོར་ཡོད་ཀྱང་། ང་ཚོ་བོད་པས་ལོ་སྟོང་ཕྲག་གོང་གི་ཆོས་ལུགས་རྒྱུན་འཛིན་བྱས་ཡོད་ཅིང་། དེའི་བསམ་བློ་གཏོང་སྟངས་ནི་ཚན་རིག་དང་མཐུན་པ་ཞིག་ཆགས་ཀྱི་ཡོད། ཆབ་སྲིད་ཀྱི་ཆ་ནས་ངོས་རང་རྒྱ་གར་ལུང་པར་བསྡད་ཡོད། སངས་རྒྱས་ཀྱང་འདིར་བྱོན་པ་རེད། ངོས་རང་ནང་པའི་མཁས་པ་ཆུང་ཆུང་ཞིག་ཆགས་ཀྱི་ཡོད་ལ། གཞན་ལ་ཕན་སེམས་བྱེད་པའི་གཞན་ཕན་གྱི་བསམ་བློ་ཉམས་ལེན་བྱེད་ཀྱི་ཡོད། ང་ཚོས་ཆོས་ལུགས་གང་ཡིན་ལ་ཁྱད་པར་མེད་པར་འཛམ་བུའི་གླིང་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་དགོས། ཞེས་གསུངས། སྐུ་ཚབ་ཚོགས་ཚོགས་ཆུང་དེའི་ཁོངས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མ་ཧི་ཀལ་མེག་ཀོལ་ (Michael McCaul) མཆོག་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་། གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་གྷེ་རེ་གོ་རི་མིག་ (Gregory Meeks) མཆོག གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་ཇིམ་མེག་གྷོ་ཧན་ (Jim McGovern) མཆོག གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ནང་གསེས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཚོགས་ཆུང་གིས་ཚོགས་གཞོན་སྐུ་ཞབས་ཨ་མི་བྷེ་ར་ (Ami Bera) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་རིཡ་ནེ་ཊི་མི་ལར་མིག་ (Mariannette Miller-Meeks) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཀོལ་མ་ལིའོ་ཏ་ཀིས་ (Nicole Malliotakis) མཆོག་བཅས་ཡོད།
ཨ་རིའི་གཞུང་གི་སྐུ་ཚབ་མི་སྣར་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༡ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐབས་བདུན་པ་ལྕམ་ཨུ་ཛི་ར་ཛེ་ཡ་ (Uzra Zeya ) ལགས་ཆེད་དུ་རྒྱལ་ས་ཝ་ཤིན་ཊོན་ནས་ནེའུ་ཡོག་གྲོང་ཁྱེར་དུ་ཆེད་ཕེབས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་ཅིང་། སྐབས་དེར་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ལྕམ་སྐུ་ཀེ་ལི་ ( Kelly Razzouk) ལགས་ལྷན་བཅར་ཞུས་ཡོད་ལ། ལྕམ་ཨུ་ཛི་ར་ཡ་ལགས་ཀྱིས། ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་གི་ཚབ་བྱས་ཏེ། ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དྭངས་གསལ་ཡོང་བའི་སྨོན་འདུན་ཞུས་པ་དང་ཆབས་ཅིག ཨ་རིས་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་སྐད་ཡིག རིག་གཞུང་། ཆོས་ལུགས་བཅས་ཉར་ཚགས་སྲུང་སྐྱོབ་དང་གོང་མཐོར་གཏོང་བའི་དམ་འདུན་ལ་འགྱུར་བ་མེད་པར་བརྟན་པོ་གནས་ཡོད་པ་ནན་བཤད་གནང་ཞིང་། ༧གོང་ས་མཆོག་དང་། ༧མགོན་པོ་གང་ཉིད་ཀྱི་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྲོས་མོལ་བསྐྱར་མཐུད་ཡོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་ནས་གླེང་མོལ་གནང་འདུག ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས། ཨ་རིའི་ཆེས་མཐོའི་མི་སྣ་ཁག་གིས་༧མགོན་པོ་གང་ཉིད་ལ་མཇལ་བཅར་ཞུས་པར་མཐའ་གཅིག་ཏུ་དགག་པ་དང་། ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་གཏན་ནས་བྱ་མི་ཉན་ལུགས་བཤད།
༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་མཇལ་ཁ་བསྩལ།
ཕྱི་ལོ ༢༠༢༤ ཟླ་ ༨ ཚེས་ ༢༨ ཉིན་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཞུས་པའི་སྐོར་གྱི་གསུང་འཕྲིན་ཞིག་བསྩལ་ཞིང་། གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་འདིར་ཐུགས་ལ་ཅི་བཞེད་པའི་དགོངས་པ་མཐའ་དག་འཕྲལ་དང་མྱུར་དུ་སྒྲུབ་དགོས་པ་ལས་ཕྱིར་བཤོལ་དང་ལྷོད་གཡེང་བྱེད་པའི་དུས་ཚོད་མེད་པ་ཐུགས་ནན་གྱིས་གསུངས་ཡོད།
རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ལ་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༤ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཧྥི་ལི་པིན་སིའི་རོ་མན་མོན་མཱག་སི་སི་གཟེངས་རྟགས་ (Ramon Magsaysay Award) ཀྱི་ཐེབས་རྩ་ཁང་གི་འགན་འཛིན་ལྷན་ཚོགས་དང་། གཟེངས་རྟགས་དེ་བཞེས་མྱོང་མཁན་སོགས་ཀྱིས་ཐེབས་རྩ་ཁང་དེ་བཙུགས་ནས་ལོ་ངོ་ ༦༥ འཁོར་བའི་དུས་དྲན་སྲུང་གཙི་དང་སྦྲགས། གླེགས་བམ་བདུན་ཅན་གྱི་དཔེ་དེབ་དབུ་འབྱེད་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་འདུག་ལ། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་འཚེ་བ་མེད་པའི་ལྟ་གྲུབ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་བཀའ་སློབ་བསྩལ་ཞིང་། ཧྥི་ལི་པིན་སི་ཡི་རོ་མན་མོན་མཱག་སི་སི་ཐེབས་རྩ་ཁང་གིས་འཛམ་གླིང་ནང་རླབས་ཆེན་གྱི་མཛད་རྗེས་འཇོག་མཁན་རྣམས་ལ་ཕུལ་སྲོལ་ཡོད་པའི་རོ་མན་མོན་མཱག་སི་སི་གཟེངས་རྟགས་དེ་ ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་ཡོད།
འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་གྲྭ་བཙུན་ ༧༠ ལྷག་ལ་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གཙོས་པའི་ནང་པའི་གྲྭ་བཙུན་ ༧༠ ལྷག་ལ་མཇལ་ཁ་དང་འབྲེལ་ནས་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་མཛད། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་བྱས་ཏེ། ང་ཚོ་བཙན་བྱོལ་བ་ཆགས་པ་རེད། ཕྱོགས་གཅིག་ནས་བལྟས་ཚེ་སྐྱབས་མེད་མགོན་མེད་ཆགས་ཡོད་ཀྱང་། ཕྱོགས་གཞན་ནས་བལྟས་ཚེ་རང་དབང་ལྡན་པའི་ཐོག་ནས་སྟོན་པའི་ཞབས་འདེགས་སྒྲུབ་མཁན་ཆགས་ཡོད་པས། ང་ཚོ་བསོད་ནམས་ཆེན་པོ་རེད། ད་ལྟ་བར་དུ་ཚང་མས་ཧུར་ཐག་བྱས་སོང་། ད་དུང་ཡང་ཧུར་ཐག་བྱ་རྒྱུ་གལ་ཆེན་པོ་རེད། ཆོས་ཞེས་པ་ནི་ཁ་དང་ཚིག་ཙམ་མིན་པར་ལག་ལེན་དང་ཉམས་ལེན་གྱི་ཐོག་ནས་བྱེད་ཐུབ་ཚེ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཀྱི་རེད། ཅེས་གསུངས།
བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྣམས་ལ་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་བའི་དུས་དྲན་དང་བསྟུན། བོད་ཀྱི་དཔེ་མཛོད་ཁང་གི་དབུ་ལས་ཡོངས་ལ་མཇལ་ཁ་གནང་སྐབས། ངོས་ལ་ཡིད་ཆེས་དང་དགའ་མོས་བྱེད་མཁན་བོད་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་གཙོས་མི་རིགས་ཚང་མས་དགའ་བོ་བྱེད་ཀྱི་འདུག ངོས་ལ་ཆ་མཚོན་ན་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། དེ་ནས་ལྷག་པའི་ལྷ་ཡི་རྣལ་འབྱོར་ཉིན་ལྟར་བྱེད་བཞིན་ཡོད། དེ་ཡི་ལག་རྗེས་ལྟ་བུ་ནི་དགེ་སློང་སེར་པོ་ཞིག་གིས་བསླབ་པ་གསུམ་གྱི་ཉམས་ལེན་དང་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཉམས་ལེན་བྱས་ཏེ་དངོས་གནས་ཉམས་ལེན་རྡོ་རུས་ཐུག་པ་ཞིག་ཕལ་ཆེར་ཡིན། ཡག་ཐག་ཆོད་ཡོད། དེ་ཡིན་བློ་བདེ་པོར་བཞུགས་ཞེས་བཀའ་སློབ་བསྩལ།
ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ཧྥོ་རེ་སི་ཊུ་ལགས་སུ་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢ ཉིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ཧྥོ་རེ་སི་ཊུ་ (Forest Whitaker) ལགས་ཀྱིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། སྐབས་དེར་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་བཏབ་ཡོད་སྐོར་སོགས་བརྗོད་ཡོད་ལ། མཇལ་ཁ་གྲུབ་མཚམས་ཁོང་དང་ཁོང་གི་བུ་མོས་གངས་ཅན་སྐྱིད་གཤོངས་སུ་བོད་ཀྱི་འགྲེམས་སྟོན་ཁང་སོགས་སུ་ལྟ་སྐོར་གནང་འདུག
རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་བརྒྱ་ཕྲག་ལ་མཇལ་ཁ་བསྩལ།
ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་གྲངས་ ༡༠༧ ལ་མཇལ་ཁ་དང་བཀའ་སློབ་གནང་སྐབས། ལམ་རིམ་སྐབས་ཀྱི་སྐྱེས་བུ་གསུམ་གྱི་ལམ་གྱི་འགྲོ་སྟངས་སོ་སོའི་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱེད་ཐུབ་ཚེ་མི་ལུས་ཐོབ་པའི་གོ་ཆོད་པ་རེད་ཅེས་གསུངས། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་ཁོངས་གཏོགས་བྱེས་ཀྱི་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོ་དགོན་དུ། སེར་ར་བྱེས་སྨད་གཉིས་ཀྱི་གནས་བརྟན་བགྲེས་པ་རྣམས་དང་། སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་གཉིས། མོན་གྷོ་ཌི། ཧོང་སོར། ཀོ་ལི་གྷལ་སོགས་ནས་ཕེབས་པའི་དགུང་གྲངས་ ༨༠ ཡན་གྱི་བོད་མི་བགྲེས་སོང་ ༤༠༠ ལྷག་ལ་མཇལ་ཁ་བསྩལ།
༧གོང་ས་མཆོག་ནས་ལྷོ་ཕྱོགས་སུ་དད་ལྡན་པ་ ༨༠༢༡ ལ་མཇལ་ཁ་བསྩལ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ནས་ཟླ་ ༢ ཚེས་ ༡༥ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་དང་བདེ་སླར། མོན་གྷོ་འདོད་རྒུ་གླིང་། ཧུན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་བཅས་བོད་མིའི་གཞིས་ཆགས་ཁག་ལྔའི་དགུང་ལོ་ ༦༠ ཡན་གྱི་གཞིས་མི་རྣམས་དང་། གཞན་ས་ཁུལ་ཁག་ནས་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད། རྒྱ་གར་བ་དང་། ཕྱི་རྒྱལ་བ་བཅས་ཀྱི་མི་མང་གྲངས་ཁྱོན་ ༨༠༢༡ ལ་མཇལ་ཁ་བསྩལ་ཡོད་ཅིང་། མཇལ་ཞུ་བའི་ཁྲོད་དགུང་གྲངས་ ༡༠༠ ཡན་སོན་པའི་མི་ ༥ དང་། དགུང་ལོ་ ༨༠ ནས་ ༩༩ བར་གྱི་མི་གྲངས་ ༩༩༣། དགུང་ལོ་ ༧༠ ནས་ ༧༩ བར་གྱི་མི་གྲངས་ ༦༠༦། དགུང་ལོ་ ༦༠ ནས་ ༦༩ བར་གྱི་མི་གྲངས་ ༡༣༢༢། ནད་པ་དང་དམིགས་བསལ་དགོས་མཁོ་ཅན་གྱི་མི་གྲངས་ ༣༡༤ དང་ནད་གཡོག་མི་གྲངས་ ༦༠༩ བཅས་ཡོད་འདུག
གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།