རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་ཤོས་གསུམ་པ་སྟེ། རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཀྲའོ་ལི་ཇི་ཚོགས་ཆེན་གཉིས་ཀྱི་མཇུག་ཏུ་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་སྐབས་བཅུ་བཞི་བའི་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་དང་སྲིད་གྲོས་ཀྱི་ཚོགས་ཆེན་ཐེངས་གསུམ་པ་མཇུག་བསྡུ་ལ་ཉེ་བའི་སྐབས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༠ དང་ ༡༡ ཉིན་ཚོགས་ཆེན་དེ་གཉིས་མཇུག་བསྡུ་བའི་མཛད་སྒོར། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་ཤོས་གསུམ་པ་ཀྲའོ་ལི་ཇི་མཐོང་རྒྱུ་མེད་པར་གྱུར་ཡོད་ཅིང་། དེ་ནི་འདས་པའི་ལོ་ངོ་ ༡༩ རིང་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་ཤོས་ཤིག་གལ་གནད་ཆེ་བའི་ཚོགས་ཆེན་གཉིས་ཀྱི་སྟེང་དུ་མཐོང་རྒྱུ་མེད་པར་གྱུར་བ་ཐོག་མར་ཆགས་ཡོད་འདུག
དེ་འབྲེལ་རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲའོ་ལི་ཇི་ནི་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཡིན་པས། ལོ་རེར་གལ་ཆེ་ཤོས་སུ་བརྩི་བའི་ཚོགས་ཆེན་གཉིས་ཀྱི་མཇུག་སྡོམ་མཛད་སྒོར་མཉམ་ཞུགས་བྱས་མེད་པ་ནི་རྒྱུན་ལྡན་ཞིག་མིན་ཁར། ཕྱི་ལོ་ ༡༩༨༠ ནང་ནས་བཟུང་ད་བར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མི་རྣམས་ལོ་རེའི་ཚོགས་ཆེན་གཉིས་ཀྱི་དབུ་འབྱེད་དང་མཇུག་སྡོམ་མཛད་སྒོའི་སྟེང་མཉམ་ཞུགས་བྱས་ཏེ། རྒྱ་ནག་གི་སྲིད་འབྱོར་རིག་གསུམ་སོགས་ལ་རྒྱལ་ཁ་ཐོབ་པ་དང་རྒྱ་ནག་གི་ལོ་འཁོར་གཅིག་གི་ལས་དོན་ལ་འཕེལ་རྒྱས་དང་གོང་འཕེལ་འགྲོ་བཞིན་པའི་སྣང་བརྙན་མཚོན་ཐབས་བྱེད་ཀྱིན་ཡོད་འདུག
ད་ལན་ཚོགས་ཆེན་གཉིས་ཀྱི་མཇུག་སྡོམ་མཛད་སྒོའི་སྟེང་ཀྲའོ་ལི་ཇི་མཐོང་རྒྱུ་མེད་པའི་གནད་དོན་ཐད། རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ལི་ཧོང་ཀྲོང་ (Li Hongzhong) ཟེར་བས། ཀྲའོ་ལི་ཇི་ལ་གློ་ནད་ཅིག་ཕོག་སྟེ་ཚོགས་ཆེན་མཇུག་སྐྱོང་ཐུབ་ཀྱི་མེད་པས། ང་ལ་ཚོགས་ཆེན་གྱི་གཙོ་སྐྱོང་བྱེད་པའི་ཡིད་ཆེས་བཀོད་མངགས་བྱས་བྱུང་། ཞེས་བརྗོད་ཡོད་ཀྱང་། གསལ་བསྒྲགས་དེ་ནི་དམར་ཤོག་ཚོགས་པའི་མགོ་ཁྲིད་མཐོ་བ་དག་ལ་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་རབས་བརྗོད་ནས་སྦས་གསང་བྱེད་ཐབས་ཤིག་ཡིན་པ་རོའུ་ཊར་གསར་ཁང་གིས་བརྗོད་འདུག
རྒྱ་ནག་གི་ཆབ་སྲིད་དབྱེ་ཞིབ་པ་ཝིན་ཐེ་སང་ (Wen-Ti Sung) གིས། ཀྲའོ་ལི་ཇི་ལོ་གཅིག་གི་ནང་ཧ་ཅང་གལ་གནད་ཆེ་བའི་ཚོགས་འདུར་མཉམ་ཞུགས་བྱས་མེད་པ་ནི་བྱུང་མི་སྲིད་པ་དང་ཧ་ཅང་རྒྱུན་ལྡན་མིན་པ་གསལ་བོ་རེད། ཅེས་བརྗོད་འདུག་ལ། ད་སྔ་ཀྲའོ་ལི་ཇིར་གློ་ནད་ཅིག་ཕོག་ཡོད་ཟེར་བ་ལས་རྒྱུ་རྐྱེན་གཞན་གང་ཡང་གསལ་རྟོགས་ཐུབ་ཀྱི་མེད་པ་རེད།
ཡང་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས། ཀྲའོ་ལི་ཇི་ཡིས་ད་སྔ་བར་རྒྱ་ནག་གཞུང་འབྲེལ་གྱི་ཚོགས་འདུའི་རིགས་གཅིག་ཀྱང་ཆད་ལྷག་མེད་པར་མཉམ་ཞུགས་བྱས་ཡོད་ཅེས་བརྗོད་ཡོད་པའི་ཁར། རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་མཇུག་སྡོམ་སྐབས། ཚོགས་གཙོ་གཞོན་པ་ལི་ཧོང་ཀྲོང་གིས་གཙོ་འཛིན་ཀྲའོ་ལི་ཇི་ཡིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་བསྡོམས་ལ་བསྐྱར་ཞིབ་གནང་ཡོད་ཅེས་འགྲེལ་བརྗོད་ཅིག་ཀྱང་བྱས་ཡོད་པ་རེད།
ད་ལན་ནི་རྒྱ་ནག་གི་དཔོན་རིགས་ཤིག་ལ་ནད་གཞི་ཕོག་པའི་རྒྱུ་རྐྱེན་འོག་མཐོང་ཐོས་མེད་པར་གྱུར་བ་ཐོག་མ་དེ་མིན་པར། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་ཕྱི་སྲིད་བློན་ཆིན་གཱང་ལ་ནད་གཞི་ཕོག་པའི་གསལ་བཤད་བྱས་ཏེ་མཐོང་ཐོས་མེད་པར་གྱུར་ཞིང་། ཕྱིས་སུ་ལས་གནས་ནས་ཕྱིར་ཕུད་བཏང་བ་ཡོངས་བསྒྲགས་བྱས་པའི་གནས་ཚུལ་བྱུང་ཡོད།
ཀྲའོ་ལི་ཇི་ནི་ཞི་ཅིན་ཕིན་གྱི་ཡིད་ཆེས་བློས་འགེལ་ཆོག་པའི་བློ་མཐུན་ཞིག་དང་། ཕྱི་ལོ་ ༢༠༡༧ ལོར་དམར་ཤོག་ཚོགས་པའི་དཔོན་རིགས་ཆེ་ཤོས་བདུན་ཏེ། ཝང་ཆི་ཧྲན་གྱི་ཚབ་ཏུ་དབུས་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མིར་བསྐོ་གཞག་བྱས་པ་ནས། ཕྱི་ལོ་ ༢༠༢༢ བར་ལོ་ལྔའི་དབུས་ཞིབ་དཔྱོད་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེའི་ལས་འགན་ཁུར། ཕྱི་ལོ་ ༢༠༢༣ ཟླ་ ༣ ནང་གི་ཚོགས་ཆེན་གཉིས་ཀྱི་སྟེང་ནས་སྐབས་བཅུ་བཞི་བའི་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོར་བསྐོས་ཏེ། ཞི་ཅིན་ཕིན་དང་སྲིད་བློན་གཞོན་པ་ལི་ཆང་གི་རྗེས་ཀྱི་དམར་ཤོག་དཔོན་རིགས་མཐོ་ཤོས་དེ་ཡིན་འདུག ཀྲའོ་ལི་ཇི་ནི་ད་ལྟ་རང་ལོ་ ༦༨ དང་ཕྱི་ལོ་ ༡༩༥༧ ལོར་ཟི་ལིང་དུ་སྐྱེས། ཁོ་པའི་ཕ་མ་གཉིས་ནི་རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་གྲོང་ཁྱེར་ཞི་ཨན་གྱི་མི་ཡིན་ཞིང་མའོ་ཙེ་ཏུང་གིས་བོད་དུ་བཏང་བའི་དམར་དམག་ལ་མྱུར་སྐྱོབ་སོགས་ཀྱི་སླད་ཟི་ལིང་དུ་མངགས་གཏོང་བྱས་ཡོད། ཕྱི་ལོ་ ༡༩༧༥ ལོར་ཀྲའོ་ལི་ཇི་ཐོག་མར་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༧ བར་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས། ཕྱི་ལོ་ ༢༠༠༧ ནས་ཧྲན་ཞི་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེའི་ལས་འགན་ཁུར། ད་ལྟ་སྐབས་ཉི་ཤུ་བའི་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱུན་ལས་དང་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་བཅས་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།