དེ་རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་དགོངས་རྫོགས་ཞེ་དགུའི་མཆོད་འབུལ་སྨོན་ལམ་འཚོགས་སོང་།
༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་ཐུགས་སྨོན་མཛད་པའི་སྐབས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༡།༩
དེ་རིང་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ཞག་ཞེ་དགུ་དང་བསྟུན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་སྟེ་ཆོལ་ཁ་གསུམ་གྱི་དབུས་རྒྱུན་ལས་ཁང་ཁག་དང་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།
དེ་འབྲེལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་ཀྱིས། དེ་རིང་ཚོགས་པ་ལྔ་མཉམ་རུབ་ཀྱི་ཐོག་ནས། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་ཞེ་དགུའི་མཆོད་འབུལ་སྨོན་ལམ་དེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གོ་སྒྲིག་ཞུས་ཡོད། ང་རང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཞེས་བཤད་པ་དང་། རྒྱལ་ལོ་དོན་གྲུབ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཅེན་པོ་ཡིན་པ། དེ་བཞིན་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནི་མཛད་རྗེས་རླབས་ཆེན་འཇོག་མཁན་གྱི་མི་བུ་བྱས་པ་ཅན་ཞིག་ཡིན་སྟབས། གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་སྨོན་ལམ་ཞིག་སྐོང་འཚོག་གནང་ཡོད་ཅིང་། མཆོད་འབུལ་སྨོན་ལམ་འདིའི་སྟེང་དགེ་འདུན་པ་དང་། བཙུན་མོ་སོགས་མང་པོ་ཞིག་ཕེབས་འདུག་པས། ཚང་མ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡ་ཡིན། ཞེས་བརྗོད་འདུག
༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༢༨ ལོར་མདོ་སྨད་སྟག་འཚེར་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་བའི་དུས་ནས་རྒྱ་ནག་ནང་སློབ་གཉེར་གནང་བར་ཕེབས། རྒྱ་དམག་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱེད་མགོ་བཙུགས་རྗེས། རྒྱུ་རྐྱེན་འདྲ་མིན་གྱི་ཐོག་ནས་ཁོང་བོད་དུ་ཕྱིར་ཕེབས་མ་ཐུབ་པར་རྒྱ་གར་དུ་ཕེབས་དགོས་བྱུང་། རྒྱ་གར་དུ་བཞུགས་སྐབས་ཨ་རིའི་དབུས་གསང་བའི་ལས་ཁུངས་ལ་ཐོག་མར་འབྲེལ་བ་བྱུང་ཞིང་། དེའི་རྗེས་ལོ་རབས་ལྔ་བཅུའི་མགོ་སྟོད་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་བརྒྱ་ཕྲག་ལ་གསང་བའི་ཐོག་ནས་སྦྱོང་བརྡར་སྤྲད།
ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་གོང་ནས་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་རྒྱ་གར་གཞུང་དབར་འབྲེལ་བ་ཡོད་ལ། ༧གོང་ས་མཆོག་རྒྱ་གར་དུ་ཞབས་སོར་འཁོད་སྐབས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གི་དབུས་རྒྱ་གར་དབུས་གཞུང་གི་དཔོན་རིགས་རྣམས་དང་འབྲེལ་བ་ཞུ་རྒྱུའི་ཐུགས་འགན་གཙོ་བོ་བཞེས། དེ་བཞིན་ལོ་རབས་ལྔ་བཅུའི་མཇུག་དང་དྲུག་ཅུའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བོད་དོན་ཞུ་གཏུགས་ཀྱི་ཕྱག་ལས་ཤུགས་ཆེ་གནང་ཞིང་། ཨ་རིའི་གཞུང་གིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་ལ། བོད་དོན་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཆོད་ཁག་གསུམ་བཞག
ཕྱི་ལོ་ ༡༩༧༦ ལོར་མའོ་ཙེ་ཏུང་འདས་གྲོངས་སུ་ཕྱིན་རྗེས་རྒྱ་ནག་གི་མགོ་ཁྲིད་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཏེ། ཏིང་ཞའོ་ཕིན་གྱིས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་བརྒྱུད་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་འབྲེལ་བ་ཞུས་ཤིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་འོག་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཆེད་ཕེབས་ཀྱིས་ཏིང་ཞའོ་ཕིན་དང་མཇལ་འཕྲད་ཐོག་མ་དེ་གནང་ཡོད། ཕྱི་ལོ་ ༡༩༩༡ ལོར་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་རྗེས། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༣ ནས་ ༡༩༩༦ བར་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས།
གསར་འགོད་པ། དཔལ་ལྡན། དོན་འགྲུབ་བཀྲ་ཤིས། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།