བོད་མིའི་སྒྲིག་འཛུགས་ལ་ལོ་རེའི་གཙང་ཁེའི་བརྒྱ་ཆ་ ༡༥ འབུལ་བསྡད་ལྷག་ཡོད་པའི་ཚོགས་པ་ཁག་བདུན་གྱི་དཔལ་འབྱོར་གནས་སྟངས་ཞན་པོ་ཡོད་པ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཆག་ཡང་ཡོང་བའི་རེ་སྐུལ་ཞུས་པ་བཞིན་གྲོས་ཚོགས་ནས་ཆག་ཡང་བཏང་སོང་།

དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་དགུ་པའི་ལས་ཉིན་ ༡༡ སྟེང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པའི་སྙན་ཐོ་དང་འབྲེལ་ནས། ནང་སྲིད་དང་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་གཙང་ཁའི་བརྒྱ་ཆ་འབུལ་བསྡད་དངུལ་འབོར་དག་ཆག་ཡང་ཡོང་བའི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་པ་ལྟར། གཙང་ཁེ་བརྒྱ་ཆ་འབུལ་བསྡད་ཀྱི་ཁོངས་ནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་། བདེ་སྐྱིད་སླར་གསོ་མཉམ་འབྲེལ། སྤུར་ཝ་ལ་ས་སྐྱ་ཚོགས་པ། ས་ཊོན་ཁམས་ཀཿཐོག་ཚོགས་པ། བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་མཉམ་འབྲེལ། དྷ་སྟེང་བོད་ཁྱིམ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་འབུལ་བསྡད་དངུལ་ཆག་ཡང་དགོས་པར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཞག་སྟེ། མང་མོས་ཀྱི་ཐོག་ནས་ཆག་ཡང་བྱ་རྒྱུ་གཏན་འབེབས་གནང་སོང་།
འབུལ་བསྡད་ཆག་ཡང་བཏང་བའི་ཁྲོད། རྩིས་ལོ་ ༢༠༢༠་་༢༠༢༢ བར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མ་དངུལ་ཞན་པ། གསོག་དངུལ་འབོར་ཆེན་སྤྲོད་བསྡད། རྩིས་ལོ་གཉིས་གྱོང་གུན་དུ་ཕྱིན་ཡོད་པ་དང་། སྨན་སྦྱིན་ཕོན་ཆེན་འབུལ་བཞིན་ཡོད་པར་བརྟེན། འབུལ་བསྡད་དངུལ་འབོར་ ༤༢,༩༢༣,༨༧༧།༡༥ ཆག་ཡང་དང་། རྩིས་ལོ་ ༢༠༢༠་་༢༠༢༢ བར་བདེ་སྐྱིད་སླར་གསོ་མཉམ་འབྲེལ་མི་མང་གི་བཅོལ་དངུལ་དང་། ནང་སྲིད་ལས་ཁུངས་ཀྱི་བུ་ལོན་དག་སྐོར་རྒྱག་མ་དངུལ་གྱི་ཚུལ་དུ་བེད་སྤྱོད་བྱེད་བཞིན་འདུག་ལ་རྩིས་སྙན་ནང་མ་དངུལ་ཞན་པོ་ཡོད་པ་འཁོད་ཡོད་པར་བརྟེན། འབུལ་བསྡད་དངུལ་འབོར་ ༢༥༨,༡༩༥།༠༠ ཆག་ཡང་། རྩིས་ལོ་ ༢༠༢༠་་༢༠༢༢ བར་སྤུར་ཝ་ལ་ས་སྐྱ་ཚོགས་པས་ལོ་མང་གོང་ནས་ཚོང་ལས་གཉེར་གྱི་མི་འདུག་པས་འབུལ་བསྡད་དངུལ་འབོར་ ༢༤༢,༠༠༢།༥༨ ཆག་ཡང་། རྩིས་ལོ་ ༢༠༢༡་་༢༠༢༣ བར་ས་ཊོན་ཁམས་ཀཿཐོག་ཚོགས་པས་ལོ་མང་གོང་ནས་ཚོང་ལས་གཉེར་གྱི་མི་འདུག་པས་འབུལ་བསྡད་དངུལ་འབོར་ ༤༩༡,༤༧༠།༠༠ ཆག་ཡང་།
བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་མཉམ་འབྲེལ་གྱི་འབུལ་བསྡད་བལ་སྒོར་ ༥,༩༥༢,༩༠༣ གསལ་བ་དེ་ནི་ས་ཆ་ཚོང་བསྒྱུར་ཞུས་པའི་རིན་འབབ་ཀྱི་བརྒྱ་ཆའི་འབབ་ཅིག་ཡིན་ཞིང་། ས་གནས་ནས་ས་ཆ་ཕམ་ཚོང་མི་བྱེད་ཀ་མེད་བྱུང་བའི་རྒྱུ་མཚན་བགྲང་གི་ཡོད་ནའང་། རྩིས་ཞིབ་ལས་ཁང་ནས་ས་ཆ་ཚོང་བསྒྱུར་བྱས་པའི་ཡོང་འབབ་ཆ་ཚང་གཙང་ཁེ་ལ་རྩིས་བསྐོར་གྱིས་བརྒྱ་ཆ་བཏོན་ཡོད་པ་མ་ཟད། ས་ཆ་དེའི་ཁྲོམ་རའི་མ་གནས་ལ་ཞིབ་བསྡུར་ཡང་གནང་མེད་སྟབས་ས་ཆ་ཚོང་བསྒྱུར་བྱས་པའི་གཙང་ཁེའི་འབབ་ཆག་ཡང་ཡོང་བའི་གྲོས་ཆོད་བཏོན་འདུག
དྷ་སྟེང་བོད་ཁྱིམ་གྱི་ད་ཆ་དཔལ་འབྱོར་གྱི་གནས་སྟངས་ཞན་པོ་ཡོད་པ་དང་། ད་ཡོད་དངུལ་དེ་ཕྲུ་གུ་གསོ་སྐྱོང་གི་རོགས་དངུལ་ཞིག་ཡིན་པ་མ་ཟད། ལོ་རེའི་བྱུང་འབབ་ནས་འགྲོ་གྲོན་ཁ་གསབ་མེད་པར་མ་དངུལ་ཟད་པའི་དཀའ་ངལ་ཅན་འཕྲད་འདུག་ལ། བོད་མིའི་སྒྲིག་འཛུགས་ནས་ཕར་རོགས་སྐྱོར་ཞུ་བཞིན་པའི་གནས་སྟངས་འོག་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ ནས་ཕྱི་དངུལ་དེབ་སྐྱེལ་ཡོད་མེད་ལ་མ་ལྟོས་པར་ཕན་ཚུན་སྤྲོད་ལེན་ (transfer) བྱེད་མི་ཆོག་པའི་ཁྲིམས་སྒྲིག་བསྐྱར་བཅོས་སོང་ཡོད་སྟབས་འབུལ་ཐབས་མེད་པ། ཞལ་འདེབས་དངུལ་འབབ་དེའི་བརྒྱ་ཆ་ ༨༥ ལས་འགྲོ་གྲོན་དུ་མི་བརྩི་པའི་ཁྲིམས་སྒྲིག་བསྐྱར་བཅོས་སོང་ཡོད་པས། ཚོགས་པས་ལོ་རེར་ངེས་གཏོང་དགོས་པའི་འགྲོ་གྲོན་གྱི་ཚད་གཞི་ལོན་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་ལ་བརྟེན་ནས་འབུལ་བསྡད་དངུལ་འབོར་ ༢༣,༩༤༧,༥༩༩ རྣམས་ཁྲིམས་མཐུན་འབུལ་ཐབས་མི་འདུག་པས་ཆག་ཡང་ཡོང་བའི་གྲོས་ཆོད་བཏོན།
བལ་ཡུལ་གངས་ཅན་བདེ་རྩ་ལ་རོགས་དངུལ་འབྱོར་བ་ཆ་ཚང་སྐབས་འཕྲལ་ལས་འཆར་ཐོག་འགྲོ་གྲོན་སོང་འདུག་པས་སྤྲོད་བསྡད་དངུལ་ལྷག་མེད་པར་བརྟེན་འབུལ་བསྡད་བལ་སྒོར་ ༦,༧༢༣,༤༩༡།༧༡ ཆག་ཡང་ཡོང་བའི་གྲོས་ཆོད་བཅས་ལ་མང་མོས་ཀྱིས་གཏན་འབེབས་གནང་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།