བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉིན་གྲངས་ ༤༤ རིང་ཨ་རི་དང་། ཁེ་ན་ཌ། ཉི་ཧོང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ནས་ཕྱི་ཟླ་ ༦ ཚེས་ ༨ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་དང་། ཁེ་ན་ཌ། ཉི་ཧོང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ཕྱོགས་ཕེབས་ཀྱི་ཉིན་དང་པོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་དམངས་གཙོ་ཡར་ཐོན་ཚོགས་པའི་(National Endowment for Democracy) ཚོགས་གཙོ་སྐུ་ཞབས་ཌ་མོན་ཝིལ་སོན་( Damon Wilson) མཆོག་དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེེར་སྲིད་སྐྱོང་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཚན་རྟགས་བསྐྱོན་པའི་བོད་དང་བོད་མིའི་མགྲིན་ཚབ་(Voice for the voiceless) ཀྱི་ཕྱག་དེབ་ཅིག་ཕུལ་ཡོད་འདུག དེའི་རྗེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བྷེ་ཧྥན་(Bay Fang) ལགས་དང་། བརྡ་འཕྲིན་སྤྱི་ཁྱབ་པ་རོ་ཧེ་ཐ་མཱ་ཧཱ་ཇན་(Rohit Mahajan)ལགས། རླུང་འཕྲིན་ཁང་གི་ལས་བྱེད་རྣམས་ལ་མཇལ་འཕྲད་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་རང་དབང་ཐོག་ནས་གསར་འགྱུར་རྒྱང་བསྲིངས་བྱས་པ་དང་། འཛམ་གླིང་ཐོག་བོད་སྐད་ཀྱི་ནུས་པ་གོང་སྤེལ་གཏོང་བའི་ཞབས་འདེགས་ཞུས་པར་བསྔགས་བརྗོད་གནང་ཡོད་འདུག
གཞན་ཡང་། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཡོང་ཀིམ་ (Young Kim) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ༧གོང་ས་མཆོག་ནས་མཚན་རྟགས་བསྐྱོན་པའི་གོང་བརྗོད་ཕྱག་དེབ་གསར་པ་དེ་ཕུལ་ཡོད་འདུག ལྕམ་ཡོང་ཀིམ་མཆོག་ནི་ནམ་རྒྱུན་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་མོས་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་གཞི་གྲོས་འཆར་འདོན་མཁན་གྱི་མི་སྣ་གཙོ་བོ་ཞིག་ཡིན་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཇེ་ཀི་རོ་སེན་(Jacky Rosen)མཆོག་དང་མཇལ་མོལ་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྕམ་ཇེ་ཀི་རོ་སིན་མཆོག་ལ་རྒྱ་གཞུང་གིས་བོད་ནང་གི་ཆུའི་ཐོན་ཁུངས་ཐོག་འཛིན་བཞིན་པའི་དབང་སྒྱུར་སྲིད་ཇུས་ལ་སྔོན་ནས་ཐུགས་འཚབ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། བོད་མིའི་དྲང་བདེན་དང་རང་སྐྱོང་གི་འཐབ་རྩོད་ནི་ཨ་རིའི་རྩ་བའི་ས་ཁམས་ཆབ་སྲིད་ཀྱི་ཁེ་ཕན་དང་མཐུན་པ་ཡིན་ཞེས་གསུངས་ཡོད་འདུག
སྲིད་སྐྱོང་མཆོག་ཨ་རིར་མ་ཐོན་སྔོན་གྱི་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། རྒྱ་གར་དབུས་གཞུང་ཨ་ཡུ་ཤི་ (AYUSH) ལྷན་ཁང་གི་བློན་ཆེན་སྐུ་ཞབས་པ་ར་ཏབ་རའོ་ག་ཎ་པ་ཏ་རའོ་ཇཱ་དྷཱ་ཝ་ (Prataprao Ganpatrao Jadhav) མཆོག་དང་མཇལ་འཕྲད་གནང་སྟེ། རྒྱ་གར་དབུས་གཞུང་གི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་ཀྱི་སྲིད་ཇུས་ཕྱི་ལོ་ ༢༠༡༤ དགོངས་དོན་འོག་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་ཐོག་ནས་མཐུན་འགྱུར་རམ་འདེགས་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།