ལྷ་འབྲུག་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་ཆེན་མོའི་ལས་འཁུར་དམ་འབུལ་ཞུས་འདུག

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་ཁྲིམས་ཞིབ་པ་ཟླ་བ་ཕུན་སྐྱིད་མཆོག་གི་མདུན་དུ། ལྷ་འབྲུག་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་གི་ལས་འཁུར་དམ་འབུལ་ཞུས་ཡོད་ཅིང་། དམ་འབུལ་མཛད་སྒོའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་བླ་བྲང་འཕགས་པ་ཚེ་རིང་མཆོག དེ་བཞིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་འཛོམས་ཡོད་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ལྷ་འབྲུག་ལགས་ནི། ཕྱི་ལོ་ ༡༩༨༢ ཟླ་ ༥ ཚེ་ ༤ ཉིན་བོད་མདོ་སྨད་མཚོ་སྔོན་དཔའ་ལུང་དགེ་ཕྱུག་སྡེ་བ་ནས་ཕ་རྟ་མགྲིན་དང་མ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས་ཡོད་པ་དང་། ཆུང་དུས་ནས་རང་ཡུལ་གྱི་སློབ་གྲྭར་འགྲིམས་ནས་རྒྱ་ཡིག་དང་བོད་ཡིག་གི་སློབ་སྦྱོང་འཛིན་རིམ་དགུ་པ་བར་དུ་ཕྱིན་ཏེ། ཕྱི་ལོ་ ༡༩༩༨ ལོར་བོད་ནང་གི་དབྱར་ཀའི་གུང་སེང་སྐབས། རང་ཉིད་ཀྱི་དམིགས་འདུན་ཞིག་གི་ཆེད་དུ་རྒྱ་གར་དུ་བྲོས་བྱོལ་ཡོང་བ་དང་། སུ་ཇཱ་བོད་ཁྱིམ་དུ་ལོ་ལྔའི་གཞི་རིམ་སློབ་སྦྱོང་བྱས་ཏེ་འཛིན་གྲྭ་བཅུ་པ་ཐོན། དེ་ནས་གྷོ་པལ་པུར་བོད་ཁྱིམ་དུ་ལོ་གཉིས་སློབ་སྦྱོང་བྱས་ཏེ་འཛིན་རིམ་བཅུ་གཉིས་ཐོན་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་མེ་སོ་ (JSS Law College) ནས་ལོ་ལྔའི་ཁྲིམས་ལུགས་སློབ་སྦྱོང་བྱས་ཏེ་ཁྲིམས་ལུགས་རམས་འབྱམས་པ་ (LL.B) ཐོན་ཡོད། མཐོ་སློབ་འགྲིམ་དུས་མེ་སོ་ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་བྱས་མྱོང་བ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༢ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྡེ་ཚན་འགན་འཛིན་གྱི་ལས་གནས་ཐོག་ཁྲིམས་དོན་ལས་བྱེད་ཀྱི་འགན་འཁུར་ཡོད། དེ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་གནས་རིམ་དུ་ཡིག་རྒྱུགས་བླངས་ཏེ་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡ ནས་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་གིས་ས་གནས་ཁྲིམས་ཞིབ་པའི་ལས་དོན་འགོ་འཛུགས་ཞུས། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ ནས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་གནས་སྤོར་གྱིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ བར་དུ་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་འགན་བསྒྲུབས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༤ ཉིན་བཀའ་ཤག་ནས་བསྐོ་གཞག་བཀོད་རྒྱ་ཕེབས་དོན་ལྟར་དྲུང་འཕར་གནས་རིམ་ཐོག་བསྐོ་གཞག་བསྩལ་ཏེ་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ ཉིན་སྐོར་སྐྱོད་ཁྲིམས་ཞིབ་པའི་ལས་འགན་དམ་འབུལ་བཞེས་ནས་ལས་འགན་ཞུ་མུས་ཡིན་སྐབས། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡ ཉིན་ནས་དྲུང་ཡིག་ཆེན་པོར་གནས་སྤར་རྗེས། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༥ ཉིན་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེའི་གནས་རིམ་དུ་བསྐོ་གཞག་བྱུང་ཡོད་འདུག



