ཕྱི་ཟླ་དྲུག་པའི་ཟླ་མཇུག་ནས་བདུན་པའི་ནང་༧གོང་ས་མཆོག་ལ་གོ་སྟོན་གྱི་བརྟན་བཞུགས་གཉིས་དང་གོ་སྟོན་གྱི་འཁྲུངས་སྐར་སྲུང་གཙི་བཅས་ཀྱི་མཛད་འཆར་གསུམ་འདུག

ད་ལྟའི་ཆར་༧སྐུའི་འཁྲུངས་སྐར་ཚར་རྗེས་༧མགོན་པོ་གང་ཉིད་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག་ནའང་། དེ་རིང་འདི་གའི་གསར་འགོད་པས་འབྲེལ་ཡོད་ཁག་ཅིག་ལ་བཀའ་འདྲི་ཞུ་སྐབས། ད་ལྟའི་ཆར་༸གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུར་དམིགས་བསལ་གཏན་འཁེལ་གང་ཡང་མེད་པའི་འགྲེལ་བརྗོད་གནང་བྱུང་།
དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་གི་མཛད་འཆར་ལྟར་ན། ཕྱི་ཟླ་ ༦ ཚེས་ ༣༠ དང་བོད་ཟླ་ ༥ ཚེས་ ༥ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་མདོ་སྨད་གཞིས་བྱེས་མི་མང་ཡོངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧མགོན་པོ་གང་ཉིད་མཆོག་སྐུ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་གོ་སྟོན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག
དེ་བཞིན། ཕྱི་ཟླ་ ༧ ཚེས་ ༥ ཉིན་གྱི་ཞོགས་པར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐེག་ཆེན་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག
ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་༧མགོན་པོ་གང་ཉིད་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་ཆིབས་སྒྱུར་བསྐྱང་གཏན་ཁེལ་ཡོད་འདུག
བློ་བཟང་སྒྲོལ་མ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།