ད་ལྟ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱིས་མནར་བའི་མི་གྲངས་ ༦༤༩༡ ཡོད་པའི་ཁྲོད་འདས་པའི་ཆུ་ཚོད་ཉེར་བཞིའི་ནང་ནད་པ་ ༣༥༨ བྱུང་འདུག
About 358 fresh cases of the virus were reported in the last 24 hours in the country. (Express Archive Photo)
འདས་པའི་ཉིན་ཤས་རིང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ངོ་བོ་འགྱུར་བའི་ནད་འབུ་གསར་པ་ (NB.1.8.1) དང་ (LF.7) ཁྱབ་གདལ་དུ་འགྲོ་མུས་ཡིན་འདུག་ལ། དེ་རིང་ཕྱི་ཚེས་ ༡༠ བར་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་ཀྱིས་ན་བཞིན་པའི་ནད་པ་གྲངས་ ༦༤༩༡ ཡོད་ཅིང་། འདས་པའི་ཉིན་ཤས་རིང་ནད་པ་ ༣༥༨ བྱུང་ནས། རྒྱ་གར་ནང་སླར་ཡང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསར་པ་ཞིག་མཆེད་མུས་ཡིན་འདུག
དེའི་ཐད་རྒྱ་གར་དབུས་སྨན་རིགས་ཉམས་ཞིབ་མཐུན་ཚོགས་ཀྱི་ཆེད་མཁས་པ་སྨན་པ་རཱ་ཇེ་ཝི་ (Dr Rajiv Behl) ལགས་ཀྱིས། ད་ལྟ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ངོ་བོ་གསར་པ་ (NB.1.8.1) དང་ (LF.7) གཉིས་ཁྱབ་གདལ་དུ་འགྲོ་མུས་ཡིན་ཡང་། ནད་འབུའི་ངོ་བོ་འགྱུར་ནས་ནུས་པ་ཇེ་ཆུང་དུ་ཕྱིན་ཡོད་པས། ཕྱོགས་ཡོངས་ནས་སེམས་ཁྲལ་རིགས་བྱ་མི་དགོས་པའི་འབོད་སྐུལ་གནང་འདུག
ད་ལྟ་རྒྱ་གར་ནང་རིམས་ནད་ན་བཞིན་པ་མི་གྲངས་ ༡༦,༤༩༡ བྱུང་ཡོད་པའི་ཁྲོད། རྒྱ་གར་ལྷོ་རྒྱུད་ཀྱི་ཀེ་རེ་ལར་མི་གྲངས་ ༢༡༤༩ དང་། གུ་ཇུ་ར་ཐིར་མི་གྲངས་ ༡༢༣༥། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་ལ་ ༧༢༨ ཡོད་འདུག དེ་དག་ནི་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་མཆེད་སའི་ས་ཚིགས་ལྟེ་བར་གྱུར་འདུག་ལ། རྒྱ་གར་དབུས་འཕྲོད་བསྟེན་དང་ནང་མི་བདེ་འཇགས་ལས་ཁུངས་ (Ministry of Health and Family Welfare ) ཀྱི་གྲངས་ཐོ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ལྷག་རིང་རྒྱ་གར་ནང་ཉུང་མཐར་ཡང་ཏོག་དབྱིབས་རིམས་ནད་ཀྱི་དབང་གིས་མི་གྲངས་ ༦ རྐྱེན་འདས་སུ་གྱུར་ཡོད་སྐོར་སོགས་གསལ་འདུག་ལ། རྒྱ་གར་ནང་རིམས་ནད་ཁྱབ་གདལ་དུ་མི་འགྲོ་སླད། མུ་མཐུད་དོགས་གཟོན་དང་སྔོན་འགོག་གི་ལས་དོན་རྣམས་གཉེར་དགོས་པའི་སྐུལ་མ་གནང་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལྟར་ན། ད་ལྟ་མཆེད་མུས་ཡིན་པའི་ངོ་བོ་གྱུར་བའི་ཏོག་དབྱིབས་རིམས་ནད་ཀྱིས་མིའི་ཚེ་སྲོག་ལ་ཉེན་ཁ་ཆུང་ནའང་། མིད་པ་ན་བ་དང་། གློ་རྒྱག་པ། ཚ་བ་རྒྱས་པ། རུས་ཚིགས་ན་བ། མགོ་ན་བ་སོགས་ཀྱི་ནད་རྟགས་མངོན་གྱི་ཡོད་སྐོར་གསལ་འདུག་ལ། ད་ལྟ་རིམས་ནད་དེ་རྒྱ་གར་དང་། སིངྒ་པུར། ཐའེ་ལེན་ཌི་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་མཆེད་མུས་ཡིན་པ་རེད།
གསར་འགོད་པ། དཔལ་ལྡན།