དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་བོད་སྒྱུར་མ་བོད་དང་བོད་མིའི་མགྲིན་ཚབ་དབུས་པའི་དཔེ་དེབ་གསར་པ་ལྔ་དབུ་འབྱེད་གནང་སོང་།

དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། སྐད་ཡིག་དང་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། རྩོམ་པ་པོ་ཆོས་འཕེལ་ལགས། བློ་བཟང་ལུང་རྟོགས་ལགས་དང་ཞོ་ར་བསྟན་པ་དར་རྒྱས་ལགས། ཚེ་རིང་སྐྱིད་ལགས། སྟག་ལྷ་རྒྱལ་ལགས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་བྱེད་དང་ཉམས་ཞིབ་པ་སོགས་འཛོམས་གནང་འདུག
དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་བོད་སྒྱུར་མ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་དཔེ་དེབ་སྒྱུར་པ་པོ་ཆུང་ཚེ་རིང་ལགས་ཀྱིས། དེབ་དེའི་ཚིག་གི་བརྗོད་པ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རང་རྣམ་དང་པོ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་དང་མཐུན་པ་བཞིན་སྤེལ་ཡོད། ནང་དོན་གོ་བདེ་པོ་དང་། དབྱིན་སྐད་མ་དཔེ་རང་དང་འཇོག་ནས་ཇི་མ་ཇི་བཞིན་དུ་དུམ་མཚམས་བསྒྲིགས་ཏེ་བསྒྱུར་ཡོད། དབྱིན་ཡིག་གི་དཔེ་དེབ་ནང་ལོ་ཚིགས་འཁྲུག་པ་དང་ནང་དོན་ཏག་ཏག་བསྡད་མེད་པ་རྣམས་ར་འཕྲོས་བྱས་ཏེ་བཅོས་ཡོད། གཞན་ཡང་། དབྱིན་ཇིའི་དཔེ་དེབ་དེ་གཙོ་བོ་ཕྱི་རྒྱལ་མི་རིགས་ཀྱི་ཀློག་པ་པོའི་ཆེད་དུ་བྲིས་ཡོད་པར་བརྟེན། མཆན་འགའ་ཤས་དབྱིན་ཇིའི་མི་ལ་དགོས་ཀྱང་། བོད་མི་རྣམས་ལ་དགོས་མཁོ་མེད་པའི་མཆན་རྣམས་མེད་པ་བཟོས་ཡོད། ད་དུང་དབྱིན་ཇིའི་ནང་འགྲེལ་བཤད་མེད་ནའང་བོད་པའི་ཀློག་པ་པོར་གསལ་བཤད་དགོས་པའི་རིགས་ཡོད་པ་དེ་དག་བོད་ཡིག་ནང་མཆན་གསར་པ་བཀོད་པའང་ཡོད། བོད་སྒྱུར་བྱས་པའི་དཔེ་དེབ་ནང་མཆན་ཡོངས་རྫོགས་མཇུག་མཆན་དུ་བཀོད་པ་ལས་ཞབས་མཆན་དུ་བཀོད་མེད། དེ་བཞིན་ཁ་སྣོན་ཡིག་ཆའི་ཁུངས་དེ་དག་དེ་སྔ་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་སྟངས་ཀྱི་བསམ་འཆར་དང་འགྲེལ་བརྗོད་གང་ཡོད་པ་རྣམས་རང་སོར་བཞག་པ་ལས་གསར་གཏོད་དང་བསྒྱུར་བ་མེད། ཅེས་དང་། དཔེ་དེབ་འདི་ཐེངས་བཅུ་ལྷག་ཞུ་དག་ཞིབ་ཚགས་པོ་ཞུས་ཡོད་སྐོར་དང་། དཔེ་དེབ་འདི་བོད་ཡིག་ནང་དུ་བསྒྱུར་བར་ལམ་སྟོན་དང་ཞུ་དག་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
རྩོམ་པ་པོ་ཆོས་འཕེལ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་གཉིས་ཏེ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་དང་། བཙན་བྱོལ་ནང་གི་རང་དབང་ (Freedom in Exile) རེད། ང་ཚོ་བོད་མི་ཚོའི་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་འབྲི་མཁན་མི་འདུག་པས། ང་ཚོས་མ་བྲིས་ཚེ་སུས་འབྲི་ཡི་རེད། དེར་བརྟེན་དེ་རིང་ངས་དེབ་བྲིས་པ་དེ་ལེའུ་གཉིས་པ་རེད། ད་ལན་གྱི་དེབ་འདིའི་ནང་ཕྱི་ལོ་ ༢༠༡༡ ནས་ ༢༠༡༨ བར་དུ་༧གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ཏེ་བཀའ་སློབ་གནང་བ་སོགས་མཛད་པ་འཕྲིན་ལས་རྒྱ་ཆེ་བསྐྱངས་པའི་ཐོག ༧མགོན་པོ་གང་ཉིད་མཆོག་ནས་རྒྱ་གར་གྱི་ས་གནས་འདྲ་མིན་དུ་ཆིབས་སྒྱུར་གྱིས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་དངོས་སུ་ཕེབས་ནས་གཞོན་སྐྱེས་རྣམས་ལ་བཀའ་སློབ་གནང་བའི་སྐོར་དང་། རྒྱ་གར་གྱི་སྲིད་བློན་དང་། སྲིད་འཛིན། དབྱུག་རྩེད་པ་ (Cricketers) སྙན་གྲགས་ཅན་སོགས་ལ་མཇལ་འཕྲད་གནང་བ་སོགས་ལོ་ངོ་བརྒྱད་རིང་༧མགོན་པོ་གང་ཉིད་ཀྱིས་མཛད་པ་འཕྲིན་ལས་བསྐྱངས་ཡོད་པ་མཐའ་དག་ཞིབ་ཕྲའི་ཐོག་ནས་འཁོད་ཡོད། དེ་ཡང་ལེའུ་དང་པོའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་ ༢༠༡༠ བར་གྱི་མཛད་འཕྲིན་བསྐྱངས་པ་རྣམས་གསལ་ཡོད། ཅེས་བརྗོད་བྱུང་།
བར་དོ་བ་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཚེ་རིང་སྐྱིད་ལགས་ཀྱིས། སྤྱིར་བཏང་ངས་བྲིས་པའི་དེབ་འདི་སྙན་ངག་ཡིན་པར་བརྟེན། རྒྱུ་མཚན་དང་འགྲེལ་བཤད་མང་པོ་རྒྱག་ཐུབ་ཀྱི་མི་འདུག འོན་ཀྱང་། ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས། བཙན་བྱོལ་བའི་ལས་འགན་དང་སེམས་ཁྲལ་ཞིག་ཡོད་ལ། མི་འགའ་ཤས་ཀྱིས་གཞས་དང་། རི་མོ། ལོ་རྒྱུས་ཀྱི་ལམ་ནས་སྟོན་གྱི་ཡོད་པ་རེད། མི་ཚང་མ་ལོ་རྒྱུས་སྨྲ་བ་དང་། སྒྱུ་རྩལ་བ་ཡིན་དགོས་ཀྱི་མ་རེད། འོན་ཀྱང་། སོ་སོས་གང་འཇོན་པ་དང་། གང་ཤེས་པ་དེའི་སྒང་ནས་སོ་སོས་མྱོང་བཞིན་པའི་དཀའ་ངལ་འདིས། སྤྱི་ཚོགས་དང་མི་རིགས་ཤིག་གི་ཚབ་བྱས་ཏེ་སྐད་ཆ་བཤད་དགོས་གལ་ཆེན་པོ་ཡིན་པར་བརྟེན། ང་རང་གི་དགའ་ཕྱོགས་དང་རྩ་ཆེན་པོར་རྩིས་པ་དེ་གཙོ་བོར་བཟུང་སྟེ། ང་རང་གི་ལོ་རྒྱུས་དང་། སེམས་ཁམས། མྱོང་བཞིན་པའི་ཚོར་བ། མི་རིགས་ཀྱི་གནས་བབ་འདིའི་ནང་ནས་མི་སྒེར་ཞིག་གིས་ཚོར་བ་ག་རེ་བྱུང་གི་ཡོད་པ་དེ་དག་ཕྱི་རུ་འདོན་ཐུབ་ཚེ། རང་བཞིན་གྱིས་སྤྱི་ཚོགས་དང་ལོ་རྒྱུས་ཤིག་ལ་འགན་འཁུར་པ་དང་ཆ་ཤས་ཤིག་སྒྲུབ་ཀྱི་ཡོད་པ་རེད། ཅེས་དང་། སྤྱིར་སྙན་ངག་དེ་མི་སྒེར་ཞིག་གི་ཚོར་བ་དང་སེམས་ཁམས་རེད་དེ། བཙན་བྱོལ་གྱི་མི་བརྒྱ་ཕྲག་མང་པོའི་སེམས་ཁམས་དང་གནས་བབ་ཅིག་མཚོན་གྱི་ཡོད་པར་སོང་། སྒྱུ་རྩལ་གྱི་ཕྱོགས་ནས་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་པོ་ཞིག་ཆགས་རྒྱུའི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
ཞི་བདེའི་འོད་སྣང་ཞེས་པའི་དཔེ་དེབ་ཀྱི་རྩོམ་སྒྲིག་པ་བློ་བཟང་ལུང་རྟོགས་ལགས་ཀྱིས། ༧སྐུའི་གོ་སྟོན་ལ་ཆེད་དུ་ང་དང་ཞོ་ར་བསྟན་པ་དར་རྒྱས་གཉིས་ཀྱིས་༧གོང་རྒྱལ་བ་རིན་པོ་ཆེ་མཆོག་ཨོ་གླིང་དུ་ཐེངས་བཅུ་ཙམ་ཕེབས་ནས་མཛད་འཕྲིན་བསྐྱངས་པའི་སྐོར་རྩོམ་སྒྲིག་བྱས་པ་རེད། དེབ་འདི་རྩོམ་སྒྲིག་བྱས་པའི་དགོས་དམིགས་གཙོ་བོ་ནི། ང་རང་ཨོ་གླིང་དུ་ཕྱིན་ནས་ལོ་ ༢༠ ཙམ་ཕྱིན་ཡོད་ཀྱང་། ༧གོང་ས་མཆོག་ཨོ་གླིང་དུ་ཕེབས་སྐབས་ང་ཚོས་མཇལ་ཁ་ཞུས་པར་ཕྱིན་པ་ལས། ༧མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་གང་དང་གང་སྐྱོང་གི་ཡོད་མེད་ཧ་གོ་ཡི་མེད་པ་རེད། དེར་བརྟེན་༧སྐུའི་གོ་སྟོན་དང་བསྟུན་༧གོང་ས་མཆོག་ཨོ་གླིང་དུ་ཕེབས་པའི་མཛད་རྣམ་ཞིག་ཕྱོགས་སྒྲིག་བྱས་ཏེ། སོ་སོར་ཕན་པ་མ་ཟད་མི་གཞན་ལའང་ཕན་ཐོགས་ཡོང་གི་རེད་བསམ་ནས་རྩོམ་སྒྲིག་བྱས་པ་ཡིན། དེབ་འདི་ཕྱོགས་སྒྲིག་བྱེད་པར་ལོ་གཉིས་ཙམ་འགོར་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།
དམར་པོའི་རླབས་ཀྱིས་བསྣུབས་པའི་ཕ་ས་ཞེས་པའི་དཔེ་དེབ་བརྩམས་པའི་དགོས་དམིགས་དང་འབྲེལ་ནས་རྩོམ་པ་པོ་སྟག་ལྷ་རྒྱལ་ལགས་ཀྱིས། ང་ཚོ་རང་དབང་ལུང་པར་ཡོད་པའི་མི་དེ་དག་ལ་འོས་འགན་ཞིག་ཡོད་ལ། འགན་འཁུར་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ལྷག་པར་དུ་ཕྱི་ལོ་ ༡༩༥༦ ནས་ ༡༩༦༢ བར་ལོ་དྲུག་རིང་རྒྱ་ནག་གིས་བོད་ནང་དམར་གསོད་བྱས་པའི་ལོ་རྒྱུས་ཡོད་ཀྱང་། རྒྱ་ནག་གིས་དམ་དྲག་ཤུགས་ཆེན་བྱས་པར་བརྟེན་ལོ་རྒྱུས་དེ་དག་མཐོང་རྒྱུ་མེད་པ་རེད། དེབ་འདིའི་ནང་ངའི་ལུང་པའི་སྐོར་གཅིག་པུ་ཡོད་པ་རེད། ལོ་རྒྱུས་དེ་དང་འདྲ་བ་མང་པོ་ཡོད་པར་བརྟེན། ང་ཚོས་ལོ་རྒྱུས་ཆ་ཚང་བ་འདོན་ཐུབ་ཚེ། མི་རིགས་རྗེས་མ་ཚོས་རྒྱ་ནག་གིས་བོད་ནང་བཙན་འཛུལ་ཇི་ལྟར་བྱས་ཡོད་པ་དང་། མི་རབས་སྔ་མ་དེ་དག་དཀའ་སྡུག་གང་དང་གང་མྱངས་ཡོད་པའི་ལོ་རྒྱུས་དེ་དག་ཤེས་རྟོགས་ཐུབ་པ་དང་བརྡ་སྤྲོད་ཐུབ་པ་དགོས་ཀྱི་རེད། དེ་མིན་བརྡ་སྤྲོད་མ་ཐུབ་ན་ང་ཚོའི་མི་རབས་འདིས་མ་འཇོན་པ་རེད། ཅེས་དང་། འདས་པའི་ལོ་གཉིས་ཀྱི་ནང་དུ་དེབ་འདི་བརྩམས་ཟིན་པ་དང་། དེབ་འདིའི་ནང་ནས་སྐྱ་མོ་དམར་མོའི་དམར་གསོད་སྐོར་གྱི་གནད་དོན་དེ་གལ་ཆེན་དང་གནད་འགག་ཅིག་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ད་ལན་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་འོག ༧གོང་ས་མཆོག་གི་མཛད་རྣམ་བོད་སྒྱུར་མ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་སྒྱུར་པ་པོ་ཆུང་ཚེ་རིང་ལགས་དང་། རྩོམ་པ་པོ་ཚེ་རིང་སྐྱིད་ལགས་ཀྱིས་བརྩམས་པའི་བར་དོ་བ། རྩོམ་པ་པོ་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་དབྱིན་ཡིག་དེབ་ (Our Wish-Fulfilling Gem Part II)། སྟག་ལྷ་རྒྱལ་ལགས་ཀྱིས་བརྩམས་པའི་དམར་པོའི་རླབས་ཀྱིས་བསྣུབས་པའི་ཕ་ས། རྩོམ་པ་པོ་བློ་བཟང་ལུང་རྟོགས་ལགས་དང་ཞོ་ར་བསྟན་པ་དར་རྒྱས་ལགས་ཀྱིས་རྩོམ་སྒྲིག་ཞུས་པའི་ཞི་བདེའི་འོད་སྣང་བཅས་དབུ་འབྱེད་གནང་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།